རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༤ཉིན་སྤེལ། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཕྱི་ཟླ༥པའི་ཚེས༣སྟེ། རྒྱལ་ སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་མཚོན་དོན་དུ་མཛད་སྒོ་སྟབས་བདེ་ ཞིག་རྷ་ཞོལ་རྒྱ་གར་དྷུ་ལ་དྷར་གསོལ་ཁང་དུ་བཀོད་སྒྲིག་གནང་ཡོད་ཅིང༌། ཐེངས་འདིའི་མཛད་སྒོའི་ཐོག་རྒྱལ་སྤྱིའི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང༌། ལྷག་ དོན་བོད་ནང་དུ་གསར་འགྱུར་ལས་རིགས་ཐད་བཀག་སྡོམ་དམ་དྲག་སོགས་ཀྱི་དཀའ་ཉེན་མང་ པོ་འཕྲད་ཀྱིན་ཡོད་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།

ཐེངས་ འདིའི་ཚོགས་ཐོག་ཏུ་བཙོན་བྱོལ་བོད་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོགས་པ་ སྐྱིད་སྡུག་ཁོངས་ནས་མི་སྣ་ཁག་ཅིག་གཙོས་པའི་དྷ་རམ་ས་ལའི་རྒྱ་གར་ས་གནས་གསར་ འགོད་པ་དང༌། གསར་ཁང་འདྲ་མིན་ནས་ཡིན་པའི་བོད་མི་གསར་འགོད་པ་དང་འབྲེལ་མཐུད་པ་བཅས་ཁྱོན་བསྡོམས་མི༥༠ལྷག་ཚོགས་བཅར་གནང་ཡོད་པ་རེད།

མཉམ་ སྦྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དོན་ཚན༡༩པའི་ནང་གསར་འགོད་རང་དབང་ ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་ཞེས་གསལ་འདེབས་གནང་ཡོད་ཀྱང། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་སྙན་ཐོ་ཁག་ཏུ། ཕྱི་ལོ༢༠༠༨ལོ་ནས་ད་བར་འཛམ་གླིང་གི་གསར་འགོད་པ་༨༨༩ལྷག་འཛིན་བཟུང་བཀག་ཉར་དང༌། གསར་འགོད་པ༧༩ལྷག་དམར་གསོད་བྱས་ཡོད་འདུག་ལ། དེ་ཡང་རྒྱ་ནག་ནི་འཛམ་གླིང་ཐོག་གསར་འགོད་རང་དབང་རྡོག་རོལ་ཚབས་ཆེན་གཏོང་མཁན་གྱི་རྒྱལ་ཁབ་ཆེས་ཐ་ཤལ་ཞིག་ཡིན་པ་གསལ་འཁོད་གནང་ཡོད་འདུག

ཚོགས་ཐོག་ཏུ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཏམ་བཤད་སྤེལ་དོན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་གཞུང་གིས་བོད་ནང་དུ་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་ཡོད་རབས་བཤད་ཀྱིན་ཡོད་ཀྱང༌། དོན་དངོས་ཐོག་བོད་ནང་གི་གསར་འགོད་པ་ཚོ་དྲག་གནོན་དང་འཇིགས་སྣང་འོག་གནས་ཡོད་པ་རེད། གལ་ ཏེ་བོད་ནང་དུ་དཔལ་འབྱོར་སོགས་ཡར་རྒྱས་ཆེན་པོ་ཡོད་པ་དངོས་བདེན་ཡིན་ན་རྒྱལ་ སྤྱིའི་གསར་འགོད་པ་རྣམས་བོད་ནང་དུ་རང་དབང་གིས་བསྐྱོད་དུ་འཇུག་པར་རྒྱ་གཞུང་ ལ་རེ་སྐུལ་གང་མང་ཞུས་ཡོད་ཀྱང། ད་ལྟ་བར་དུ་རྒྱ་ཕྱོགས་ནས་ཨ་ལན་ཅི་ཡང་སྤྲད་མ་སོང་ཞེས་འགྲེལ་བརྗོད་གནང་སོང༌།

དྷ་རམ་ས་ལའི་རྒྱ་གར་ས་གནས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཞོན་སུ་ར་ཤི་ཁ་ཊ་ལགས་ཀྱིས། གསར་འགོད་ནི་མང་གཙོའི་ཀ་བ་བཞི་པ་དེ་ཆགས་ཡོད་པར་བརྟེན། རྒྱ་གར་དང་བོད། ཕྱི་རྒྱལ་གསར་འགོད་པ་ཚོས་མཉམ་རུབ་དང་འབྲེལ་ཐག་ཡག་པའི་སྒོ་ནས་སྤྱི་ཚོགས་ཞབས་ཞུ་རླབས་ཆེན་སྒྲུབ་དགོས་ཚུལ་གྱི་གསུང་བཤད་གནང་ཞིང༌། གཞན་ ཡང་བྱང་ཀོ་རི་ཡ་དང་ཨེ་རན་ནང་གསང་ཉུལ་བ་དང་ཉེས་ཅན་གྱི་ཉེས་འཛུགས་འོག་འཛིན་ བཟུང་བཀག་ཉར་བྱས་ཡོད་པའི་བུད་མེད་གསར་འགོད་པ་སེ་བྷེ་རེ་དང༌། ལིས། ལིངས་བཅས་ནི་གསར་འགྱུར་ལས་རིགས་ཀྱི་ཆེད་ལས་དོན་གཉེར་བ་ཡིན་ཞིང༌། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གྱིས་ཁོ་མོ་གསུམ་འཛིན་བཟུང་བྱས་པ་འདིས། རྒྱལ་ ཁབ་དེ་གཉིས་ནང་གི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་གི་གནས་སྟངས་ཧ་ཅང་ ཉེན་ཚབས་ཅན་དུ་གྱུར་ཡོད་པར་གསར་འགོད་པ་ཡོངས་བློ་འཚབ་ཡོད་པའི་གཏམ་གླེང་གནང་ བྱུང༌།

བོད་ ཀྱི་གསར་འགོད་པའི་ལྷན་ཚོགས་ཀྱི་ཚོགས་མི༤༠ཡིས་འབྱུང་འགྱུར་ནང་མཐུན་སྒྲིལ་དམ་ ཟབ་དང་ཟློག་རྩ་གཅིག་སྒྲིལ་གྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཐད་དང༌། ནང་དགོས་སུ་བོད་ནང་ཀྱི་གསར་འགོད་རང་དབང་ཐད་ཕྱག་ལས་མཉམ་གནང་བྱེད་རྒྱུའི་སྐོར་གོ་བསྡུར་ལྷུག་པོ་བྱུང་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།