མཁལ་མ་ཐེངས་གཉིས་བཤའ་བཅོས་བྱས་པ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༨ཉིན། དུས་ཡུན་རིང་པོར་ནད་ཀྱིས་མནར་བཞིན་པའི་རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཚ་བ་ཁང་ཚན་གྱི་གྲྭ་བློ་གྲོས་བྱམས་པ་ལགས། སྨན་བཅོས་ཆེད་དྷ་རམ་ས་ལར་ཡོང་ནས་མཁལ་མ་ཐེངས་གཉིས་བཤའ་བཅོས་བྱེད་དགོས་བྱུང་འདུག་ལ།  ད་ལྟའང་ནད་གཞི་ཡག་པོ་དྲག་སྐྱེད་བྱུང་མེད་ཁར། གཅིག་ནི་འགྲོ་སོང་ཆེ་བ་དང༌ཡོང་སྒོ་དང་དམིགས་བསལ་ལྟ་རྟོགས་གནང་མཁན་གྱི་སྤུན་མཆེད་གང་ཡང་མེད་པའི་གྲྭ་རྐྱང་དེ། ད་ཆ་དྷ་སའི་སྦག་སུའི་ལམ་འོག་ཁང་གླ་ཅུང་ཆུང་བའི་གྲོང་གསེབ་ཁུག་ཀྱོག་ཅིག་ཏུ་ཉིན་ལྟར་ཡིད་མུག་པའི་འཚོ་བ་ཞིག་སྐྱེལ་ནས་བསྡད་འདུག

གྲྭ་བློ་གྲོས་བྱམས་པ་ལགས་ནི་འདི་ལོར་ལོ་ན།  ༢༩ ཙམ་རེད་འདུག་ལ། ཕྱི་ལོ་ ༢༠༠༥ ལོར་སློབ་གཉེར་ཆེད་རྒྱ་གར་དུ་ཡོང་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ནང་ཆོས་སྒོར་ཞུགས། འོན་ཀྱང་སྔོན་མ་ཕ་ཡུལ་ནས་ཕོ་བའི་ན་ཚ་ཡིན་ནམ་སྙམ་པའི་ནད་ངོས་མ་ཟིན་པའི་ནད་གཞི་ཞིག་གིས་མནར་བཞིན་ཡོད་མོད། རྒྱ་གར་དུ་འབྱོར་རྗེས་ནད་གཞི་ཇེ་སྡུག་ཏུ་ཕྱིན་ནས་འདས་པའི་ལོ་ངོ་དུ་མའི་རིང་སྨན་པར་བསྟེན་གཏུགས་དང༌། བོད་སྨན་སོགས་མང་པོ་བཟོས་ཀྱང་དྲག་སྐྱེད་གང་ཡང་མ་བྱུང་སྟབས། ན་ནི་དགུན་ཁར་དྷ་རམ་ས་ལར་ཡོང་ནས་སླར་ཡང་སྨན་པ་མང་པོ་ཞིག་ལ་བསྟེན་གཏུགས་དང་བརྟག་དཔྱད་བྱས་མཐར། མཁལ་མའི་ནང་རྡོ་མང་པོ་ཞིག་ཆགས་ཡོད་པ་ཤེས་རྟོགས་བྱུང་ནས་མཁལ་མ་ཐེངས་གཉིས་བཤའ་བཅོས་བྱེད་དགོས་བྱུང་འདུག

