རྟེན་འབྲེལ་མཚོན་བྱེད་བོད་ནས་ས་ཀི་ལོ་༢༠༠༠༠དབོར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༦ཉིན། སྙན་ངག་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་དབོར་ཡོང་བའི་ས་ཀི་ལོ་༢༠༠༠༠ ཐམ་པ་དེ་རིང་ཞོགས་པ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་འགྲེམས་སྟོན་གནང་སྐབས། བོད་མི་རྒན་གཞོན་མང་པོ་ཞིག་རང་གི་ཕ་ཡུལ་བོད་དང་ཕ་མ་སྤུན་མཆེད་དྲན་ནས་མིག་ཆུ་བཏོན་སོང༌།

དེ་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་བཞུགས་སྙན་ངག་པ་དང་རི་མོ་བ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས། ཁྱོན་དུས་ཡུན་ཟླ་བ་༡༧ལྷག་ཙམ་དཀའ་ལས་བརྒྱབ་ནས་རྟེན་འབྲེལ་མཚོན་བྱེད་དུ་བོད་ནས་ས་ཀི་ལོ་༢༠༠༠༠ཐམ་པ་བཞུགས་སྒར་དྷ་རམ་ས་ལར་དབོར་འདུག་པ་དང༌། དེ་རིང་ཞོགས་པ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ལག་རྩེད་སྤོ་ལོ་ཐང་དུ། འགྲེམས་སྟོན་གྱི་ཚུལ་དུ་གདེང་ཆ་ཞིག་སྐྲུན་འདུག་པ་དེ། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་དང༌། བཀའ་ཁྲི་མཆོག་གིས་བོད་ཀྱི་ས་ཐོག་ཏུ་ཞབས་སོ་བཀོད་རྗེས་གསུང་བཤད་གནང་དོན། དེ་རིང་འདིར་བོད་ཁྱིམ་གྱི་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས་སྐུ་ལས་མང་པོ་བསྐྱོན་ནས། བོད་ནས་ས་ཕོན་ཆེན་ཞིག་འདིར་བཞུགས་སྒར་དྷ་རམ་ས་ལར་དབོར་ཐུབ་པ་བྱུང་འདུག

དེའི་དམིགས་ཡུལ་དེ་ང་ཚོ་ཚང་མས་མཁྱེན་གསལ་ལྟར། ཁོང་གི་ཕ་དམ་པ་ནོར་བུ་ལགས་བཙན་བྱོལ་དུ་འབྱོར་ནས་ཨ་རིར་བསྐྱོད་རྗེས་བོད་ལ་ཐེངས་གཅིག་ལོག་རྒྱུའི་རེ་བ་ཡོད་ཀྱང༌། སྟབས་མ་ལེགས་པ་ཞིག་ལ་ཁོང་ཉིད་ཕྱི་ལོ་༢༠༠༨ལོར་འདས་གྲོངས་སུ་ཕྱིན་པ་རེད། ང་ཚོའི་ཕ་ཡུལ་བོད་ལ་ཐེངས་གཅིག་སླེབས་ཐུབ་པ་བྱུང་ན། དེའི་ནང་ནས་བོད་ཀྱི་རང་དབང་སྐྱར་གསོ་བྱས་པའི་ཉིན་མོ་དང༌། མཉམ་དུ་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་པ་བྱུང་ན་བསམས་པ་དེ་ང་ཚོ་ཚང་མའི་རེ་བ་རེད། ང་ཚོ་ཚང་མས་འབད་བརྩོན་བྱེད་བཞིན་པ་དེ་རེད།

ང་ཚོས་རྩ་དོན་རྩོད་པའི་དམིགས་ཡུལ་གཙོ་བོ་དེ་བོད་ནང་གི་རང་དབང་སྐྱར་གསོ་དང༌། ང་ཚོ་བོད་ལ་ཕར་ལོག་རྒྱུ་དེ་རེད། སྤྱིར་ཕྱི་ལོ་༡༩༥༩ནས་བོད་ནང་དུ་གནས་ཚུལ་ཛ་དྲག་ཡིན་པ་དང༌། ལྷག་པར་ཕྱི་ལོ་༢༠༠༨ལོར་བོད་ནང་གི་གནས་ཚུལ་ཛ་དྲག་ཏུ་ཕྱིན་ཡོད་པ་རེད། དཔེར་ན། ཉེ་ཆར་བོད་ནང་དུ་མི་གཅིག་དང་གཉིས་མིན་པ་ཁ་སང་རང་དཀར་མཛེས་ཁུལ་དུ་བོད་མི་ཞིག་གིས་བོད་ཀྱི་རྩ་དོན་ཆེད་སོ་སོའི་ཚེ་སྲོག་ཕུལ་བ་རེད། ཁོང་རང་ཐེངས་༡༠པ་དེ་ཆགས་ཀྱི་ཡོད་པ་རེད། འདི་ལོ་ཕྱི་ཟླ་༣པ་ནས་བཟུང་ཁ་སང་བར་དགུང་ལོ་༡༧ནས་༣༠སོ་གྲངས་བར་གྱི་མི་བཅུས་རང་ལུས་མེ་སྲེག་བཏང་ཡོད་པ་རེད།

བོད་ནང་དུ་ཡོད་པའི་བོད་མི་ཚོས་ག་རེ་བསམས་ཀྱི་ཡོད་པ་རེད་ཟེར་ན། རང་དབང་མེད་པའི་ཐོག་ནས་བཙན་བྱོལ་དུ་ཁ་བྲལ་ནས་བཞུགས་ཡོད་པའི་བོད་མི་ཚོ་ཉིན་ཞིག་མཉམ་འཛོམས་ཡོང་གི་རེད་བསམས་ནས། རང་གི་སྲོག་ཚུན་ཆད་བློས་བཏང་དང་གཏོང་བཞིན་པ་རེད། དེར་བརྟེན་བོད་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་ཚོའི་རེ་བར་ཕ་ཡུལ་བོད་དང་བོད་ཀྱི་ས་ཐོག་ཏུ་མཉམ་འཛོམས་ཐུབ་ན་བསམས་པའི་རེ་བ་དེ་ཡོད་པ་རེད།

