རང་དབང་ཐོབ་རྗེས་ཀྱི་བོད་མིའི་ཆབ་སྲིད་གླེང་གཞི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡༩ཉིན། ད་ལྟ་འཆར་གཞི་བཀོད་པའི་དུས་སྐབས་རེད། ལི་བྷི་ཡའི་མི་མང་གིས་འབད་བརྩོན་དང་སྙིང་སྟོབས་ཆེན་པོས་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དེ་མང་གཙོའི་ལམ་དུ་བསྒྱུར་ཟིན་པས་ལི་བྷི་ཡའི་གསར་བརྗེ་དེ་ད་ནས་བཟུང་དུས་ཡུན་རིང་པོར་མི་མང་གི་གླེང་གཞི་རུ་འགྱུར་ངེས་མ་རེད། ལི་བྷི་ཡའི་གསར་བརྗེ་ལས་འགུལ་གྱིས་བོད་རིགས་མི་མང་ལ་གལ་འགངས་ཆེ་བའི་ཉམས་མྱོང་ཞིག་མཁོ་སྤྲོད་བྱས་ཡོད་ལ། དྲག་པོའི་སྤྱོད་པ་ལ་བརྟེན་ཡོད་པའི་སྲིད་དབང་སྒེར་གཅོད་པའི་ལམ་ལུགས་དེ་ལ་ཚོད་དཔག་གང་ཡང་མི་དགོས་པར་བརྗེ་བསྒྱུར་བྱེད་པའི་དུས་སྐབས་ཤིག་མི་འགྱངས་བར་སླེབས་ཀྱི་ཡོད་པ་རེད།

གནད་དོན་གཞན་ཞིག་ནི་སྲིད་དབང་རྙིང་པ་རོ་ལངས་བྱས་ཀྱང་ཆོག་གསར་བརྗེ་ལ་ངེས་པར་དུ་རྒྱལ་ཁ་འཐོབ་དགོས་པ་མ་ཟད། གཞུང་གི་སྒྲིག་འཛུགས་སྔར་ལས་དཀྱིལ་ཡངས་ཤིང་རྣམ་པ་གསར་པ་ཞིག་ཏུ་བསྐྲུན་དགོས།

དུས་ཡུན་གང་འཚམ་གྱི་རྗེས་སུ་བོད་མི་རིགས་ལ་རང་དབང་འཐོབ་ནས་དངོས་གནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་སྐབས། རྒྱ་གཞུང་གི་སྲིད་དབང་རྙིང་པ་དེ་བོད་རིགས་མི་མང་གི་སྣེ་ཁྲིད་འོག་ཁ་ཕྱོགས་ག་འདྲ་ཞིག་ཏུ་བསྙེག་རྒྱུ་ཡིན་ནམ། མ་འོངས་བོད་རྒྱལ་ཁབ་རང་རྐྱ་འཕེལ་བ་དང་མིང་དོན་མཚུངས་བའི་མང་གཙོའི་རྒྱལ་ཁབ་ཅིག་ཏུ་ཇི་ལྟར་བསྒྱུར་རྒྱུ་ཡིན་ནམ། རང་དབང་ཐོབ་རྗེས་ཀྱི་བོད་མིའི་ཆབ་སྲིད་གླེང་གཞི་ཞེས་པའི་དཔྱད་གཞི་འདིའི་ཐོག་གླེང་སློང་བྱ་རྒྱུ་ཡིན།