མཁལ་མ་བཤའ་བཅོས་ཆེད་སྨན་རིང་ཆ་ཚང་ Tibet Charity བོད་ཀྱི་བདེ་རྩ་ནས་གཏོང་མུས་ཡིན་ཡང༌། དྷ་རམ་ས་ལར་ཁང་གླ་དང་འགོ་སོང་ཆེ་བ་དང༌། གཞན་ཡང་ཡར་མར་འགྲོ་བར་མོ་ཊ་གླ་ཆ་སོགས་ཀྱིས་རྐྱེན་པས། མི་གཞན་གྱི་ས་ནས་སྒོར་མོ་ཁྲི་འགའ་ཤས་གཡར་དགོས་བྱུང་འདུག་ལ། ད་ཆ་ནད་གཞི་ཅུང་དྲག་སྐྱེད་བྱུང་འདུག་ཀྱང༌། ནད་པ་དང་ཡོང་སྒོ་གང་ཡང་མེད་པའི་གྲྭ་རྐྱང་ཞིག་གི་ངོས་ནས་བུ་ལོན་དེ་དག་ཇི་ལྟར་གསབ་དགོས་མིན་གྱི་སེམས་ཁྲལ་དང༌། ལུས་ཟུང་གསོ་བའི་ཁ་ལག་ཡག་པོ་ཞིག་བཟའ་རྒྱུ་མེད་ཁར་ལུས་པོ་གཟུགས་གཅོང་དུ་ཆགས་ཡོད་པའི་ནད་པ་དེར་ད་ལྟ་ཡང་བཟའ་རྒྱུ་དང་འཐུང་རྒྱུ་ཚུན་པའི་འཚོ་བའི་དཀའ་ངལ་ཆེན་པོ་ཞིག་ཕྲད་དང་འཕྲད་བཞིན་པ་རེད་འདུག

འདི་གའི་གསར་འགོད་པས་ཆེད་དུ་ཁོང་གི་ལོ་རྒྱུས་དང༌། ནད་གཞིའི་བརྒྱུད་རིམ་བཅས་བཅར་འདྲི་བྱས་སྟབས། ཁོང་གིས་ལོ་རྒྱུས་ཆ་ཚང་འགྲེལ་བརྗོད་གནང་དོན། གུས་པའི་མིང་ལ་བློ་གྲོས་བྱམས་པ་ཟེར། ལོ་ན་༢༩ཡིན། གུས་པའི་ཕ་ཡུལ་ཚ་བ་མཛོ་སྒང་རྫོང་ནས་ཡིན། གུས་པ་རྒྱ་གར་དུ་མ་ཡོང་གོང་ནས་གྲྭ་པ་ཡིན། གུས་པར་རང་ལོ་༡༣ཐོག་མཛོ་དགོན་གསང་སྔགས་ཐེག་ཆེན་གླིང་དུ་ཆོས་སྒོར་ཞུགས་པ་ཡིན། ཕྱི་ལོ་༢༠༠༥ལོར་རྒྱ་གར་དུ་ཡོང་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་སློབ་གཉེར་བྱེད་པར་ཕྱིན་པ་ཡིན།

སྤྱིར་ངོས་རང་ཕ་ཡུལ་དུ་ཡོད་པའི་སྐབས་སུ་ཕོ་བའི་ན་ཚ་ཕོག་ནས། ཆབ་མདོ་རི་ཐོག་ཁུལ་དུ་བོད་སྨན་བཟས་ནས་ཟླ་བ་གཉིས་ལྷག་ཙམ་བསྡད་ཀྱང་ཕན་ཐོགས་གང་ཡང་མ་བྱུང༌། དེ་རྗེས་ལྷ་སར་ཡོང་རྗེས་ལོ་༣ལྷག་ཙམ་རིང་བོད་སྨན་བསྟེན་གཏུགས་བྱས་ཀྱང་ཕན་ཐོགས་གང་ཡང་མ་བྱུང༌། ཕྱི་ལོ་༢༠༠༥ལོར་གུས་པར་རྒྱ་གར་དུ་ཡོང་སྐབས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་རྗེས་ནད་གཞི་ཇེ་སྡུག་ཏུ་ཕྱིན་ནས་བལ་ཡུལ་སྣེ་ལེན་ཁང་དུ་ཟླ་བ་གཉིས་ཙམ་སྡོད་རིང་བོད་སྨན་རྐྱང་པ་བཟས་ཀྱང་ནད་དང་ཏག་ཏག་མ་འཕྲོད་པའི་རྐྱེན་གྱིས་དྲག་སྐྱེད་གང་ཡང་མ་བྱུང༌།

