འཆམ་མཐུན་གྱི་སྤྱི་ཚོགས་ཡིད་ཆེས་ལས་བྱུང་དགོས་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༣༡ཉིན། ཁ་སང་ཕྱི་ཚེས་༣༠ཉིན། ཉི་ཧོང་གི་གྲོང་ཁྱེར་ཨོ་སཱ་ཀཱའི་ལུས་རྩལ་ཐང་དུ་༧གོང་ས་མཆོག་གིས་ཉི་ཧོང་གི་དད་ལྡན་ཆོས་ཞུ་བ་༥༠༠༠ལྷག་དང་བྱང་ཀོ་རི་ཡའི་ཆོས་ཞུ་བ་༤༠༠ཙམ་ལ་གསུང་ཆོས་བསྩལ་ཡོད་འདུག

སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་ཉི་ཧོང་གི་ནང་པའི་ཆོས་གྲོགས་ཚོ་དང་མཇལ་བར་ཧ་ཅང་དགའ་བོ་བྱུང་ཞེས་དད་ལྡན་ཆོས་ཞུ་བ་ཚོར་འཚམས་འདྲི་ཞུས་པ་ཆབས་ཅིག་བཀའ་སློབ་གནང་དོན།དུས་རབས་ཉི་ཤུ་པའི་ནང་དུ་ཚན་རྩལ་ཤུགས་ཆེན་པོ་ཡར་རྒྱས་སུ་སོང་བ་དང་། དངོས་པོའི་ལོངས་སྤྱོད་ཕུན་སུམ་ཚོགས་པོ་བྱུང་ཡོད་ཀྱང་། བསམ་ཡུལ་ལས་འདས་པའི་ཆག་སྒོ་ཡང་བསླངས་ཡོད་པ་མ་ཟད། མི་ཡ་ས་༢ལྷག་གནོད་སྐྱོན་ཁྲོད་འདས་གྲོངས་སུ་གྱུར་ཡོད་པ་རེད།

ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མ་དང་ནཱ་བྷ་སཱ་ཀའི་གཉིས་ཀྱི་མི་མང་ལའང་འཛམ་གླིང་དམག་འཁྲུག་གཉིས་པའི་སྐབས་ཀྱི་འབར་རྫས་ཀྱིས་གནོད་འཚེ་ཆེན་པོ་ཐེབས་ཡོད། ཉི་ཧོང་མི་མང་གིས་དངོས་པོའི་དར་སྤེལ་གྱི་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད་ལ། ད་ལྟ་ངེས་པར་དུ་ནང་སེམས་དང་ཡ་རབས་བཟང་སྤྱོད་ཀྱི་ཕྱོགས་ལ་ཞིབ་འཇུག་བྱས་ནས་འཕེལ་རྒྱས་སུ་གཏོང་དགོས་ཀྱི་འདུག་ཅེས་དང་།