ང་ཚོས་བོད་རང་བཙན་དང་རང་སྲིད་རང་སྐྱོང་བར་གྱི་རྩོད་གླེང་དེ་གནས་སྐབས་ལོགས་སུ་བཞག་འཇོག ཨུ་རུ་སུ་མཉམ་འབྲེལ་དང་ལི་བྷི་ཡའི་སྲིད་དབང་སྒེར་གཅོད་ལམ་ལུགས་རྩ་མེད་དུ་གྱུར་བ་སོགས་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཚང་མ་འཐོར་ཞིག་ཏུ་སོང་བ་ལོ་རྒྱུས་ཀྱི་དོན་དངོས་ཡིན་པས། དྲང་པོ་བཤད་ན། གལ་སྲིད་རྒྱ་གཞུང་ལ་དངོས་གནས་བོད་དོན་ཐག་གཅོད་བྱེད་འདོད་ཡོད་ཚེ་ད་ལྟ་དུས་ལ་བབ་ཡོད་པ་རེད།  མ་འོངས་པར་བོད་ལ་འགྱུར་ལྡོག་ཐེབས་པའི་དུས་ཤིག་ཤར་བར་ང་ཚོས་དངོས་གནས་ཡིད་ཆེས་བྱེད་ཐུབ་བམ། གལ་སྲིད་ཤར་ངེས་རེད་ཅེས་ལན་བཏབ་པ་ཡིན་ན། འགྱུར་ལྡོག་དེས་མ་འོངས་པར་བོད་རིགས་མི་མང་ལ་སྔར་ལས་ལེགས་པའི་འཚོ་བ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་ད་ལྟ་ནས་གྲ་སྒྲིག་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད།   བོད་རང་བཙན་ནམ་ཡང་ན་རང་སྲིད་རང་སྐྱོང་གི་ལམ་ལུགས་འོག་ཆབ་སྲིད་ཀྱི་ངོ་བོ་བརྗེ་བསྒྱུར་ག་འདྲ་ཞིག་བྱེད་དགོས་ནའང་བསམ་ཞིབ་ངེས་པར་དུ་བྱེད་དགོས། ད་ལྟ་བོད་ཕྱི་ནང་གཉིས་ན་ཡོད་པའི་བོད་རིགས་མང་ཆེ་བས་བོད་རང་བཙན་སླར་གསོ་ཡོང་བར་མུ་མཐུད་ནས་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། རང་སྲིད་རང་སྐྱོང་གི་སྲིད་དབང་ལག་བསྟར་བྱས་རྗེས་གཞི་ནས་བསམ་བློ་གཏོང་དགོས་པ་ཞིག་རེད།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་འཆར།
བོད་རང་དབང་ཐོབ་ཚེ། བོད་མིའི་འབྱུང་འགྱུར་གྱི་བགྲོད་ལམ་ཇི་ལྟར་བསྐྲུན་དགོས་སམ། ད་ལྟ་ནས་བོད་རིགས་མི་མང་གིས་མ་འོངས་པར་བོད་ལ་ཆེས་འོས་ཤིང་འཚམ་པ་དང་། ཕན་ཐོགས་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་གཞི་ཞིག་གཏན་འབེབས་བྱེད་པར་རྣོ་བསམ་གཏོང་དགོས། བོད་མི་ས་ཡ་དྲུག་ལ་ཁེ་ཕན་ཡོད་པ་ཞིག་ལ་བསམ་བློ་གཏོང་དགོས། བོད་རིགས་མི་མང་ལ་ཆབ་སྲིད་ཀྱི་རང་དབང་ཐོབ་རྗེས་ཚང་མ་མཉམ་གཅིག་ཏུ་འདུས་ནས་དོན་བྱ་ཆེ་ཆུང་གི་ཐོག་ལ་དཔྱད་གླེང་བྱ་དགོས་ལ། ད་ལྟ་ནས་བཟུང་དར་སྤེལ་དང་ལེགས་བཅོས་བྱེད་པར་བསམ་ཞིབ་བྱས་ནས་བོད་རིགས་སྤྱི་ཡོངས་ཀྱི་རེ་འདོད་ལ་ཆེས་མཐའ་མཇུག་གི་ཐག་གཅོད་ཅིག་དགོས་པ་རེད། ང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ལུགས་དེ་འབྱུར་འགྱུར་གྱི་དབུ་འཛུགས་ས་ཡག་པོ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