བཞུགས་སྒར་དྷ་རམ་ས་ལར་འབྱོར་རྗེས་གུས་པར་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ཕྱིན་པ་ཡིན། འོན་ཀྱང་ལྷོ་ཕྱོགས་དགོན་པའི་ནང་སྡོད་རིང་རྒྱུན་དུ་ནས་སྨན་བཟའ་དགོས་ཀྱི་ཡོད་ལ། རྒྱ་གར་གྱི་སྨན་པ་དེ་ཚོའི་སར་བཅར་ནས་ཁྲག་བརྟག་དཔྱད་དང༌། ཁོང་ཚོས་ཁའི་ནང་ནས་སྦུག་གུ་བཅུག་ནས་བརྟག་དཔྱད་བྱས་ཀྱང་ནད་རྟགས་གང་ཡང་ངོས་མ་ཟིན།

ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༡༠པའི་ནང་གྲྭ་ཚང་དང་ཁང་ཚན་གཉིས་ཀའི་དྲུང་ནས་དགོངས་པ་ཞུས་ཏེ་དྷ་རམ་ས་ལར་ཆེད་དུ་སྨན་པར་བསྟེན་གཏུགས་བྱེད་པར་ཡོང་བ་ཡིན། ངོས་ནི་གྲྭ་པ་གྲྭ་རྐྱང་ཞིག་ཡིན་ཁར་རྒྱུན་དུ་ནས་སྨན་བཟའ་དགོས་ཀྱི་ཡོད་པས་འགྲོ་གྲོན་གཏོང་རྒྱུ་དེ་འདྲ་གང་ཡང་མེད་སྟབས། ཁང་ཚན་ནས་ཧིན་སྒོར་ ༢༠༠༠༠ གཡར་པོ་ཞུས་པ་ཡིན།

དྷ་རམ་ས་ལར་འབྱོར་ནས་ཐོག་མར་དྷ་ས་སྨན་རྩིས་ཡན་ལག་ཁང་གི་ཨེམ་རྗེ་ཚེ་རིང་མཚོ་མོ་ལགས་སུ་ཟླ་བ་༤ཙམ་གྱི་རིང་བསྟེན་གཏུགས་དང་བོད་སྨན་བཟས་ཀྱང་དྲག་སྐྱེད་གང་ཡང་མི་འདུག་སྟབས། དྷ་ས་ཨེམ་རྗེ་ཡེ་ཤེས་དོན་ལྡན་ལགས་སུ་ཟླ་བ་༣ལྷག་ཙམ་རིང་བསྟེན་གཏུགས་དང་བོད་སྨན་བཟས་ཀྱང་འགྱུར་བ་གང་ཡང་མི་འདུག དེ་རྗེས་བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཕྱིན་པ་ཡིན། བདེ་ལེགས་སྨན་ཁང་ནས་གློག་པར་བརྒྱབ་པ་དང་ཁྲག་སོགས་བརྟག་དཔྱད་བྱས་རྗེས་ཁོང་ཚོས་ཁྱེད་རང་གི་ན་ཚ་དེ་ཕོ་བ་གཅིག་པུ་ཡིན་ས་མ་རེད། མཁལ་མའི་ཁྲག་སྐྱོ་པོ་ཆགས་འདུག་པས་ཡང་བསྐྱར་མཁལ་མར་པར་རྒྱག་དགོས་ཀྱི་འདུག་ཅེས་གསུངས་བྱུང༌། དེ་ཕྲལ་མཁལ་མར་པར་རྒྱག་སྐབས་ཁོང་ཚོས་ཁྱེད་ཀྱི་མཁལ་མ་གཉིས་ཀའི་ནང་རྡོ་ཆེན་པོ་འདུག ངེས་པར་དུ་རྒྱ་གར་གྱི་སྨན་ཁང་ཆེ་བ་ཞིག་གི་ནང་བརྟག་དཔྱད་བྱེད་པར་སོང་ཞེས་གསུངས་བྱུང༌།