ཡང་ཁོང་གིས་ཉི་ཧོང་མི་མང་གིས་ཚན་རིག་ལག་རྩལ་ལས་ཐོན་པའི་དངོས་རྫས་མང་པོ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་ཀྱང་། ཚན་རྩལ་ཡར་རྒྱས་ཀྱིས་ནང་སེམས་ཀྱི་ཞི་བདེ་ཉོ་ཐུབ་ཀྱི་མེད་ལ།  ཉི་ཧོང་གིས་པར་ཆས་མང་པོ་གསར་གཏོད་བྱས་ཡོད་ཀྱང་ཁྱེད་ཚོའི་སེམས་ཁམས་དེ་པར་དུ་གཏན་ནས་ལེན་ཐུབ་ཀྱི་མེད་ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་ཀྱིས་ནང་ཆོས་འདི་སྲོལ་རྒྱུན་གྱི་ཆོས་ལུགས་ཙམ་ཞིག་གམ་ཡང་ན་ཞལ་འདོན་བྱས་པ་ཙམ་མ་ཡིན་པར་ངེས་པར་དུ་ནང་ཆོས་ལ་བརྟག་དཔྱད་བྱེད་དགོས་པ་རེད་ཅེས་དང་། འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མས་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེ། བཟོད་སྒོམ་སོགས་གཅིག་མཚུངས་ཀྱིས་གཙུག་འཛིན་བྱེད་བཞིན་ཡོད་པའི་སྐོར་དང་། ཕྱི་དངོས་པོའི་དཔལ་འབྱོར་གྱིས་ཕུགས་ཀྱི་བདེ་སྐྱིད་བསྐྲུན་མི་ཐུབ་ལ། དེང་སང་སྤྱི་ཚོགས་ཐོག་གི་གནད་དོན་ཆེ་ཤོས་ནི་ ལྐོག་ཟ་རུལ་སུངས་དང་དབུལ་ཕྱུག་གཉིས་བར་གྱི་ཧེ་བག་ཡིན་པའི་སྐོར་སོགས་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོར། ༧གོང་ས་མཆོག་ནས་༼རྙོག་འཛིང་གི་འཇིག་རྟེན་ཁྲོད་ཀྱི་བདེ་སྐྱིད༽ཞེས་པའི་བརྗོད་གཞིའི་ཐོག་སྐར་མ་༤༠ཙམ་གྱི་རིང་གསུང་བཤད་གནང་ཡོད་པ་མ་ཟད། དད་ལྡན་མི་མང་གི་དྲི་བ་འདྲ་མིན་ལ་བཀའ་ལན་གནང་ཡོད་པ་དང་། ༧གོང་ས་མཆོག་ཉི་ཧོང་དུ་ཕེབས་འབྱོར་བྱུང་རྗེས་ཐོག་མའི་ཆོས་འབྲེལ་གྱི་དམིགས་ཡུལ་ཙམ་མ་ཟད། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་འགྱུར་ལྡོག་དང་བོད་ནང་དུ་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་རིམ་པར་བྱུང་བའི་གནད་དོན་སོགས་ཀྱི་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་འདུག

རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ཐོག་གསུང་བཤད་གནང་འདོད་མེད་པའི་སྐོར་ཁོང་གིས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་དང་ཐོག་ཆབ་སྲིད་ཀྱི་འགན་དབང་ལེན་སྐབས། མི་ཧ་ཅང་མང་པོ་ཞིག་གིས་རྒྱ་ནག་གི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ཀྱང་། མི་ལོ་༡༠འདས་ཟིན་པ་རེད། ད་ལྟ་མི་མང་གིས་རྒྱ་ནག་ནང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཡོད་མེད་གསལ་བོ་ཤེས་དགོས་པ་རེད། ཕྱི་ལོ་༢༠༠༨ལོར་བོད་ཀྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་ཕྱི་ལོ་༢༠༠༩ལོར་ཡུ་གུར་མི་རིགས་ཀྱི་དོན་རྐྱེན་བྱུང་། དེ་བཞིན་ཕྱི་ལོ་༢༠༡༡ལོར་ནང་སོག་གི་དོན་རྐྱེན་སོགས་བྱུང་བ་དེས་ང་ཚོར་རྒྱ་ནག་ནང་ལོགས་ཀྱི་དོན་དངོས་ཤིག་ར་སྤྲོད་བྱས་ཡོད་པ་རེད།