མིག་སྔར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་སྐྱོང་རྩོད་ལེན་གནང་གི་ཡོད་པས། གལ་ཏེ་བོད་ལ་རང་སྐྱོང་གི་བདག་དབང་འཐོབ་པ་ཡིན་ན། ནང་ཁུལ་གྱི་སྲིད་དབང་ཇི་ལྟར་འཛིན་སྐྱོང་བྱ་རྒྱུར་འཆར་གཞི་བསྐྲུན་དགོས། དེ་བཞིན་རང་བཙན་རྩོད་ལེན་གནང་མཁན་ཚོས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་བྱས་པའི་འཆར་གཞི་ཁག་ལག་བསྟར་བྱས་ཐོག ཁ་ཕྱོགས་ཡོད་པའི་ཐོག་ནས་འཆར་གཞི་དེ་དག་ལ་ལེགས་བཅོས་བྱ་དགོས། ངེས་པར་དུ་ཡིད་ལ་འཛིན་དགོས་པ་ཞིག་ལ། གོང་གི་ལྟ་ཚུལ་དེ་ནི་བོད་མི་ས་ཡ་༦ལ་བསམ་ཚུལ་ཙམ་བཏོན་པ་ཡིན། ཡིན་ནའང་། རང་བཙན་དང་ཡང་ན་རང་སྐྱོང་གི་གནས་སྟངས་འོག་གནད་དོན་མང་པོ་ཞིག་གཅིག་མཚུངས་རེད། དཔེར་ན། བོད་གཞུང་གི་འགན་དབང་སླར་གསོ་དང་། ཚད་མཐོན་པོས་རྒྱ་ནག་དང་གཅིག་ལ་གཅིག་རྟེན་བྱས་ཐོག དཔལ་འབྱོར་དང་ཆབ་སྲིད་ཀྱི་སྒྲིག་གཞི་གོང་འཕེལ་དུ་གཏོང་ཐབས་བྱེད་པ་སོགས་ལྟ་བུ།

གྲོས་ཚོགས་དེ་ངོ་བོ་ག་འདྲ་ཞིག་དགོས་སམ། དེ་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་གྱིས་སྤྱིའི་སྒྲིག་བཀོད་ཁག་འགན་དུ་བླངས་ནས་ཁ་ཚ་དགོས་གཏུག་གི་བསམ་ཚུལ་བཏོན་ནས་བོད་འདི་སྲིད་དབང་སྒེར་གཅོད་ལམ་ལུགས་ལས་རང་སྐྱོང་གི་ལམ་དུ་ཇི་ལྟར་སྐྱོད་པར་མཛུབ་སྟོན་བྱ་དགོས། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡ་དང་གཅིག་གྱུར་ཡོང་ཆེད་དུས་ཡུན་རིང་པོའི་འཆར་གཞི་དང་སྲིད་བྱུས་གཏན་འབེབས་བྱས་པ་མིག་དཔེར་བླངས་སྟེ། བོད་ཀྱི་ཆབ་སྲིད་ལམ་ལུགས་མགྱོགས་མྱུར་ངང་བསྒྱུར་བཅོས་བཏང་ནས་བོད་ཕྱི་ནང་གཉིས་ཀྱི་ནུས་པ་གཅིག་ཏུ་སྤུངས་དགོས་པ་མ་ཟད། རྒྱལ་སྤྱིའི་འབྲེལ་ཡོད་ཆེད་ལས་པ་དང་མཉམ་འབྲེལ་ཡོང་བར་ཧུར་བརྩོན་བྱ་དགོས། དེ་དང་ཆབས་ཅིག གྲོས་ཚོགས་ཀྱི་འཆར་བཀོད་ལྟར་མི་མང་གིས་སོ་སོའི་འཚོ་བ་སོགས་ཇི་ལྟར་འགན་ལེན་བྱེད་པར་ལམ་སྟོན་བྱེད་དགོས། ཡིན་ནའང་། འདི་ནས་ནན་གྱིས་བརྗོད་དགོས་པ་ཞིག་ལ།

བོད་རིགས་མི་མང་གི་རང་དབང་གཙུག་ཏུ་བཟུང་ནས་ལས་འཆར་ལག་བསྟར་བྱེད་དགོས། གལ་སྲིད་བོད་རིགས་མི་མང་གིས་གྲོས་ཚོགས་ནས་ཇི་ལྟར་གཏན་འབེབས་བྱས་པ་དེ་དང་ལེན་བྱེད་པའི་ལམ་ཀ་བདམས་པ་ཡིན་ན་ང་ལ་ཅི་ཡང་བཤད་རྒྱུ་མེད། གལ་སྲིད་ཁོ་ཚོས་ལམ་ཀ་གཞན་ཞིག་བདམས་པ་ཡིན་ན་ཁོ་ཚོའི་གདམ་ག་དེ་ལ་བརྩི་བཀུར་བྱེད་དགོས་ལ།  ཉིན་ཞིག་བོད་རིགས་མི་མང་ལ་རང་ཉིད་ཀྱི་ལམ་ཀ་རང་གིས་འདེམས་པའི་ནུས་འཇོན་ལྡན་པ་ར་འཕྲོད་ངེས་རེད།