དེར་བརྟེན་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་རང་ནས་ས་ཕོན་ཆེན་དབོར་འདུག་པ་དང༌། དུས་ཡུན་ཟླ་བ་༡༧ཙམ་སྐུ་ལས་བསྐྱོན་འདུག་སྟབས། འགྲོ་སོང་ཡང་ཧ་ཅང་ཆེན་པོ་ཕྱིན་ཡོད་ཀྱི་རེད། དེར་བརྟེན་ཁོང་གིས་སྐུ་ལས་འདི་འདྲ་བསྐྱོན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེར་བརྟེན་ངོས་རང་ཡང་བརྟེན་འབྲེལ་མཚོན་བྱེད་དུ་བོད་ཀྱི་ས་ཐོག་ཏུ་གོམ་པ་ཞིག་རྒྱག་ཐུབ་སོང་ལ། དེ་རིང་ང་ཚོས་བོད་ཀྱི་ས་དེ་དངོས་སུ་ལག་པས་འཆང་རྒྱུ་བྱུང་བ་དེ་གང་མགྱོག་ང་ཚོ་དངོས་སུ་བོད་ལ་ལོག་ཐུབ་པའི་རྟེན་འབྲེལ་བཟང་པོ་བྱུང་སོང་ཞེས་གསུངས་སོང༌།

དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སློབ་མ་རྒན་པ་བློ་བཟང་རྒྱལ་མཚན་ལགས་ནས་གླིང་བུའི་ལམ་ནས་བདེ་ཚིག་སྨོན་ལམ་སྐྱོ་བ་དང༌། ཀིརྟི་བྱིས་པ་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་སྨོན་ལམ་གསོལ་འདེབས་གནང༌། གཞན་ཡང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཆུང་བ་བརྒྱ་ལྷག་ཙམ་ཞིག་གིས་༼ང་ཚོ་ཕ་ཡུལ་བོད་ལ་ལོག་འགྲོ་༽ཞེས་པའི་མཉམ་གཞས་ཤིག་ཀྱང་བཏང་སོང༌།

རིམ་བཞིན་མི་མང་དང་དགེ་ལས་སློབ་མ་བཅས་གདེང་ཆའི་ཐོག་སྤུངས་ཡོད་པའི་བོད་ཀྱི་ས་ཐོག་ཏུ་བསྐྱོད་དུ་བཅུག་སྐབས། བོད་མི་ཚོས་དགའ་སྤྲོ་དང་སེམས་ཚོར་ཆེན་པོས་བོད་ཀྱི་ས་ལ་ལག་པ་འཆང་བ་དང༌། བོད་མི་ཁག་ཅིག་གིས་ཕྱག་འཚལ་བ་དང༌། ཁ་བཏགས་ཕུལ་བ། མང་པོ་ཞིག་གིས་མིག་ཆུ་འདོན་བཞིན་གསོལ་བ་སྨོན་ལམ་འདེབས་བཞིན་འདུག འགྲེམས་སྟོན་མཛད་སྒོ་སྐབས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་མ་ཡོངས་དང༌། དྷ་ས་གནས་སྡོད་བོད་མི། བོད་དོན་ལས་འགུལ་བ། ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་བྱས་འདུག

བསྟན་འཛིན་རིག་གྲོལ་ལགས་ཀྱིས་སྒྱུ་རྩལ་འགྲེམས་སྟོན་འདིའི་དམིགས་ཡུལ་གཙོ་བོ་ནི་ང་ཚོའི་མི་རབས་རྒན་པ་རྣམས་ལ་བོད་ཀྱི་ས་ཡང་བསྐྱར་མཇལ་རྒྱུ་དང༌། སྐྱབས་བཅོལ་ནང་སྐྱེས་པའི་མི་རབས་གསར་པ་རྣམས་ལ་བོད་ཀྱི་ས་དངོས་སུ་མཇལ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་མ་ཟད།  གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་ཡང་ཡིན་ཞེས་དང༌། ཁོང་གིས་དེ་རིང་ཞོགས་པ་ང་ཚོས་བོད་ཀྱི་ས་དེ་འཁྱེར་ནས་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་ཡིན། སྐབས་དེར་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་ཕྱག་འཆང་ནས། ས་དེའི་སྟེང་བོད་ཡིག་༼བོད་༽ཅེས་པའི་ཕྱག་ཡིག་ཅིག་བྲིས་གནང་སོང༌། སྐབས་དེར་ངོས་རང་སེམས་ཚོར་ཚད་མེད་སྐྱེས་བྱུང༌།

ས་འདི་ཉིན་གསུམ་རིང་འདི་གར་འཇོག་རྒྱུ་དང༌། དེ་རྗེས་བོད་མི་ཚོས་དྲན་རྟེན་གྱི་ཚུལ་དུ་སོ་སོའི་ནང་ལ་འཁྱེར་འགྲོ་ན་འགྲིག་གི་རེད་ཅེས་གསུངས་སོང༌། འོན་ཀྱང་གསར་འགོད་པས། ས་དེ་བོད་ནང་གི་ས་ཕྱོགས་གང་ནས་གང་འདྲ་བྱས་ནས་འཁྱེར་ཡོང་མིན་དང༌། ལམ་བར་དུ་དཀའ་ངལ་ག་རེ་དང་ག་རེ་འཕྲད་མིན་སོགས་བཅར་འདྲི་ཞུས་ཡང༌། ཁོང་གིས་དེའི་སྐོར་གློག་བརྙན་ཞིག་བཟོས་ཡོད་པས་དེ་ནས་གསལ་རྒྱུ་ལས། དེ་རིང་འགྲེལ་བརྗོད་གནང་རྒྱུ་མིན་ལུགས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (33)
