༧གོང་ས་མཆོག་གི་ཉི་ཧོང་ནང་གི་མཛད་འཆར་ལེགས་པར་གྲུབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༨ཉིན། ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཟའོ་ཨ་བྷེ་ལགས་དང་གྲོས་ཚོགས་ཀྱི་ཚོགས་མིས་དབུ་མའི་ལམ་ལ་བརྟེན་ནས་བོད་དོན་ཐག་གཅོད་ཡོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་གི་ཡིན་ཞེས་བརྗོད་ཡོད་འདུག

ཐེངས་འདིར་༧མགོན་པོ་གང་ཉིད་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཟའོ་ཨ་བྷེ་མཆོག་དང་གྲོས་ཚོགས་ཀྱི་ཚོགས་མི། དེ་བཞིན་ཚོགས་པ་ཁག་གི་འཐུས་མི་བཅས་ལ་མཇལ་མོལ་གནང་ཡོད་ལ། སྐབས་དེར་སྲིད་བློན་ཟུར་པ་མཆོག་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཐེབས་ཁུལ་དུ་དངོས་སུ་ཆིབས་བསྒྱུར་བསྐྱངས་སྟེ་མི་མང་ལ་བཀའ་སློབ་ལམ་སྟོན་གནང་བར་ཐུགས་རྗེ་བཀའ་དྲིན་ཞུས་ཡོད་པ་དང་། དེ་བཞིན་ཉི་ཧོང་གྲོས་ཚོགས་ནས་༧གོང་ས་མཆོག་གི་དགོངས་བཞེས་ལྟར་བོད་དོན་དབུ་མའི་ལམ་ལ་བརྟེན་ནས་ཐག་གཅོད་ཡོང་བར་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ལུགས་སོགས་བརྗོད་ཡོད་འདུག

དེ་རྗེས་༧གོང་ས་མཆོག་ཉི་ཧོང་གི་རླུང་འཕྲིན་དང་བརྙན་འཕྲིན་ཁང་། དེ་བཞིན་ཚགས་པར་དང་དུས་དེབ་སོགས་ཀྱི་གསར་འགོད་པ་༨༠ལྷག་འདུ་འཛོམས་གནང་ཡོད་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཡང་ཆིབས་བསྒྱུར་བསྐྱངས་སྟེ་བཀའ་སློབ་གསུང་བཤད་གནང་དོན། ཐེངས་འདིར་ངོས་རང་ཉི་ཧོང་ནང་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་གནོད་ཐེབས་མི་མང་ལ་སེམས་གསོ་བྱེད་པའི་ཆེད་དུ་ཡིན་ཞེས་གསུངས་འདུག

ཡང་ཁོང་གིས་སྐུ་ཚེ་ཧྲིལ་པོའི་ནང་འགྲོ་བ་མིའི་རིགས་ཀྱི་རིན་ཐང་དང་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་གནང་བའི་མཛད་པ་གཙོ་བོ་གཉིས་ཀྱི་སྐོར་གསུངས་དོན། འགྲོ་བ་མིའི་རིགས་ལ་སྤྱི་ཚོགས་འདིར་བྱས་རྗེས་ཆེན་པོ་འཇོག་པའི་རྣམ་དཔྱོད་ཡོད་ཀྱང་། རྣམ་དཔྱོད་དེ་བཟང་སྤྱོད་ལྡན་ཞིང་འགྲོ་བ་མིའི་རིན་ཐང་ལྟ་ཚུལ་རྨང་གཞིར་བཞག་པའི་ཐོག་ནས་བེད་སྤྱོད་བཏང་ཏེ་ང་ཚོ་འཚོ་གནས་བྱེད་སའི་གོ་ལ་འདི་སྔར་ལས་ལེགས་པོ་ཞིག་ཏུ་བསྐྲུན་དགོས་ལ། དེ་ནི་ཆོས་ལུགས་དང་འབྲེལ་བ་གང་ཡང་མེད། ངོས་རང་འཛམ་གླིང་འདིའི་ཐོག་གི་སྤྱི་མང་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རིགས་ཀྱི་རིན་ཐང་ཡར་སྐུལ་བྱེད་པར་འབད་བརྩོན་གནང་གི་ཡོད་ཅེས་དང་།