བོད་རང་དབང་ཐོབ་རྗེས་སུ་བྱེ་བྲག་གི་དཔེར་མཚོན།

བོད་རང་དབང་གཏན་འབེབས་བྱུང་རྗེས་ང་ཚོས་ངེས་པར་དུ་རྩོད་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་དགོས། ཡིན་ནའང་། ང་ཚོའི་དམིགས་ཡུལ་ནི་སྐུལ་འདེད་ཀྱི་གླེང་མོལ་བྱེད་པ་ལས་ཐག་གཅོད་གསལ་ཐག་ཆོད་པ་ཞིག་ཡོང་བར་ཕུ་འདེད་གཏོང་མི་དགོས་པར་སྙམ། འདི་ནི་བོད་རིགས་དཀྱུས་མ་ཞིག་གི་བསམ་ཚུལ་ཙམ་ཡིན་པ་ངེས་པར་དུ་ནན་བརྗོད་བྱ་རྒྱུ་ཡིན།

གནས་སྐབས་ཀྱི་སྒྲིག་འཛུགས་འདེམས་གསེས།
གནས་སྐབས་ཀྱི་སྒྲིག་འཛུགས་ག་འདྲ་ཞིག་འདེམས་དགོས་སམ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༦༢ལོར་ལྗགས་བརྩམས་གནང་བའི་བོད་ཀྱི་ཆབ་སྲིད་ལམ་སྟོན་གྱི་ནང་དུ། བོད་ལ་རང་དབང་ཐོབ་རྗེས་ལས་བྱེད་ཚོས་སོ་སོའི་ད་ལྟའི་བྱ་བ་དེ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གསུངས་ཡོད་པ་རེད། དེ་ལྟར་བྱས་ན་སྤྱི་ཚོགས་བརྟན་འཇགས་དང་ད་ལྟའི་ལས་བྱེད་ཚོར་ནམ་ཞིག་བོད་རང་དབང་འཐོབ་པར་འཇིགས་སྣང་སྐྱེས་མི་དགོས་པས་དགོངས་བཞེས་འདི་ཡག་པོ་འདུག ཡིན་ནའང་། མང་གཙོའི་ལམ་ལུགས་ལ་མཚོན་ནས་བཤད་ན་ཡུན་གནས་ཐུབ་པའི་སྲིད་བྱུས་ཤིག་མིན་པ་གསལ་བོ་རེད།

དོན་དངོས་ཐོག ༧མགོན་པོ་གང་གིས་གནས་སྐབས་ཀྱི་སྒྲིག་འཛུགས་ཤིག་འཛུགས་དགོས་པའི་དགོངས་བཞེས་གནང་བ་དེས་མང་གཙོའི་ལམ་ནས་མགོ་ཁྲིད་འོས་འདེམས་དང་རྩ་ཁྲིམས་གསར་པ་གཏན་འབེབས་མ་བྱས་བར་དུ་སྔོན་མའི་གཞུང་དེ་རྒྱུན་སྐྱོང་བྱ་ཆེད་དུ་ཡིན་ལ།  མ་འོངས་པར་སྒྲིག་འཛུགས་གསར་པ་ཞིག་གཏན་འབེབས་བྱུང་ཚེ་ལྷག་བསམ་རྣམ་དག་གིས་མི་རིགས་ལ་སྲི་ཞུ་སྒྲུབ་མཁན་གྱི་ལས་བྱེད་རྒན་ཡོལ་ཚོའི་གླ་ཕོག་ལ་རྣོ་བསམ་གཏོང་བའི་ཆེད་དུ་རེད།