33 ༣༠༢༠༡༡༡༡༠༤
ཤར་གངས་རི་ལགས་ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
32 ༣༠༢༠༡༡༠༨༡༩
བྱ་བ་འདི་ནི་ཁྱེད་ཀྱི་མི་ཚེ་ནང་གི་མཛད་རྗེས་དྲན་རྟེན་འཇོག་འོས་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག འདི་ནི་ལས་འགུལ་གྱི་རྣམ་པ་མི་འདྲ་བ་ཞིག་ཏུ་མཐོང་བས་མུ་མཐུད་གསར་བཏོད་ཀྱི་ལས་འགུལ་གྱི་རྣམམ་པ་ལ་མཇུག་སྐྱོངས་གནང་རོགས།
31 ༣༠༢༠༡༡༠༧༤༥
གེ་གསར་ལགས་མགོ་བོ་བརྡུང་བྱེད་ཅེས་མ་འོངས་པ་བྲིས་ན་རྟགས་འཇུག་གི་དགོངས་དོན་དང་ཡོངས་སུ་འགལ་ངེས། དེ་ལ་སྔོན་འཇུག་དེ་བླངས་ཏེ་རྡུང་བྱེད་ཅེས་ད་ལྟ་བ་འབྲི་ན་ལེགས་སྙམས། ཡིན་ནའང་ཨུ་ཚུགས་མི་བྱ།
30 ༣༠༢༠༡༡༠༦༢༣
དགྲ་ལྷ་ལགས། ཁྱེད་ཀྱིས་ཡར་བཤད་མར་བཤད་མང་པོ་ཞིག་བཤད་འདུག མདོར་དོན་སྙིང་པོ་དེ་རིག་གྲོལ་གྱིས་ས་དེ་བོད་ནས་ཁྱེར་ཡོང་བ་མ་རེད་རྒྱ་གར་གྱི་ས་རེད་ཟེར་རྒྱུ་ཡིན་པ་འདྲ། ཨེ་རེད། དེ་ལྟར་ཡིན་ན་སྔ་ས་ནས་ཚིག་ཁ་ཤས་ཤིག་གིས་གསལ་བཤད་བྱེད་ཐུབ་ཀྱི་རེད། འདི་ལྟར་མང་པོ་བརྗོད་དགོས་པ་མ་རེད། ཁྱེད་ཀྱི་བསམ་ཚུལ་དེ་ཡག་པོ་འདུག ས་དེ་བོད་རང་ནས་ཁྱེར་ཡང་བ་ཞིག་ཡིན་དགོས་མ་གཏོགས་ལ་དྭགས་སོགས་ནས་ཡིན་ན་གཏན་ནས་མི་འགྲིགས། དེ་ལའང་ང་ཚོས་ཞིབ་འཇུག་བྱེད་དགོས་པ་འདུག
རིག་གྲོལ་ལགས་བོད་དོན་བསམ་མཁན་དང་བོད་དོན་ཁྱབ་བསྒྲགས་བྱེད་མཁན་གྱི་ལྷག་བསམ་ཅན་ཞིག་ཡིན་ན་གསར་འགོད་པས་ས་དེ་ས་ཕྱོགས་གང་ནས་དང་། གང་འདྲ་བྱས་ཏེ་འཁྱེར་ཡོང་བ་ཡིན་ཞེས་འདྲི་སྐབས་སྦས་གསང་མེད་པ་གཅིག་ནས་གཉིས་བར་ས་ཕྱོགས་གང་ནས་ཡིན་པ་དང་། འཁྱེར་ལུགས་འཁྱེར་སྟངས་དང་བཅས་པ་ཆ་ཚང་གསལ་བཤད་ཅིག་བྱས་ཡོད་ན་བོད་དོན་ཁྱབ་བསྒྲགས་རང་རེད། གསལ་བཤད་གང་ཡང་མེད་པ་ཚོང་པའི་སྐད་ཆ་འདྲ་པོ་གློག་བརྙན་ཞིག་བཟོས་ཡོད་པའི་དེར་གསལ་རྒྱུ་ཞེས་ལབ་པ་རེད། ཕྲན་དགྲ་ལྷ་རྣམ་རྟོག་ཅན་ཞིག་ཡིན་པས་ཚོང་པའི་སྐད་ཆ་འདྲ་པོ་ཞིག་བཤད་འདུག་བསམ་པ་རེད། གལ་སྲིད་བོད་དོན་ཁྱབ་བསྒྲགས་ཆེད་ཡིན་ན་ས་དེ་ཉིན་གསུམ་གྱི་རྗེས་སུ་འཁྱེར་ན་འགྲིགས་མ་ལབ་པ་ལྷ་རྒྱ་རི་ལྟ་བུའི་ས་ཆ་ཞིག་ལ་རྡོག་རྡོག་བྱེད་དེ་ས་ཕྱོགས་གང་ནས་འཁྱེར་པའི་ས་ཕྱོགས་དང་ཡུལ་ལུངས་དེ་དང་དེའི་མིང་རྣམས་འབྲི་ནས་མཆོད་རྟེན་ལྟ་བུ་བཟོས་ཡོད་ན་དྲན་རྟེན་ངོ་མ་ཆགས་པ་རེད་སྙམ།
བོད་ཀྱི་ས་ཡོངས་རྫོགས་བོད་པའི་ས་མ་ཡིན་པ་ཐལ། དུས་ཀྱི་ཆ་ནས་ད་ལྟ་ས་ཆ་དེ་རྣམས་རང་བཙན་རྒྱལ་ཁབ་ཀྱི་འོག་ཏུ་ཡོད་པའི་ཕྱིར་རོ། ཧཧཧཧཧཧ
27 ༢༩༢༠༡༡༠༠༠༩
དགྲ་ལྷའི་མགོ་བོ་བརྡུང་བྱེད་མཐོ་བ་གཉིས་འདུག་དགྲ་ལྷ་འཆི་རྒྱུ་རང་རེད།།
26 ༢༩༢༠༡༡༠༠༠༢
ཁྲིམས་ཀྱི་བར་མི་རང་རེད་བདེན་པས་ཁྲིམས་ཐག་བཅད་སོང་ཁོ་པ་ཁ་བརྡའི་ནང་ཡོངས་སྐབས། ཨ་ཁུ་དགྲ་ལྷ་དང་མཆོད་མེ་རྐང་གཅིག་མིང་ཐོག་ནས་༧གོང་ས་མཆོག་དང་བོད་གཞུང་ལ། གཞི་མེད་སྐྱོན་བརྗོད་ཁོ་ན་བྱེད་པ་དང་གཅིག དྲ་ཐོག་འདིར་བོད་ནང་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སྙིང་སྟོབས་ལ་རྐྱོན་བརྗོད་བྱེད་པ་ཙམ་དུ་མ་ཟད། བྱེས་བཞུགས་བོད་མིའི་གསར་ལྟོས་ལས་དོན་ལ་རྐྱོན་བརྗོད་བྱེད་པ་སོགས་གུང་ཁྲན་གྱི་ལས་དོན་ཁོ་ན་བྱེད་ཚུལ་ལ་དྲ་གྲོགས་ཡོངས་ནས་ཐུགས་སྣང་དགོས་སོ།། །།
