སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༧ཉིན། ཕྱི་ལོ་༢༠༡༡ ཟླ་༡༠ ཕྱི་ཚེས་༡༤ ཉིན་གྱི་ཕྱི་དྲོར་བོད་ཨ་མདོ་དྷཱིཿཚ་དགོན་ཆེན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨ་མདོ་མཚོ་ལྷོ་ཁྲི་ཀ་རྫོང་ནས་གསང་བའི་བདེ་འཇགས་མི་སྣས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང། ཁོང་དགུང་ལོ་བཞི་བཅུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང༌།(གསེར་ཆེན་རྫོང།)ཅང་ཤེས་གྲོང་ཚོ་རྨོག་རུ་སྡེ་བ་ནས་ཡིན་ཞིང༌། ད་ལྟའི་བར་དུ་ལོ་ངོ་བཅུ་གྲངས་རིང་དྷཱིཿཚ་དགོན་ཆེན་དོ་དམ་ཁང་གི་གཙོ་འགན་ཁུར་ཡོད་པ་དང༌། བོད་ཁུལ་ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་གདན་ཞུའི་དགེ་རྒན་ཀྱང་ལོ་མང་རིང་བྱས།  ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཁམས་སྡེ་དགེ་རྫོགས་ཆེན་ནས་ཡིན་པ་སྟོབས་ལྡན་ལགས་དང༌། ཁོང་གི་ཕ་ཡུལ་གཅིག་པ་ཁག་ཅིག་གིས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་གཤེགས་ནས་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་བསྟུན། ལྷ་ལྡན་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གྲ་སྒྲིག་བྱས་ཏེ་འགོ་བཙུགས་མ་ཐག རྒྱ་ནག་གཞུང་གི་ཉེན་རྟོག་པ་ཡོང་ནས་བཀག་འགོག་བྱས་པ་དང་། རྫོགས་ཆེན་སྟོབས་ལྡན་ལགས་སྨོན་ལམ་མཆོད་འབུལ་གོ་སྒྲིག་འགོ་གཙོ་ཡིན་སྐོར་བརྗོད་དེ། འཛིན་བཟུང་བྱས་ཏེ་ད་བར་གང་དུ་ཁྲིད་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།  ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༡༩ ཉིན་བོད་ནང་གི་ན་གཞོན་རྩོམ་པ་པོའམ་སྲིད་དོན་དཔྱད་བརྗོད་པ་མེ་ལྕེ་ལགས། རང་ཁྱིམ་ནས་རྒྱ་ནག་གི་གསང་བའི་བདེ་འཇགས་ཚན་པས་འཛིན་བཟུང་བྱས་ཡོད་པ་དང༌། རྩོམ་པ་པོ་མེ་ལྕེ་ལགས་ཀྱི་དངོས་མིང་ལ་གཅོད་པ་ཀླུ་རྒྱལ་ཟེར་བ་དང༌། ཕ་ཡུལ་མཚོ་སྔོན་ཡ་ཙི་ནས་ཡིན་པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་ལས་བྱེད་ཡིན།

དེ་བཞིན་དཀར་མཛེས་དགོན་པའི་འདབས་སུ་ཆགས་པའི་དཀར་མཛེས་རྫོང། ཁྲིན་པེ་ཤང་ཡུལ་པ་རུ་ཁག་གཉིས་པ་ནས་ཡིན་པ་ཚེ་འདས་ཕ་བདེ་ལེགས་དང༌། མ་སྒྲོན་མཚོ་གཉིས་ཀྱི་བུ་དཀར་མཛེས་དགོན་པའི་གྲྭ་རང་ལོ་༣༨ ལ་སོན་པ་ཟླ་བ་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་༢༥ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་༩ དང་ཕྱེད་ཙམ་དུ། དཀར་མཛེས་དགོན་པའི་སྐུ་ལྔའི་དུས་གཏོར་གྱི་གཏོར་རྒྱག་གི་སྐབས་དང་སྟབས་བསྟུན་ནས་རང་ལུས་ལ་མེ་སྦར་ཏེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བརྒྱབ་ཡོད་པ་དང་།  ཁོང་དཀར་མཛེས་རྫོང་མི་མང་སྨན་ཁང་དུ་ཁྲིད་ནས་ཆུ་ཚོད་གཉིས་ཙམ་བཞག་པའི་རིང༌། ཁོང་གིས། ངས་རང་ལུས་ལ་མེ་སྦར་བ་འདི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་པས། ང་ལ་སྨན་སྤྲད་པ་དང་ཁབ་བརྒྱབ་པ་སོགས་གང་ཡང་བྱེད་མི་དགོས་ཞེས་གསུངས་འདུག ད་ལྟའི་ཆར་གྲྭ་ཟླ་བ་ཚེ་རིང་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་དང་ཤི་གསོན་གང་ཡིན་གསལ་ཁ་གང་ཡང་མེད་པའི་ཐོག་ནས་གནས་ཡོད།