དེ་ནས་ Tibet Charity བོད་ཀྱི་བདེ་རྩའི་རོགས་རམ་འོག རྒྱ་གར་གྱི་ཀང་རའི་ TANDA ཊན་ཌ་སྨན་ཁང་དུ་ཕྱིན་ནས་ཁྲག་བརྟག་དཔྱད་དང་གློག་པར་བརྒྱབ་པ་ཡིན། ཊན་ཌ་སྨན་ཁང་ནས་ཁྱེད་ཀྱི་མཁལ་མ་གཉིས་ཀའི་ནང་རྡོ་ཆེན་པོ་འདུག་པས་ངེས་པར་དུ་བཤག་བཅོས་བྱེད་དགོས་ཀྱི་འདུག བཤག་བཅོས་བྱས་པ་ཡིན་ནའང་རྡོ་ཆེ་བ་ཡོད་སའི་མཁལ་མ་དེ་ཕན་ཐོགས་མིན་ཤེས་ཀྱི་མི་འདུག ཁྱེད་རང་ཕྱི་ཟླ་༡༠པའི་ནང་ཡང་བསྐྱར་འདིར་བཤའ་བཅོས་བྱེད་པར་ཤོག་གཞན་ཐབས་ཤེས་ཡོད་པ་མ་རེད་ཅེས་གསུངས་བྱུང༌།

ཡར་དྷ་སར་ཡོང་ནས་བདེ་ལེགས་སྨན་ཁང་གི་ Dr.Tseten la ཌོ་ཊར་ཚེ་བརྟན་ལགས་སུ་ཊན་ཌ་སྨན་ཁང་གི་བརྟག་དཔྱད་བྱས་པའི་མཇུག་འབྲས་དང་གནས་ཚུལ་ཞུས་པས། ཁོང་གིས་ཊན་ཌ་སྨན་ཁང་ནང་བཤག་བཅོས་བྱ་རྒྱུ་དེ་ཉེན་ཁ་ཆེན་པོ་རེད། དེ་ལས་ཅན་དྷི་གྷར་མཁལ་མའི་སྨན་ཁང་ཞིག་ཡོད་པ་རེད་དེ་རུ་སོང་དང༌ངས་འབྲེལ་བ་བྱེད་ཆོག་ཅེས་གསུངས་བྱུང༌། ཉིན་འགའ་ཤས་རྗེས་ཌོ་ཊར་ཚེ་བརྟན་ལགས་ཀྱིས་ཁྱེད་རང་ཤོག་དང་ང་ཡང་ཅན་དྷི་གྷར་འགྲོ་རྒྱུ་ཡིན་པས། ངོས་ཀྱིས་སྨན་པ་དེར་བཤའ་བཅོས་ཀྱི་རིན་གོང་མར་བཅགས་རོགས་ལབ་ཆོག་ཅེས་གསུངས་བྱུང༌། མ་ཚད་ཁོང་གིས་དྷ་སར་ཡོད་པའི་ Tibet Charity བོད་ཀྱི་བདེ་རྩར་སྤྲད་རྒྱུའི་ཕྱག་ཡིག་ཅིག་གནང་བྱུང༌། ཕྱག་ཡིག་དེའི་ནང་སྐུ་ཞབས་བློ་གྲོས་བྱམས་པའི་མཁལ་མའི་ནང་རྡོ་སླེབས་ནས་བཤའ་བཅོས་བྱེད་དགོས་ཁར། ཁོང་ནི་དཔལ་འབྱོར་གྱི་མཐུན་རྐྱེན་གང་ཡང་མེད་པའི་གྲྭ་པ་གྲྭ་རྐྱང་ཞིག་དང༌། འདི་རུ་སྤུན་མཆེད་སོགས་དམིགས་བསལ་ལྟ་རྟོག་གནང་མཁན་སུ་ཡང་མི་འདུག་པས། ཁྱེད་ཚོའི་བདེ་རྩ་ནས་སྨན་རིན་ཐད་རོགས་རམ་གནང་ཐབས་དང༌། ཅན་དྷི་གྷར་རྒྱ་གར་གྱི་མཁལ་མ་བཤའ་བཅོས་སྨན་ཁང་ནས་བརྒྱ་ཆ་ལྔ་བཅུ་མར་བཅགས་རོགས་ཞེས་ཞུས་ཡོད་ཅེས་བྲིས་གནང་འདུག