དགྲ་ལྷ་དམ་ཉམས་ཁྱོད་ལ་བཤད་རྒྱུར། རིག་གྲོལ་ལགས་ཀྱི་དཀའ་སྡུག་ཚད་མེད་མྱངས་པ་དང་འགྲོ་སོང་ཚོད་མེད་བཏང་པའི་རྗེས་ཀྱི་ས་ཀོ་ལོ་ ༢༠༠༠༠། ཙམ་རང་ཡུལ་བོད་ནས་བཙན་བྱོལ་དུ་འོར་འདྲེན་ཐུབ་པ་ནི་བོད་མི་ཞིག་ཡིན་ཕྱིན་དགའ་ཚོར་སྐྱེས་དགོས་པ་ཞིག་དང་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ཉིན་གསུམ་གྱི་ནང་གནས་ཚུལ་འདི་ནི་འཛམ་གླིང་རྒྱལ་སྤྱིའི་གསར་འགྱུར་དམིགས་བསལ་ཞིག་ཆགས་ཡོད་པ་ནི་ཁྱོད་ཀྱི་འབྲེལ་བཤད་གང་འདྲ་ཞིག་རྒྱབ་མཁན་ཡིན་པ། དགྲ་ལྷ་ཁྱོད་ཀྱི་གནས་ཚུལ་ཞིབ་ཕྲ་ངས་རྗེས་སུ་ག་ལེར་བཤད་ཆོག འོ་ན་ཁྱོད་ཀྱི་ད་བར་བོད་དོན་ཐོག་ལས་ཀ་ག་ཚོད་གཅིག་བྱེད་ཡོད། ཁྱོད་ཀྱི་དྲ་རྒྱ་འདིའི་བརྒྱུད་༸གོང་ས་མཆོག་དང་བོད་དོན་ཐོག་ལས་ཀ་བྱེད་མཁན་སྣ་གཅིག་ཡོད་ན་ཡང་འགག་པ་རྒྱབ་པ་དང་མི་རྣམས་ཀྱི་སེམས་ཤུགས་གཅོག་གང་ཐུབ་བྱེད་ཀྱི་ཡོད། ཁྱོད་ཀྱི་རྒྱབ་ལྗོངས་དང་བསམ་ཚུལ་གང་འདྲ་ཡོད་མེད་ཁྱོད་ཀྱི་ཡི་གེ་བྲིས་སྟངས་ནས་ཧ་གོ་ངེས་རེད། ལ་དྭགས་ཀྱི་ས་དང་མོན་གྱི་ས་ཡང་བོད་ཀྱི་ས་རེད་ལབ་ན་སུས་སྣང་བ་འགྲོ། དུས་ཚོད་ཀྱི་འགྱུར་བའི་ཆ་ནས་ད་ལྟ་ས་ཆ་དེ་རྣམས་རང་བཙན་རྒྱལ་ཁབ་འོག་ལ་ཡོད་པ་དང་དེ་ཡང་ང་ཚོ་གནས་ཚང་གཡར་སའི་ས་ཆ་རེད། དེ་རྣམས་བོད་ཀྱི་ས་རེད་ལབ་ན་རྡོ་རྗེ་གླིང་དང་ཨ་སམ། ད་དུང་སྔར་བོད་ཀྱི་མངའ་འོག་ན་ཡོད་པའི་ས་ཆ་ཡོངས་རྫོགས། བལ་ཡུལ་མངའ་ཁོངས་ཡོངས་རྫོགས་བོད་ཀྱི་ས་རེད་ལབ་ན་ཡང་འགྲིག་གི་རེད། དེ་ཚོ་སུའི་སྣང་བར་འགྲོ་གི་རེད། ཕྱིས་སུ་བོད་ལ་རང་དབང་ཚད་ལྡན་ཞིག་རག་པའི་རྗེས་སུ་མོན་དང་ལ་དྭགས་ལ་སོགས་པ་བོད་ཀྱི་མངའ་ཁོངས་སུ་གཏོགས་ཐུབ་ན་ད་གཟོད་གཞི་ནས་བོད་ཀྱི་ས་རེད་ལབ་ན་ཡང་ཆོག དེ་མིན་སྐད་ཆ་ལ་ཁུངས་ལུང་ཡོད་ནས་བཤད་པ་ལས་དོན་མེད་སེམས་ཤུགས་གཅོག་ཐབས་དང་ཚོང་གི་ཆེད་རེད་ལབ་ན་ཁྱོད་བོད་པའི་ལུས་ལ་སྐྱེ་བ་ལེན་ནས་ཅི་བྱེད། དེ་ལས་གུང་བྲན་ཏང་གི་ལས་བྱེད་གཅིག་གི་སྐྱེ་བ་ལེན་ན་ཡག་པ་ཡོད། དེང་སྐབས་མི་སུ་འདྲ་གཅིག་གི་ལས་ཀ་སྣ་ཆུང་ངུ་ཞིག་བྱེད་ཀྱང་བརྙན་འཕྲིན་ཐོག་ཕབ་ལེན་བྱེད་ཀྱི་ཡོད་ལ་བལྟ་མཁན་སུ་གཅིག་མེད་ཀྱང་དྲ་རྒྱའི་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད། རིག་གྲོལ་ལགས་ཀྱི་དཀའ་ལས་ཚད་མེད་རྒྱབ་པའི་བརྙན་དཔར་ཞིག་བཟོས་པར་ཁྱོད་ཀྱི་ཧ་ལས་མདོག་བྱེད་པ་ནི་ལྐུགས་པ་རང་ཡིན། གལ་ཏེ་རིག་གྲོལ་ལགས་ཀྱི་འོད་སྡེར་ཚོང་འགྲེམས་བྱེད་ན་ཡང་ཁོས་ས་རྣམས་འོར་འདྲེན་བྱེད་པའི་རིན་པ་རྣམས་ནམ་ཡང་ཚུར་ལོག་མི་ཐུབ། རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་སྒོར་བཅུ་དང་ཉི་ཤུ་སྤྲད་ནས་འོད་སྡེར་ཉོས་གང་ཐུབ་བྱེད་པ་ལས་འོད་སྡེར་ངོ་མ་ཉོ་མཁན་ནི་ཤིན་ཏུ་དཀོན། ཕྱི་རྒྱལ་ཁག་ནས་ཉོ་མཁན་ཡོད་ན་ཡང་ཉུང་ཤས་རེད། དགྲ་ལྷ་དམ་ཉམས་ཁྱོད་དཀྲུགས་ཤིང་རྒྱག་དགོས་མ་རེད་ལ་སེམས་ཤུགས་ཡང་བཅག་དགོས་དོན་མེད། བོད་ལ་རྒྱ་མིས་ཉིན་ལྟར་བོད་པ་ཚོ་སེམས་ཤུགས་བཅག་གང་ཐུབ་དང་དཀྲུགས་ཤིང་རྒྱབ་གང་ཐུབ་བྱེད་ཀྱི་ཡོད། ཡིན་ཡང་བོད་པ་ཚོ་ཉིན་རེ་བཞིན་སེམས་ཤུགས་སྔར་ལས་ལྷག་པ་འཕེལ་བཞིན་ཡོད། ཁྱོད་སྐྱབས་བཅོལ་དུ་འཚོ་བ་བསྐྱེལ། ལས་ཀ་གུང་བྲན་ཏང་གི་ཆེད་དུ་བྱེད་མཁན། བོད་པའི་གཏམ་དཔེར། སྤྱང་ཕྲུག་གསོས་ནས་སྒོ་ཁྱི་ཕན་མི་ཐོགས། ཟེར་བ་འདི་དམ་ཉམས་ཁྱོད་རེད། ཁྱོད་ལྟས་ངན་ཉི་ཤུ་དགུའི་གླུད་ནང་ལ་བརྫངས་དགོས་རྒྱུ་རང་རེད་འདུག