ང་ཚོ་མི་ཡུལ་ལུང་པ་རུ་སྐྱབས་ཏུ་བཅོལ་བའི་བོད་རིགས་ཚོས་མ་འོངས་པར་བོད་དུ་ལོག་ནས་སྔོན་གྱི་སྲིད་དབང་སླར་གསོ་བྱ་རྒྱུར་རེ་སྙེག་བྱེད་མི་འོས་ཀྱང་། རྒྱ་ནག་གི་ཆབ་སྲིད་གོ་གནས་ལེན་མཁན་གྱི་བོད་རིགས་ལས་བྱེད་པའམ་རྒྱལ་གཅེས་དབུ་ཁྲིད་པ་ཚོར་རེ་བ་རྒྱག་འོས་པ་རེད།  
རྒྱ་གཞུང་གི་བཀའ་བཀོད་འོག་རྒྱུན་གནས་མགོ་ཁྲིད་གསར་བ་བསྐོ་བཞག་བྱས་ཀྱང་། བོད་ནང་ཁུལ་དུ་མང་ཚོགས་ཀྱིས་དགའ་མོས་བྱེད་པའི་མགོ་ཁྲིད་དང་མི་སྒེར་ཡང་ཐོན་ངེས་པ་རེད། དེར་བརྟེན། འདི་ནི་མ་འོངས་པར་བསམ་བློ་གཏོང་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།

ཉེན་རྟོག་པས་སྤྱི་ཚོགས་བདེ་འཇགས་ཀྱི་བྱ་བ་སྲུང་སྐྱོབ།
ནམ་ཞིག་རྒྱ་གཞུང་གི་ཉེན་རྟོག་པས་སྟངས་འཛིན་བྱེད་རྒྱུ་མེད་པར་བཟོ་ཐུབ་སོང་ཚེ། བོད་རིགས་མི་མང་གི་བདེ་འཇགས་ཇི་ལྟར་སྲུང་སྐྱོབ་བྱ་རྒྱུ་ཡིན་ནམ། མ་འོངས་བོད་རིགས་མི་མང་གི་འཚོ་བ་བདེ་འཇགས་དང་རྒྱ་ནག་གི་གནོད་སྐྱོན་འདྲ་མིན་མི་ཐེབས་པའི་ཆེད་དུ་གནས་སྐབས་ཀྱི་སྒྲིག་འཇུགས་འདིས་ད་ལྟ་ནས་ལས་འཆར་བཟོ་དགོས་པ་རེད།

བོད་རིགས་མི་མང་གི་སེམས་ལ་ན་ཟུག་སྟེར་བའི་དྲག་ཆས་དམག་དཔུང་གི་མི་སྣ་གཙོ་ཆེ་བ་རྣམས་རྒྱ་མི་ཡིན་པ་མ་ཟད། རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པས། མི་དམངས་དྲག་ཆས་དམག་དཔུང་གིས་དུས་དང་རྣམ་པ་ཀུན་དུ་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་འགའ་ཡི་བཀའ་བཀོད་ལ་ཉན་དགོས་ལ། ལྷག་པར་དུ་ཉེན་རྟོག་ཁང་གི་བོད་རིགས་ལས་བྱེད་ཚོ་དབང་ཆ་གང་ཡང་མེད་པའི་ཉེན་རྟོག་པ་ཞིག་གི་མིང་གནས་འཛིན་མཁན་ཁོ་ན་ཞིག་ཏུ་ཆགས་ཡོད་པར་བརྟེན།  འཕྲལ་ཕུགས་གང་ཡིན་ཡང་བོད་ཀྱི་སྤྱི་ཚོགས་བདེ་འཇགས་དོ་དམ་གྱི་བྱ་བའི་སྒྲིག་གཞི་གསར་བཟོ་མི་བྱེད་ཐབས་མེད་རེད།