དེ་ནས་ངོས་རང་ Tibet Charity ནང་ཕྱིན་ནས་ངོས་ནི་གང་ཡང་མེད་པའི་གྲྭ་པ་གྲྭ་རྐྱང་ཞིག་ཡིན། སྨན་རིན་དེ་ཚོ་ཅི་ནས་ཀྱང་རོགས་རམ་གནང་རོགས་ཞེས་རེ་སྐུལ་ཞུས་པས་ཁོང་ཚོས་ཞལ་བཞེས་གནང་བྱུང༌། ཐོག་མར་ Tibet Charity ནས་ས་གནས་ཀྱི་རྒྱབ་གཉེར་འཁྱེར་ཤོག་ཅེས་གསུངས་བྱུང་ཡང་དེ་འདྲ་རག་ཐབས་མ་བྱུང༌། དེ་ནས་གྲྭ་ཚང་གི་རྒྱབ་གཉེར་ཞིག་རག་ཐབས་བྱས་པ་ཡིན།

ཅན་དྷི་གྷར་འགྲོ་བར་ངོས་ནི་རྒྱ་གར་གྱི་སྐད་གང་ཡང་ཤེས་ཀྱི་མེད་པས། ནད་གཡོག་ཞིག་དགོས་ཀྱི་ཡོད་ཀྱང་ལམ་སེང་མ་རག་པས་ཡར་མར་འབྲེལ་བ་བྱས་དུས། འཛིན་གྲྭ་གཅིག་པ་ཐུབ་བསྟན་ཚོགས་དྲུག་ལགས་ཀྱིས་ཉིན་༣རིང་ནད་གཡོག་རོགས་པ་བྱས་བྱུང༌། དེ་རྗེས་བསྟན་འཛིན་དགེ་ལེགས་ལགས་ཀྱིས་བདུན་ཕྲག་གཅིག་ཙམ་རིང་ནད་གཡོག་གནང་བྱུང༌། སྐབས་དེར་བཤའ་བཅོས་ཐེངས་དང་པོ་བྱས་པ་ཡིན། ཡར་བསྐྱར་ཕྱི་ཟླ་༩པའི་ཚེས་༧ཉིན་བཤའ་བཅོས་ཐེངས་གཉིས་པ་དེ་བྱེད་པར་ཕྱིན། སྐབས་དེར་ཚེ་རིང་བསྟན་འཛིན་ལགས་ནད་གཡོག་ཏུ་འགྲོ་རོགས་བྱས་བྱུང༌། བཤའ་བཅོས་བྱེད་པར་ཐེངས་གཉིས་འགྲོ་དགོས་དོན་ནི། སྨན་པས་གཅིག་ནི་ཁྱེད་ཀྱི་མཁལ་མའི་ནང་རྡོ་ཆེན་པོ་རེད་འདུག་ལ། མ་ཚད་གཟུགས་པོ་ཧ་ཅང་སྐྱོ་པོ་རེད་འདུག་པས་མཁལ་མའི་ནང་རྡོ་ཚང་མ་ཐེངས་གཅིག་གི་ཐོག་གཏོན་ན་མཁལ་མ་འཕྲོ་བརླག་འགྲོ་རྒྱུ་རེད་དེ་ལས་ཉིན་༤རིང་ངལ་གསོ་རྒྱག་དགོས་ཀྱི་འདུག་ཅེས་གསུངས་བྱུང༌།