གཞན་ཡང་། ངོས་རང་དགེ་འདུན་པ་ཞིག་པའི་ཆ་ནས་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་ཀྱི་ཡོད། འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མར་ལྟ་གྲུབ་ཀྱི་ཐད་ལ་ཁྱད་པར་ཡོད་པ་ལས། གཞན་ལ་བྱམས་སྙིང་རྗེ་དང་བཟོད་སྒོམ་བྱེད་དགོས་པ་སོགས་གཅིག་མཚུངས་ཀྱིས་གསུང་གི་ཡོད། སྟབས་མ་ལེགས་པ་ཞིག་ལ། ང་རང་ཚོའི་ངོས་ནས་ཆོས་ལུགས་ལ་ནོར་འཁྲུལ་ཤོར་བ་དང་འཆམ་མཐུན་མེད་པ་བཟོ་བཞིན་ཡོད་པས།  ཁྱེད་ཚོ་གསར་འགོད་པ་ཚོར་སྤྱི་ཚོགས་ཀྱི་བདེ་འཇགས་དང་འཆམ་མཐུན་ཡར་སྐུལ་བྱེད་པར་འགན་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

ཡང་གསར་འགོད་པས་བོད་ནང་བོད་མི་༡༡གིས་རང་ལུས་མེར་སྲེག་བཏང་བའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། ངོས་ནས་ཆབ་སྲིད་སྐུ་དབང་ལས་དགོངས་པ་ཞུས་པ་ལས་ཏཱ་ལའི་བླ་མའི་ཡང་སྲིད་ལས་དགོངས་པ་ཞུས་པ་མ་རེད། ངོས་རང་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ནས་མི་ལོ་༦༠འགོར་རྗེས་བོད་རིགས་ཚོས་རང་ལུས་མེར་སྲེག་བཏང་ནས་རང་དབང་དང་འདྲ་མཉམ་རྩོད་ལེན་བྱེད་བཞིན་པ་དེས་བོད་ནང་གི་དངོས་ཡོད་གནས་སྟངས་ཤིག་ར་སྤྲོད་བྱེད་ཀྱི་རེད། རྒྱ་གཞུང་གི་མགོ་ཁྲིད་ཚོས་དོན་དངོས་ངོས་ལེན་གྱིས་མི་མང་གི་མངོན་འདོད་ལ་བསམ་ཞིབ་དང་ཐག་གཅོད་བྱེད་དགོས་ངེས་རེད་ཅེས་སོགས་གསུངས་ཡོད་འདུག

ཉིན་གྲངས་བཅུའི་རིང་དུ། ༧མགོན་པོ་གང་ཉིད་ཀྱིས་ཉི་ཧོང་གི་དགེ་འདུན་པ་དང་མི་མང་སྟོང་ཕྲག་མང་པོར་མཇལ་འཕྲད་དང་གསུང་བཤད་གནང་ཡོད་པ་མ་ཟད། ཉི་ཧོང་དང་ཨོ་སི་ཊོ་ལི་ཡའི་ཚན་རིག་ཆེད་མཁས་པ་ཚོ་དང་ལྷན་དུ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། ལྷག་པར་དུ་ཉི་ཧོང་གནོད་ཐེབས་ཁུལ་དུ་དངོས་སུ་ཕེབས་ནས་མི་མང་ལ་སེམས་གསོའི་བཀའ་སློབ་ལམ་སྟོན་གནང་བར་གསར་འགྱུར་བརྒྱུད་ལམ་སོགས་ནས་བསྔགས་བརྗོད་ཆེན་པོ་ཞུ་བཞིན་ཡོད་ལ།  ༧མགོན་པོ་གང་ཉིད་ས་ཡོམ་མཚོ་སྐྱོམ་གྱི་གནོད་འཚེ་ཐེབས་ཁུལ་དུ་ཕེབས་སྐབས་མི་མང་གྲངས་མེད་ཀྱིས་མིག་ཆུ་ཤོར་ཞིང་། ༧མགོན་པོ་གང་གི་ཕྱག་ནས་འཇུས་བ་དང་འཐམ་པ་སོགས་བྱས་ནས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་ཞུས་ཡོད་པ་བཅས་ཉི་ཧོང་ནང་གི་མཛད་འཆར་རྣམས་ལེགས་པར་གྲུབ་སྟེ་ཕྱི་སོག་གི་ནང་ཆིབས་བསྒྱུར་བསྐྱངས་ཡོད་འདུག
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།