24 ༢༧༢༠༡༡༢༢༥༩
ངས་མདོ་མཛངས་བླུན་དང་མངོན་རྟོགས་རྒྱན་འགྲེལ་པ་དོན་གསལ་རྗེ་བཙུན་ཙོང་ཁ་པའི་གསུངས་རྟེན་འབྲེལ་བསྟོད་པ་སོགས་བཀོད་ནས། རྒྱལ་གཅེས་དཔའ་བོ་རྣམས་ནས་བོད་དོན་དང་ཆོས་ཀྱི་དོན་དུ་སྐུ་སྲོག་པུལ་བ་འཚེ་ལས་མིན་པ་བསྒྲུབས་པ་ལ། (བསམ་ཚུལ་བཅུ་གསུམ་པའི་ནང་དགྲ་ལྷ་ཁྱོད་ཀྱིས་) (དགེ་བའི་ཆོས་སུ་འགྲོ་མ་འགྲོ་བྱ་བ་དེའི་སྦྱོར་དངོས་རྗེས་གསུམ་སོགས་མང་པོ་ཞིག་ལ་རགས་ལས་པ་མ་གཏོགས་་མཐོ་བོད་ཀྱི་ཁ་ནས་བཤད་པ་བཞིན་མ་རེད་ཅེས་ཐག་བཅད་ནས་ཞུ་ཐུབ)ཅེས་པ་ཁྱོད་ཀྱིས་་གང་བྲིས་པ་ཇི་བཞིན་བཀོད་པ་ལས་ཡིག་ནོར་ཡང་བཅོས་མེད། དེས་ན་མཐོ་བོད་ཀྱིས་བཤད་པ་བཞིན་མ་རེད་ཅེས་ཐག་བཅད་ནས་ཞུ་ཐུབ་པ་དེས། ཁྱོད་ནས་རྒྱལ་བཅེས་དཔའ་བོ་རྣམས་འཚེ་བའི་ལས་ལ་བཞུགས་པ་ཁས་བླངས་པ་མ་ཡིན་ནམ། གདན་སར་ལོ་ངོ་ཉི་ཤུ་ཙམ་བསྡད་ནས་ཆོས་ཕྱོགས་ནས་རྒྱུ་མཚན་བཤད་རྒྱུ་མེད་པ་སྙིང་རྗེའི་ཡུལ་ལས་མ་འདས། གོ་བ་མེད་པའིདགྲ་ལྷ་ལ། བདེན་པའི་དོན་ལས་དབྱུག་པ་བཙན།། ཞེས་པ་ནི་རྩེད་མོས་བྲིས་པ་ཙམ་ལས་ཁྱོད་ལ་གུས་པས་དབྱུག་པ་བཞུ་བས་གོ་སྐབས་ཡོང་མི་སྲིད་ལ་གོ་སྐབས་ཐོབ་ཀྱང་བཞུ་མི་སྲིད། །གཞན་གུས་པར་བགྲོ་གླེང་བྱ་མི་བྱ་ཁྱོང་རང་རང་དབང་རེད་ང་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མིན་འདུག། །།
སྲོག་སྙིང་དམར་པོ་ལགས། ཐོག་མར་བཀྲིས་བདེ་ལེགས་ཞུ། ༡༽ རིག་གྲོལ་ལགས་ཀྱིས་རྟེན་འབྲེལ་གྱི་ཆེད་དུ་ཕ་ཡུལ་བོད་ཀྱི་ས་ཁྱེར་ཡོང་བ་དེ་རྨི་ལམ་ནང་དུ་རྟ་དཀར་པོ་བཞོན་ན་རྟེན་འབྲེལ་བཟང་ཞེས་པ་དང་གཏན་ནས་འདྲ་བགྱི་མ་རེད། རིག་གྲོལ་ལགས་ཀྱིས་ས་འགྲེམས་སྟོན་དབུ་འབྱེད་སྐབས་སུ་མི་ག་ཚོད་ཀྱིས་མིག་ཆུ་བཏང་པ་ཤེས་སོང་ངམ། ང་ཚོའི་འཐབ་རྩོད་དེ་རྣམ་པར་རྒྱལ་བ་ལ་མི་མང་ལ་ཚོར་ཤུགས་འཕེལ་བའི་བྱེད་སྒོ་སྤེལ་ཐུབ་དགོས། ད་རིང་རིག་གྲོལ་ལགས་ཀྱིས་བོད་ཀྱི་ས་ཁྱེར་བ་དེས་མི་མང་ལ་ཚོར་ཤུགས་ཟབ་མོ་ཞིག་སྤྲད་ཐུབ་འདུག་པས་དེ་གས་ཆོག་པ་འདུག་སྙམས། ༢༽རིག་གྲོལ་ལགས་ནི་འཚོ་བའི་སྣང་བརྙན་རི་མོའི་ལམ་ནས་མི་རྣམས་ལ་ངོ་སྤྲོད་བྱེད་ནས་ཚོ་འདུ་ཕྲ་རགས་འཕེལ་འཇུག་མཁན་གྱི་སྒྱུ་རྩལ་པ་ཞིག་རེད། སྒྱུ་རྩལ་པའི་དམིགས་འདུན་ནི་གསར་གཏོད་ནས་གསར་གཏོད་རེད་མ་གཏོགས་ལད་ཟློས་ནས་ལད་ཟློས་མིན། ༣༽རིག་གྲོལ་ལགས་ཀྱིས་ས་ཁྱེར་ཡོང་ཚར་བ་རེད། མ་འོངས་པར་ཡང་ས་རྐྱང་རྐྱང་དབོར་ནས་སྡོད་ཀྱི་མ་རེད། ས་དབོར་བའི་བྱེད་སྒོ་དེ་ལོ་གཅིག་ལྷག་གི་དུས་ཡུན་ནང་འགྲུབ་ཚར་བ་རེད། ༤༽ རིག་གྲོལ་ལགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་དེས་མི་མང་པོའི་སེམས་སུ་ང་ཚོའི་འཐབ་རྩོད་དེ་རྣམ་པར་རྒྱལ་བ་ལ་བྱེད་སྒོ་ཆེ་ཕྲ་སྣ་ཚོགས་གསར་གཏོད་བྱེད་ཐུབ་ན་ཕན་ནུས་བླ་ལྷག་ཡོད་པ་ངོ་སྤྲོད་གསལ་པོར་བྱེད་ཡོད། སྲོག་སྙིང་དམར་པོ་ལགས། ཁྱེད་ཀྱིས་དྲང་པོ་གསུང་དང་རིག་གྲོལ་ལགས་ཀྱིས་བོད་ཀྱི་ས་ཁྱེར་ཡོང་བའི་རྟེན་འབྲེལ་འདི་ནམ་རྒྱུན་ང་ཚོས་བརྩི་སྲུང་བྱེད་བཞིན་པའི་རྟེན་འབྲེལ་དང་རྩ་ནས་འདྲ་གི་མ་རེད། ད་རིང་གི་རྟེན་འབྲེལ་འདི་ལ་ཆབ་སྲིད་དང་འཐབ་རྩོད་ཀྱི་བླ་སྲོག་ཡོད་པའི་རྟེན་འབྲེལ་ཞིག་རེད་མི་འདུག་གམ། འཛམ་གླིང་འདིའི་སྒང་དུ་སྙན་ངག་མཁན། རི་མོ་མཁན། གཞས་པ་གཞས་མ། སྲིད་དོན་པ། རོལ་མོ་བ་ལ་སོགས་པ་སུ་ཞིག་ཡིན་ཡང་གཞན་གྱིས་བསམ་བློ་ལ་སྒུལ་ཤུགས་ཐེབས་པའི་ནུས་པ་ཡོད་དགོས། གཞན་གྱི་བསམ་བློ་ལ་སྒུལ་ཤུགས་བྱེད་མི་ནུས་པའི་བྱེད་སྒོ་རིགས་ནི་ཕན་མེད་ཁོ་ནའོ།

སྲོག་སྙིང་དམར་པོ་ལགས་གལ་ཏེ་ངས་བརྗོད་པ་རྣམས་འགྲིགས་མི་འདུག་ན་དགོངས་དག ད་ང་ཉལ་དགོས།
སློབ་གྲྭའི་ནང་ཟེར་ནའང་འདྲ་སྤྱི་བཏང་བོད་པའི་གཞོན་སྐྱེ་ཚོའི་ཤེས་ཡོན་གྱི་གནས་ཚོད་དང་ཀུན་སྤྱོད་ཉམས་ཆགས་འགྲོ་ཡི་ཡོད་པའི་སྐད་ཆ་སྤྱི་སྒེར་ཚང་མས་བཤད་དང་བཤད་བཞིན་པ་རེད། ཤེས་ཡོན་དང་ཀུན་སྤྱོད་ཉམས་ཆགས་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་དང་ཡར་རྒྱས་གཏོང་ཐབས་ག་རེ་ཡོད་མེད་ཐོག་དགོངས་འཆར་གནང་ཐུབ་ན་ཡག་པོ་རེད་སྙམ། ང་ཚོའི་བོད་པའི་སློབ་གྲྭ་ལ་མི་འདྲ་བ་ཁག་བཞི་ཙམ་དབྱེ་ཆོག་པ་འདུག ༡ དང་པོ་བོད་སློབ་འཛིན་ཚོགས་འོག་ཏུ་ཡོད་པའི་སློབ་གྲྭ་( c.s.t. ) ༢ གཉིས་པ་རྡ་སའི་བོད་ཁྱིམ་སློབ་གྲྭ་དང་དེའི་ཡན་ལག་ཁག་ ( t.c.v ) ༣ གསུམ་པ་སམ་བྷོ་ཊའི་སློབ་གྲྭ ༤ བཞི་པ་མ་སུ་རི་བོད་ཁྱི་སློབ་གྲྭ་བཅས་གཙོ་ཆེ་བ་དེ་ཚོ་རེད། དེ་དག་སོ་སོ་ནས་ཐོན་པའི་དབུས་བོད་མིའི་སྒྲིག་འཛུག་དང་ཚོགས་པ་སྤྱི་སྡུག་ཁག་གི་ནང་སྤྱི་ལ་ཕན་པའི་ལས་ཀ་བྱས་དང་བྱེད་བཞིན་པ་གང་འདྲ་འདུག་དེ་དག་སློབ་གྲྭ་གང་ནས་ཐོན་འདུག་བོད་སྤྱི་ལ་ཕན་པའི་སློབ་ཕྲུག་གསོ་སྐྱོང་སུས་མང་བ་གནང་འདུག་རྟོག་ཞིབ་ཅིག་གནང་ཐུབ་ན་མ་འོང་པ་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བའི་རྐྱེན་བྱེད་པའི་རེ་བ་མེད་དམ་སྙམ། གུས་པས་ཤེས་པ་འགའ་ཤས་ཀྱི་མཚན་འབྲི་བ་ཡིན་ན།
༡ བོད་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་ནས་ཐོན་པ།
བཀའ་ཁྲི་བློ་བཟང་སེང་གེ བཀའ་བློན་འབྲང་ཆུང་དངོས་གྲུབ། བཀའ་ཟུར་ཐུབ་བསྟན་ལུང་རིག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། བཀའ་བློན་རྒྱ་རི་སྒྲོལ་མ། དཔེ་མཛོད་དབུ་འཛིན་དགེ་བཤེས་ལྷག་རྡོ། སྨན་རྩི་ཁང་གི་དབུ་འཛིན་སྨན་པ་རྟ་འགྲིན། སྨན་པ་པདྨ་རྡོ་རྗེ། དོན་ཟུར་ཨ་ཏི་ཤ། ལ་སོགས་པ་མང་པོ་ཡོད་འདུག དེ་དང་དེ་འདྲ་བ་སློབ་ཁག་གཞན་ནས་ཐོན་པ་དེ་འདྲ་ཡོད་ན་འགོད་རོགས་གནང་རྗེས་སུ་ཕྱོགས་བསྡོམས་ཤིག་བྱས་ཏེ་གནས་ཚུལ་ངོ་མ་དེ་གང་ཡིན་མིན་ཤེས་ཐུབ་པ་དང་འགྱུར་བ་གཏོང་རྒྱུར་ཕན་ཐོག་ཡོང་གི་རེད་སྙམ།
༢ རྡ་སའི་བོད་ཁྱིམ་སློབ་གྲྭའི་མ་ལག་ནས་ཐོན་པ། བོད་ཁང་དབུ་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ། དཔེ་མཛོད་ལས་བྱེད་ན་ག་སངས་རྒྱས་བསྟན་དར།
༣ མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཐོན་པ།
༤ སམ་བྷོ་ཊ་སློབ་གྲྭ་ཐོན་པ།

