བཀའ་ཤག་གིས་སླར་ཡང་ཛ་དྲག་གི་འབོད་སྐུལ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༤ཉིན། རྒྱ་གཞུང་གི་བཙན་གནོན་འོག ཁམས་རྟའུ་བྲག་དཀར་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བར་བཀའ་ཤག་གིས་སླར་ཡང་རྒྱ་གཞུང་ལ་ཛ་དྲག་གི་འབོད་སྐུལ་གནང་འདུག

དེ་ཡང་བཀའ་ཤག་གི་ཛ་དྲག་འབོད་སྐུལ་གྱི་ནང་དུ། བོད་ཁམས་རྟའུ་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་རང་ལོ་ ༣༥ སོན་པ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་བར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། བཙན་བྱོལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚེ་འདས་དེ་ཉིད་ཀྱི་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེའི་སེམས་གསོ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ལ་གུས་བསྐུར་མཚོན་སླད་བཀའ་སྤྱི་ཐུན་མོང་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བསྟན་མཆོག་སྤྱན་སྔར་སང་སྔ་དྲོ་ཆུ་ཚོད་ ༩ ཐོག་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་རྒྱུ་ཡིན།

བཀའ་ཤག་གིས་བོད་ནང་གཞིས་ལུས་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པ་དེར་གདུང་སེམས་མཉམ་སྐྱེ་ཡོད་པ་གསལ་བརྗོད་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་ནང་མིག་རྒྱང་ཐུང་ངུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་ད་བར་བོད་མི་བཅུ་གཅིག་གིས་རང་ལུས་མེར་སྲེག་བཏང་བའི་འུ་ཐུག་གི་བྱ་སྤྱོད་སྤེལ་དགོས་བྱུང་ཡོད།

རྒྱ་ནག་གཞུང་ཕྱོགས་ནས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་སྤེལ་དགོས་པའི་དངོས་ཡོད་ཀྱི་དཀའ་ངལ་དེར་བསམ་ཞིབ་བྱ་རྒྱུའི་ཚབ་ཏུ་ཤིང་ཧ་གསར་འགྱུར་བརྒྱུད་ལམ་ཐོག་རང་ལུས་མེར་སྲེག་བཏང་བའི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་དག་ནི་བཙན་བྱོལ་བོད་མི་ཚོས་བརྒྱུད་སྐུལ་བྱས་པ་རེད་ཅེས་སྐྱོན་འཛུགས་བྱས་ཡོད།

བཀའ་ཤག་གིས་རྒྱ་ནག་གཞུང་ལ་གཞི་རྩ་མེད་པའི་སྐྱོན་འཛུགས་བྱ་རྒྱུ་དེ་དག་མཚམས་འཇོག་བྱས་ཏེ་བོད་མི་ཚོའི་དངོས་ཡོད་དཀའ་ངལ་སེལ་དགོས་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོའི་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ནི་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་ཐོག་བོད་མི་ཚོར་ཆོས་དད་དང་སྨྲ་བརྗོད་རང་དབང་སྤྲོད་རྒྱུ་དེ་ཡིན།

རྒྱ་ནག་གཞུང་གིས་བོད་ནང་རང་དབང་ཅན་གྱི་སྐུ་ཚབ་དང་གསར་འགོད་པ་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲད་དེ་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་བྱ་འཇུག་དགོས་པ་མ་ཟད། རྨས་སྐྱོན་ཕོག་པ་རྣམས་ལ་སྨན་བཅོས་ཀྱི་ཐུན་རྐྱེན་སྐྲུན་དགོས་པ་དེ་སྔ་བཀའ་ཤག་གིས་རེ་འདུན་ཞུས་ཡོད་པ་དེ་སླར་ཡང་ནན་བརྗོད་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།