ཚོང་ལས་དཔལ་འབྱོར་གྱི་འཁོར་རྒྱུག
མ་འོངས་པར་དཔལ་འབྱོར་འཁོར་རྒྱུག་གི་བྱ་བ་ཇི་ལྟར་གཉེར་རྒྱུ་ཡིན་ནམ། མིག་སྔར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་རྒྱ་ནག་ལ་བརྟེན་ཆེ་བས། འདི་འདྲའི་དཔལ་འབྱོར་སྒང་གི་མ་ལག་ཅིག་གིས་ནམ་ཡང་རང་མགོ་རང་ཐོན་ཞིག་ཡོང་ཐབས་མེད་ལ། འདི་ནི་རྒྱ་གཞུང་གི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཀྱང་རེད། རྒྱ་གཞུང་གིས་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་རིག་གནས་སོགས་གོང་འཕེལ་དུ་གཏོང་ཆེད་མ་དངུལ་འབོར་ཆེན་གྱིས་འགྲོ་སོང་གཏོང་གི་ཡོད་པའི་འུར་སྒྲོག་དེ་མཐར་གཏུག་ན་ཁོ་རང་ཚོའི་ལག་ནང་དུ་ཕྱིར་སླེབས་འགྲོ་གི་ཡོད་པ་རེད། དཔེར་ན། བོད་ནི་རྒྱ་ནག་གི་ཚོང་གཉེར་ཁང་ཞིག་ཡིན་ལ། དེའི་ནང་དུ་ལས་ཀ་བྱེད་མཁན་ཡང་རྒྱ་རིགས་རེད། དེ་བས་བོད་རང་དབང་ཐོབ་རྗེས་བོད་ཀྱི་དཔལ་འབྱོར་སྒྲིག་གཞི་རྣམ་པ་གསར་པ་ཞིག་ཏུ་འགྱུར་འགྲོ་ངེས།

དཔལ་འབྱོར་འཕེལ་འགྱུར་ནི་ལས་སླ་བོ་ཞིག་མིན་པར་མཚམས་རེར་དཀའ་རྙོག་ཆེན་པོ་བྱུང་སྲིད་པས་བོད་རིགས་མི་མང་གིས་དོན་གནད་དེར་གྲ་སྒྲིག་ལེགས་པོ་བྱེད་དགོས་པ་མ་ཟད། རང་ཉིད་ལ་དཔལ་འབྱོར་འཕེལ་འགྱུར་ནི་ཧ་ཅང་དཀའ་རྙོག་ཆེན་པོ་ཞིག་ཡིན་ངེས་ཞེས་བརྡ་ལན་སྔ་ས་ནས་སྤྲད་པ་དང་ཆབས་ཅིག དཔལ་འབྱོར་ཚད་དམའ་ས་ནས་གཉེར་མགོ་རྩོམ་དགོས།

ད་ལྟ་བོད་ནང་གྲོང་ཁྱེར་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་ཚོའི་རྒན་ཡོལ་གླ་ཕོག་དང་ལོ་རེའི་ཡོངས་འབབ་མང་ཆེ་བ་རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པས་མ་འོངས་པར་དཀའ་ངལ་ཏོག་ཙམ་འཕྲད་སྲིད་པ་རེད། ཡིན་ནའང་། ཞིང་འབྲོག་མི་མང་གིས་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་ཐུབ་པས་ཁོ་ཚོར་འདང་རྒྱག་ཡོད་པ་མ་རེད། མ་འོངས་བོད་ཀྱི་སྲིད་གཞུང་གསར་པ་དེས་གྲོང་ཁྱེར་དུ་འཚོ་སྡོད་བྱས་ཡོད་པའི་བོད་རིགས་ཚོའི་ཁ་འཚོ་བ་ལ་དམིགས་བསལ་གྱིས་ལྟ་རྟོག་བྱེད་དགོས་ལ། དེ་བཞིན་སྲིད་གཞུང་གསར་བ་དེའི་ལས་འགན་གཙོ་བོ་ཞིག་ནི་རྒྱུ་ནོར་གྱི་བདག་དབང་ཁ་གསལ་མེད་པ་གང་མགྱོགས་ཀྱིས་ཐག་གཅོད་བྱ་རྒྱུ་དེ་རེད།

ཕུགས་རྒྱང་རིང་པོ་ནས་བལྟས་ཚེ། གལ་སྲིད་ང་ཚོས་མ་འོངས་བོད་ཀྱི་དཔལ་འབྱོར་སྒྲིག་གཞི་ཇི་ལྟར་བསྒྱུར་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་ཚུལ་ཞིག་བཏོན་པ་ཡིན་ན། བོད་ཀྱི་དཔལ་འབྱོར་དེ་ངེས་པར་དུ་རང་དབང་ལྡན་པའི་འགྲན་རྩོད་ཅིག་དང་འདྲ་མཉམ་གྱི་གོ་སྐབས་ཤིག་ཡིན་དགོས་པ་ཐོག་མའི་དམིགས་ཡུལ་དུ་འཛིན་དགོས་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།