འཚོལ་ཞིབ་བྱ་ཡུལ། མང་གཙོའི་ཀ་བ་གསུམ་གྱི་ལྷན་ཁང་ཁག་སྤྱི་འཐུས། བཀའ་ཤག ཁྲིམས་ཞིབ་ཁང་བཅས་ཀྱི་ནང་དྲུང་ཆེ་ཡན་དང། སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཡན། ཕྱི་ལུགས་དང་སྲོལ་རྒྱུན་གྱི་སྨན་པ་ཁག སློབ་གྲྭ་ཁག་གི་སློབ་སྤྱི་དང་རྒན་ཆེ་ཡན་གྱི་ནང་སློབ་གྲྭ་གང་ནས་ཐོན་པ་མང་བ་འདུག་རྟོགས་ཞིབ་བྱེད་དགོས་པ་མཐོང་།
བརྗོད་བྱ་བརྗོད་བྱེད་སོགས་ཀྱི་ཐོག་ནོར་འཁྲུལ་ཡོད་ངེས་པའི་དགོངས་སེལ་དང་བཟོད་གསོལ་ཞུ།
མཐོ་བོད་ལགས་ཁྱེད་ཀྱི་གོང་དུ་བྲིས་པ་དེ་དྲན་པར་འདུག་གམ། འདི་ལྟར་༼ དང་པོ་ཁྱེད་ནས་རྒྱལ་གཅེས་པ་རྣམས་ཀྱི་ཐོག་མའི་ཀུན་སློང་མི་དགེ་བ་ཡིན་པ་གང་གིས་གྲུབ་ ༽ ཅེས་པའི་དྲི་བ་འདོན་མཁན་དང་དེ་ནས་དྲི་བ་འགོད་སའི་ཁྱེད་དེ་སུ་ཡིན་ནམ་མཐོ་བོད་ལགས་ལན་ཁ་གསལ་གོ་བདེ་ཞིག་ཡོད་པ་ཞུ། དྲི་བའི་ལན་ཁ་ཐུག་གསུང་རོགས་ཉག་ཉོག་གི་སྐད་ཆ་བཤད་རྒྱུ་དང་ཉོན་རྒྱུར་དགའ་པོ་མེད། དགྲ་ལྷར་བཀོད་པ་ཡིན་ན་ཁོང་རྣམ་པར་གུས་པའི་ཆོས་ཕྱོགས་ནས་ལན་ཞུ་ཐུབ་པ་མི་འདུག་ཅེས་ཞུས་ཟིན་པས་སླར་ཡང་དྲི་བ་འགོད་སྟངས་ལ་ལྟས་ན་མྱོས་རྫས་སྤྱོད་དེ་མཐོ་བོད་ཁྱེད་སྨྱོས་པ་འདྲ། དེ་ནས་ཁྱེད་ཀྱིས་དབྱུགས་པའི་སྐད་ཆ་བཤད་སྟངས་ལ་ལྟས་ན་ཁྱེད་ཀྱི་སྤུ་མདོག་ངོ་མ་དེ་ཡང་གུས་པའི་ཕྲན་ཙམ་ཤེས་སོང་བས་སྐད་ཆ་འདི་ཁྱེད་ལ་བཤད་པ་མཐར་མ་དེ་ཆགས་སྲིད།
20 ༢༧༢༠༡༡༡༢༢༣
རྒྱུ་མཚན་ཚམ་(ཙམ་ལ་བཅོས)
19 ༢༧༢༠༡༡༡༢༢༠
འཚེ་བའི་ལས་ལ་སྦྱོར་དངོས་འཇུག་གསུམ་ཚང་དགོས་པ་དངོས་ཡོད་ལ། ་བོད་དོན་དང་ཆོས་དོན་ཆེད་སྐུ་ལུས་ཕུལ་བའི་ལས་ལ་འཚེ་བའི་ལས་ཀྱིས། སྦྱོར་དངོས་འཇུག་གསུམ་མ་ཚང་བའི་རྒྱུ་མཚན་ཚམ་དུ་བཀོད་པ་ཡིན་གྱི། ཁྱོད་ཀྱིས་མི་དགེ་བར་བཤད་པ་ལ་ལོག་འགྲེལ་བྱས་ན་གོ་བ་མེད་པའི་བརྟགས་མཚན་རེད། གོ་བ་མེད་པའི་དགྲ་ལྷ་ལ།།བདེན་པའི་དོན་ལས་དབྱུག་པ་བཙན།། །།
དངོས་གནས་དྲ་གྲོགས་སྲོག་སྙིང་དམར་པོས་གསུངས་པ་བཞིན་སློབ་གྲྭ་ཁག་གི་སློབ་ཟུར་ཡོངས་ཀྱིས། རང་སློབ་སྦྱོང་བྱ་ཡུལ་སློབ་གྲྭ་སོ་སོར་(ཤེས་ཡོན་དང)(སྤྱོད་པ་)(འཕྲོད་བསྟེན་)བཅས་ཡར་རྒྱས་ཡོང་ཆེད་འབད་བརྩོན་གནང་ན་གྲུབ་འབྲས་མི་དམན་ཙམ་སོན་རྒྱུ་ཡིན་པ་ཐེ་ཚོམ་མེད། རྒྱུ་མཚན་དེས་ན་གུས་པས་རྒྱ་ཆེའི་སློབ་ཟུར་ཡོངས་ལ་་ལག་གཉིས་ཐབས་མོ་འབྱར་ཏེ་གོང་སྨྲོས་ཁག་ཡར་རྒྱས་ཡོང་ཆེད་འབད་བརྩོན་ཤུགས་ཆེ་གནང་རོགས་ཞེས་ཞུ་རྒྱུ་ཡིན།། །།
17 ༢༧༢༠༡༡༡༡༥༠
རྒྱལ་གཅེས་པ་རྣམས་ཀྱི་ཀུན་སློང་མི་དགེ་བ་རེད་ཟེར་མཁན་ག་པར་འདུག ཚིག་དེ་སྟོན་རོགས་ཞུ།
16 ༢༧༢༠༡༡༡༡༡༧
གདོང་སྨེ་ཅན། བསྟན་འཛིན་རིག་གྲོལ་ལགས་ཀྱིས། རྟེན་འབྲེལ་མཚོན་བྱེད་ཙམ་གྱིས་ཆེད་དུ་སྐུ་ལས་ཆེན་པོ་སྐྱོང་འདུག སེམས་ཤུགས་ཆེན་པོ་རེད། གོང་གསལ་གཉིས་ལ་འབྲེལ་བ་གང་ཡོད་ཅེ་ན། བསྟན་འཛིན་རིག་གྲོལ་ནི། བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཞིག་རེད། རྟེན་འབྲེལ་ཙམ་གྱིས་ཆེད་དུ་ངལ་བ་ཆེན་པོ་བྱས་འདུག