འཆམ་མཐུན་སྤྱི་ཚོགས་ཀྱི་དམིགས་ཡུལ་ཧ་ཅང་ལེགས་པོ་རེད། ཡིན་ནའང་བྱེད་ཐབས་ནོར་སོང་བ་རེད། འཆམ་མཐུན་ཟེར་བ་ངེས་པར་དུ་ནང་སེམས་པའི་གཏིང་ནས་བྱུང་དགོས་ལ། དེ་ཡི་རྒྱུ་རྐྱེན་གཙོ་བོ་ནི་ཡིད་ཆེས་རེད། ཡིན་ནའང་། ཡིད་ཆེས་དང་འཇིགས་སྣང་གཉིས་དུས་མཉམ་དུ་གཏན་ནས་གནས་ཐབས་མེད་པས། མ་འོངས་པའི་རྒྱ་ནག་གི་མགོ་ཁྲིད་ཚོས་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་དུ་འཇུག་ཐུབ་པའི་སྐད་ཆ་དེ་ཐོན་སྔ་དྲག་པ་རེད་ཅེས་གསུངས་འདུག

ཉེ་ལམ་བོད་ནང་དུ་བོད་རིགས་མང་པོས་རང་ལུས་མེར་སྲེག་བཏང་བའི་སྐོར་གསར་འགོད་པས་བཀའ་དྲི་ཞུས་པར་ཁོང་གིས། འདི་ནི་བློ་ཕམ་ཆེན་པོ་སྐྱེས་འོས་ཞིག་རེད། རྒྱ་ནག་གི་མགོ་ཁྲིད་ཚོས་སྙིང་རྗེ་སྤུ་ཙམ་ཡང་མེད་པར་མནར་གཅོད་བཏང་ནས་སུ་གང་ལའང་ཕན་ཐོགས་མེད་པས་ངེས་པར་དུ་གནད་དོན་དེའི་རིགས་ཀྱི་འབྱུང་རྩ་ལ་བསམ་ཞིབ་བྱེད་དགོས་པ་རེད་ཅེས་དང་།

ཡང་ཉི་ཧོང་གཞུང་གིས་བོད་ཀྱི་ལངས་ཕྱོགས་ཐོག་བཟུང་བའི་བསམ་ཚུལ་གྱི་སྐོར་ལ། བོད་དོན་འདི་དྲང་བདེན་གྱི་ཀུན་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། ཉི་ཧོང་ནི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པས་གནད་དོན་འདི་ཉི་ཧོང་མི་མང་དང་གསར་འགོད་པ་ཚོས་ཐག་བཅད་ན་ལེགས་ཤོས་རེད་ཅེས་གསུངས་འདུག

དེ་ཡང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་ལྷགས་པ་མཚོ་ཁོ་ལགས་ལ་བོད་ཀྱི་དྲ་བརྙན་གསར་འགྱུར་ཁང་གིས་བཅར་འདྲི་བྱེད་སྐབས་ཁོང་གིས། ༧མགོན་པོ་གང་གི་གསུང་ཆོས་དང་བཀའ་སློབ་ལམ་སྟོན་གྱིས་ཉི་ཧོང་གི་གཞོན་སྐྱེས་སོགས་ཚུད་པའི་མི་མང་གྲངས་མེད་པ་ཞིག་གི་སེམས་པ་བཀུག་ཡོད་པ་ལྟར་ཆོས་ཞུ་བ་ཇེ་མང་དུ་འགྲོ་བཞིན་ཡོད་ལུགས་དང་། ཡང་ཐེངས་འདིར་༧མགོན་པོ་གང་ཉིད་ས་ཡོམ་གནོད་ཐེབས་ཁུལ་དུ་ཆེད་ཕེབས་གནང་བ་དེས་མི་མང་ལ་སེམས་གསོ་ཆེན་པོ་གནང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

༧གོང་ས་མཆོག་གིས་མ་འོངས་པར་ཉི་ཧོང་གི་ཁའོ་ཡ་སན་དང་སན་ཌི། ཨེ་ཤི་ནོ་མཱ་ཁའི། ཁའོ་རི་ཡཱ་མཱ་སོགས་ཀྱི་ནང་དུ་མི་མང་ལ་གསུང་བཤད་གནང་རྒྱུ་དང་དེ་བཞིན་ནང་བའི་དགེ་འདུན་པ་དང་ཚན་རིག་པ་མཉམ་དུ་བགྲོ་གླེང་སོགས་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།