Tibet Charity བོད་ཀྱི་བདེ་རྩས་སྤྱིར་ང་ཚོའི་སྒྲིག་གཞི་ལྟར་ནད་པ་རེར་སྨན་རིན་ཧིན་སྒོར་ ༣༥༠༠༠ ལས་གཏོང་ཆོག་གི་མ་རེད་ཅེས་གསུངས་བྱུང་ཡང༌། ངོས་ནི་གང་ཡང་མེད་པའི་གྲྭ་པ་གྲྭ་རྐྱང་ཞིག་ཡིན་པས་སྨན་རིན་ཆ་ཚང་གནང་རོགས་ཞེས་ལག་པའི་མཐེ་བོང་གཉིས་ཀ་བསྒྲེངས་ནས་སྐུ་མཁྱེན་ཁ་དྲོ་བཀྲ་ཤིས་ཞེས་ཞུ་བ་བརྒྱབ་པས་ཁོང་ཚོས་བཤའ་བཅོས་ཀྱི་སྨན་རིན་ཆ་ཚང་གནང་རྒྱུའི་ཞལ་བཞེས་གནང་བྱུང་།

མ་ཚད་ Tibet Charity བོད་ཀྱི་བདེ་རྩའི་ལས་བྱེད་ཐེངས་༣ཙམ་ངོས་ཀྱི་སྡོད་སར་གནས་ཚུལ་རྟོག་ཞིབ་བྱེད་པར་སླེབས་བྱུང་བ་དང༌། ཁོང་ཚོས་ངོས་ནི་དེ་འདྲའི་ཉམ་ཐག་ཅིག་ཡིན་པ་ཤེས་རྟོགས་བྱུང་ནས་ཐེངས་རྗེས་མར་དྷ་ས་བདེ་དོན་འགན་འཛིན་མཆོག་ཁྲིད་ནས་སླེབས་བྱུང༌། ངོས་ཀྱི་སྡོད་སར་ལྟ་བར་ཡོང་སྐབས་ཁོང་ཚོས་ཁྱེད་རང་ལ་ཐབས་ཆས་ཆ་ཚང་ཞིག་ཀྱང་མི་འདུག་པས་ཁ་ལག་གང་འདྲ་བྱེད་ནས་བཟོ་བཞིན་ཡོད་ཅེས་གསུངས་བྱུང་བས། ཁོང་ཀྱིས་རྒྱུན་དུ་རྩམ་པ་དང་འབྲས་ཐུག་ལས་གཞན་བཟའ་རྒྱུ་མེད་པས་ཐབ་ཆས་ཁ་ཤས་ཀྱིས་འགྲིག་གི་འདུག་ཅེས་ཞུས་པ་ཡིན།