ཕྱི་ལོ་༢༠༡༡ ཟླ་༣ པ་ནས་བཟུང་ད་ལྟའི་བར་སེར་སྐྱ་གཉིས་བསྡོམས་ཁྱོན་མི་གྲངས་༡༠ ཙམ་གྱིས། བོད་དོན་དང་བོད་མིའི་རང་དབང་གི་ཆེད་དུ་སྐུ་ལུས་ལ་མེ་བསྒྲོན་ནས་རྐྱེན་འདས་སུ་གྱུར་པ་ལྔ་དང། དེ་མིན་རྣམས་གནས་སྟངས་ཇི་ཆགས་ད་ལྟའི་སྐབས་གསལ་པོ་མེད་པའི་ཐོག་གནས་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བོད་མི་ཚོས་སྐུ་ལུས་མེ་ལ་སྒྲོན་པའི་ལས་འགུལ་དེ། ཏཱ་ལའི་རུ་ཚོགས་དང་ཁ་བྲལ་བའི་ངན་བྱུས་ཡིན་ཚུལ་དང་བོད་མི་དེ་དག་གི་ལས་འགུལ་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ཡིན་ཚུལ་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དེ་ནི་རྨང་གཞི་རྩ་བ་ནས་མེད་པའི་རྒྱ་ནག་གཞུང་གི་རྒྱུན་ལྡན་གྱི་དྲིལ་བསྒྲགས་ཤིག་དང། རང་སྐྱོན་ཁོག་ཏུ་སྦས་ནས་གཞན་ལ་མཛུབ་མོ་བཙུགས་པའི་ངོ་ཚ་བྲལ་བའི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱ་རྒྱུ་ཡིན།

དེ་བཞིན་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང། ལྷག་དོན་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གི་དྲག་སྤྱོད་ཀྱི་བྱ་སྤྱོད་འདི་རྒྱ་ཡན་དུ་མི་འགྲོ་བ་དང། ད་ལྟའི་སྐབས་སྐུ་ལུས་མེ་བསྲེགས་ཐེབས་པ་རྣམས་ལ་ཁ་ཚ་དགོས་གཏུགས་ཀྱི་སྨན་བཅོས་ཚད་དང་ལྡན་པ་ཞིག་ཡོང་ཐབས་དང་། ཉེ་དུས་འཛིན་བཟུང་བྱས་པའི་དྷཱིཿཚ་དགོན་ཆེན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་སྡེ་དགེ་རྫོགས་ཆེན་སྟོབས་ལྡན་ལགས། ན་གཞོན་རྩོམ་པ་པོ་མེ་ལྕེ་ལགས་བཅས་མྱུར་དུ་གློད་གྲོལ་དགོས་པའི་ལས་དོན་སྤེལ་དགོས་པའི་སྐུལ་མ་ནན་པོ་ཞུ་རྒྱུ་དང། དེ་འབྲེལ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ཞིབ་འཇུག་གི་ཆེད་དུ་རང་དབང་ཅན་གྱི་རྒྱལ་སྤྱིའི་གསར་འགོད་པ་དང་ཞིབ་འཇུག་པ། ཆབ་སྲིད་མི་སྣ་སོགས་བོད་དུ་ཆེད་བསྐྱོད་ཐུབ་པར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། དེ་ལྟར་བྱུང་ན་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱེད་བཞིན་པ་ལྟར་བོད་ནང་རང་དབང་དང་སྤྱི་ཚོགས་འཆམ་མཐུན་སོགས་ཡོད་མེད་གསལ་པོ་ཆགས་ངེས་ཡིན་ཞིང། དེ་མིན་ནག་ཉེས་རང་ཉིད་ཀྱིས་བསགས། ངན་ཁག་གཞན་ལ་གཡོགས་པའི་བྱ་སྤྱོད་འདི་དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༧ ལ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།