ཡང་ཁོང་ཚོས་ཁྱེད་རང་གི་ན་ཚ་ཚབས་ཆེན་པོ་ཡིན་པས་སྔོ་ཚལ་དེ་འདྲ་ཉོས་ནས་ཁ་ལག་ཡག་པོ་བཟོ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་བྱུང༌ཡང་། ངོས་ཀྱིས་ཁ་ལག་དེ་འདྲ་བཟོ་བར་ཙོང་དང་ཀྲོ་མ་ཀྲོ། དེ་བཞིན་སྣུམ་དེ་ཚོ་ཡང་ཉོ་རྒྱུར་དཀའ་ངལ་འདུག དེ་ལས་ཉིན་ལྟར་རྩམ་པ་དང་འབྲས་ཐུག་འཐུང་ནས་བསྡད་ཡོད་ཅེས་ཞུས་པ་ཡིན། དེ་ནས་ཁོང་ཚོས་ངོས་ཀྱི་སྡོད་ས་ཚང་མར་ཞིབ་བལྟ་ཞིག་བྱས་རྗེས། ངོས་ནི་དོན་དངོས་ཀྱི་དཀའ་ངལ་ཅན་དང་ཉམ་ཐག་ཅིག་ཡིན་པ་ཤེས་རྟོགས་བྱུང་ནས། རྩམ་པ་དང་། འོ་མ། ཤིང་ཏོག་རིགས་མང་པོ་ཞིག་སྤྲད་བྱུང༌། ངོས་རང་ཡང་བསྐྱར་ཅན་དྷི་གྷར་སླར་ཡར་བརྟག་དཔྱད་བྱེད་པར་འགྲོ་དགོས་ཀྱི་ཡོད།

བཤའ་བཅོས་ཀྱི་སྨན་རིན་དེ་ཚོ་ Tibet Charity བོད་ཀྱི་བདེ་རྩ་ནས་གཏོང་གིན་ཡོད་ཀྱང༌། རྒྱུན་དུ་ཡར་མར་འགྲོ་བའི་མོ་ཊ་གླ་ཆ་དང༌། ཟས་སོང་བཅས་ཀྱི་ཆེད་སླར་ཡང་དགེ་བཤེས་བློ་བཟང་བསྟན་པ་ལགས་སུ་ཧིན་སྒོར་༡༥༠༠༠གཡར་བ་ཡིན། ད་ཆ་ན་ཚ་ངོས་ཟིན་ནས་བཤའ་བཅོས་དེ་ཚོ་ཡག་པོ་བྱུང་ཡང༌། མི་གཞན་ལ་བུ་ལོན་མང་པོ་ཞིག་ཆགས་སོང་བས། གཅིག་ནི་ངོས་རང་ནད་པ་ཡིན་ཁར་གྲྭ་པ་གྲྭ་རྐྱང་ཞིག་གིས་བུན་ལོན་དེ་ཚོར་ཕྱིར་ཇི་ལྟར་བྱེད་ནས་སྤྲོད་དགོས་མིན་ཐད་སེམས་ཁྲལ་ཆེན་པོ་འདུག ད་ཆ་འདིར་སྡོད་པར་ཁང་གླ་དང་བཟའ་རྒྱུ་དང་འཐུང་རྒྱུ་ཚུན་ལའང་དཀའ་ངལ་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་བྱུང༌། ཁོང་ཉིད་ཀྱི་འབྲེལ་གཏུགས་ཁ་པར་ནི། 9882868352 རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (7)
7 ༡༥༢༠༡༡༡༡༠༠
འབྲོག་མོ།
གྲོགས་པདྨ་རྡོ་རྗེ་ལགས་ཀྱིས་ཧིན་སྒོར་༡༠༠༠གི་ཞལ་འདེབས་གནང་བར་ངེད་ཤམ་བྷ་ལའི་ལས་བྱེད་ཡོངས་ཀྱིས་ཁོང་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
6 ༡༠༢༠༡༡༡༠༥༢
གྲྭ་རྐྱང་འདི་ཁ་ཡོད་ལག་ཡོད་ཀྱི་ཉམས་ཐག་ཅིག་རེད་འདུག ངས་ཀྱང་ཧིན་སྒོར་ཉིས་སྟོང་ཞིག་ཞལ་འདེབས་ཡོད་ཞུས་པ་ཡིན། ཤམ་བྷ་ལའི་ཕོ་ཉའི་ལས་བྱེད་པ་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་བཞིན་གསར་ཁང་ཁག་སོགས་ནས་འདི་རིགས་ལ་དོ་སྣང་དང་ཐུགས་ཁུར་མང་ཙམ་གནང་རོགས་ཞུ་རྒྱུ་ཡིན།
5 ༡༠༢༠༡༡༠༩༣༤
དྲ་རྒྱ་དོ་དམ་པ།
གྲོགས་ཀུན་གསལ་ཟླ་བ་ལགས། ཁྱེད་ཀྱིས་ནད་པ་དེར་ཨ་སྒོར་༡༠༠ཞལ་འདེབས་གནང་རྒྱུ་ཡིན་གསུངས་འདུག་སྟབས། ངེད་ཤམ་བྷ་ལའི་ཕོ་ཉས་སྐུ་ཞབས་ནད་པ་དེའི་ཚབ་ཞུས་ནས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
tibet charity དང་ཀུན་གསལ་ཟླ་བ་བཅས་ལ་སྙིང་ནས་བཀྲིན་ཆེ་ཞེས་ཞུ་བ་འདོད། ན་ན་ན་སྟེ་ན་བའི་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། །སྒྲིབ་གཉིས་སྦྱང་བའི་ཆེད་དུ་ཡིན། །ན་བ་མེད་ན་མེད་སྟེ་དགའ། །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །མི་ལུས་དོན་ཅན་བྱེད་པ་ཡང་། །སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །
3 ༠༩༢༠༡༡༡༡༢༦
འབྲོག་མོ།
ཀུན་གསལ་ཟླ་བ་ལགས། ཁྱེད་ཀྱིས་འདི་ཙམ་མ་ཡིན་པར་ཐེངས་དུ་མར་ཉམ་ཐག་ཚོར་རོགས་སྐྱོར་དང་སེམས་གསོ་གང་མང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དང་། ང་ཚོས་ཁྱེད་དང་ཁྱེད་འདྲ་བའི་ཕྱི་གླིང་གི་རང་རེའི་སྤུན་ཟླ་ཚོས་ཕྱག་ཟུང་རིང་དུ་བརྐྱང་ཐུབ་པའི་སྨོན་ལམ་འདེབས་ཀྱིན་ཡོད།
2 ༠༩༢༠༡༡༠༨༣༣
ཨ་རོགས་་་་ཀུན་གསལ་ཟླ་བ་ལགས། ཁྱོད་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྤྱི་ཁྱབ་རྒན་བདག་བྱེད་མཁན་གྱི་ཀུན་གསལ་ཟླ་བ་དེ་ཨེ་ཡིན། ཡིན་ཤས་ཆེ། དེ་ཡིན་ན་བཀྲིས་བདེ་ལེགས་ཞུ་ཡ་ཡིན་ད། ངའི་ཁ་པར་ཨང་གྲངས་འདིར་ཡོད།( ༩༨༨༢༣༡༧༩༡༥ ) གཞན་དམིགས་བསལ་གང་ཡང་བརྗོད་རྒྱུ་མེད། བཀྲིས་བདེ་ལེགས།
1 ༠༩༢༠༡༡༠༧༢༦
གྲྭ་བློ་གྲོས་བྱམས་པ་ལགས། ཐུགས་མ་ཕམ་དང་། བོད་པ་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པས། ཁ་ཙམ་མིན་པ་དོན་གྱི་སྙིང་རྗེ་ཅན་ཡོད་སྲིད། བོད་ཀྱི་གཏམ་དཔེར། ངན་པས་བྱ་བ་སྔ་ན་བཟང་པོའི་བློ་སྒོ་འབྱེད་ཟེར་བ་བཞིན། གུས་པ་ལ་ཆེན་པོ་མི་འདུག་ཀྱང་བསམ་པའི་ཆེད་དུ་ཨ་སྒོར་བརྒྱ་འབུལ་ཐུབ་པ་བྱེད་འོང་། ད་དུང་བཏང་ཕོད་ཅན་མང་པོ་ཡོད་ངེས་པས་ཕེབས་པར་དགའ་བསུ་དང་བཀའ་དྲིན་ཆེ་སྙིང་ནས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།