རྟེན་འབྲེལ་ནི་འབྲེལ་རང་རེད། དེ་ལས་སྤྱིར་སློབ་གྲྭ་ཡོངས་དང་། ལྷག་པར་དུ་བོད་ཕྲུག་ཁྱིམ་སྡེའི་ནང་གི་བོད་ཀྱི་སོན་རྩ་གཞོན་སྐྱེས་ཚོའི་ཤེས་ཡོན་གྱི་གནས་སྟངས་དང་བདེ་སྡུག་གི་ཆེད་དུ་དམིགས་ཏེ། ཚོགས་པ་གསར་འཛུགས་དང་། སློབ་གྲྭ་ནང་དུ་ངན་སྤྱོད་ཀྱི་རིགས་འགོག་ཐབས་དང་། ཡ་རབ་བཟང་སྤྱོད་དང་། ཤེས་ཡོན། འཕྲོད་བསྟེན་སོགས་ལ་ཕན་པའི་ལས་སྒོ་ཞིག་སྤེལ་བའི་ཐོག་ནས་སྐུ་ལས་གོང་ལྟར་སྐྱོང་ཡོད་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་རེད། དེ་མིན་ང་ཚོས་ཤེས་རིག་དང་། འབྲེལ་ཡོད་ཁག་ལ་སློབ་གྲྭའི་གནས་སྟངས་ཞུས་པ་ཙམ་གྱིས་འགྱུར་འགྲོ་མི་ཐུབ་པ་མངོན་གསལ་རེད། ང་ཚོ་ཙམ་མ་ཟད། ༸གོང་ས་མཆོག་གིས་བཀའ་སློབ་རིམ་ཕེབས་དང་། ཤེས་རིག་ཚོགས་སྔ་ཕྱི་གཉིས་ཀའི་སྐབས་སུ་གྲོས་ཆོད་གནད་དུ་སྨིན་པ་མང་པོ་བཞག་ཡོད་ཀྱང་། འགྱུར་བ་གང་ཡང་ཕྱིན་མེད། ད་སློབ་ཕྲུག་ཟུར་པ་ཚོ་གཙོ་བོར་གྱུར་པས་མི་མང་ཡོངས་ཀྱིས་ཤེས་ཡོན་གྱི་ལྟེ་གནས་ཁག་ལ་ཤུགས་སྐྱོང་བའི་དུས་ལ་བབ་འདུག་སྙམ།
15 ༢༧༢༠༡༡༡༡༡༥
དང་པོ་ཁྱོད་ནས་རྒྱ་གཅེས་པ་རྣམས་ཀྱི་ཐོག་མའི་ཀུན་སློང་མི་དགེ་བ་ཡིན་པ་གང་གིས་གྲུབ། མི་དགེ་བ་ཡིན་ཏེ་སྲོག་གཅོད་ཀྱི་ཀུན་སློང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྲོག་བཅོས་ཀྱི་ལས་ལ་བསམ་པ་དཀར་བའི་ལས་གྲངས་ལས་འདས་པ་ཡོད་པའི་ཕྱིར། ཁོང་རྣམས་ཀྱིས་རང་སྲོག་དོར་བར་མཐར་ཐུག་གྲུབ་རྒྱུ་མེད་དེ།་མཐར་ཐུག་གྲུབ་པ་ལ་བསད་བྱའི་སྲོག་དབང་རང་གི་སྲོག་དབང་གི་སྔོན་དུ་འགག་པ་དགོས་རྒྱུ་ལ། རང་གི་སྲོག་རང་གིས་བཅད་པས་དེ་འདྲའི་རྣམ་གཞག་མི་འཐད་པའི་ཕྱིར་རོ། དེ་ལྟ་བུའི་རྒྱུ་མཚན་བཀོད་པ་ནི་དགྲ་ལྷ་ནང་པ་སངས་རྒྱས་པ་ཡིན་པའི་དབང་དུ་བྱས་པའོ། དེས་ན་འཚེ་བའི་ལས་ལ་སྦྱོར་དངོས་རྗེས་གསུམ་ཚང་དགོས་ན་བོད་མི་ས་ཡ་དྲུག་གི་བདེ་དོན་དང། དམ་པའི་ཆོས་ཀྱི་དོན་དུ་སྲོག་བཏང་བར་འཚེ་ལས་ཡིན་པའི་རྒྱུ་མཚན་ཡང་དག་ཡོད་ན་འཁྱེར་ཤོག། གཞན་གུང་ཁྲན་གཞུང་ནས་དེང་སྐབས་བོད་མིས་བཙན་འོག་ཏུ་ཐབས་ཤེས་ཟད་ནས་རང་སྲོག་དོར་བ་འཚེ་ལས་ཡིན་པ་ཡང་ཡང་བསྒྲགས་ཟིན་པ་ཙམ་དུ་མ་ཟད། འཇིག་སྐུལ་བ་རེད་ཅེས་བཤད་ནས་བོད་མིར་དྲག་གནོན་ཤུགས་ཆེ་བྱེད་བཞིན་མཆིས་ན། ང་ཚོས་འཚེ་ལས་ཡིན་པའི་རྒྱུ་མཚན་ཡང་དག་མེད་པར་འཚེ་ལས་རེད་ཅེས་ཡང་ཡང་བརྗོད་ན། གུང་ཁྲན་གཞུང་གིས་དེང་སྐབས་བོད་མིར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་རྒྱབ་སྐྱོར་དུ་འགྲོ་བ་ལས། གཞིས་བཞུགས་བོད་མིར་ཅུང་ཟད་ཀྱང་མི་ཕན་ན།་བསམ་ཚུལ་ཡོད་ཚད་དྲ་ཐོག་ཏུ་བཀོད་ན་དགེ་ལས་སྐྱོན་ཆེ་བར་མཐོང་ངོ་།དེ་ནི་དགྲ་ལྷ་བོད་མི་དངོས་གནས་ཞིག་ཡིན་པའི་དབང་ཏུ་བྱས་པའོ།། །།
14 ༢༧༢༠༡༡༡༡༡༤
དང་པོ་ཁྱོད་ནས་རྒྱ་གཅེས་པ་རྣམས་ཀྱི་ཐོག་མའི་ཀུན་སློང་མི་དགེ་བ་ཡིན་པ་གང་གིས་གྲུབ། མི་དགེ་བ་ཡིན་ཏེ་སྲོག་གཅོད་ཀྱི་ཀུན་སློང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྲོག་བཅོས་ཀྱི་ལས་ལ་བསམ་པ་དཀར་བའི་ལས་གྲངས་ལས་འདས་པ་ཡོད་པའི་ཕྱིར། ཁོང་རྣམས་ཀྱིས་རང་སྲོག་དོར་བར་མཐར་ཐུག་གྲུབ་རྒྱུ་མེད་དེ།་མཐར་ཐུག་གྲུབ་པ་ལ་བསད་བྱའི་སྲོག་དབང་རང་གི་སྲོག་དབང་གི་སྔོན་དུ་འགག་པ་དགོས་རྒྱུ་ལ། རང་གི་སྲོག་རང་གིས་བཅད་པས་དེ་འདྲའི་རྣམ་གཞག་མི་འཐད་པའི་ཕྱིར་རོ། དེ་ལྟ་བུའི་རྒྱུ་མཚན་བཀོད་པ་ནི་དགྲ་ལྷ་ནང་པ་སངས་རྒྱས་པ་ཡིན་པའི་དབང་དུ་བྱས་པའོ། དེས་ན་འཚེ་བའི་ལས་ལ་སྦྱོར་དངོས་རྗེས་གསུམ་ཚང་དགོས་ན་བོད་མི་ས་ཡ་དྲུག་གི་བདེ་དོན་དང། དམ་པའི་ཆོས་ཀྱི་དོན་དུ་སྲོག་བཏང་བར་འཚེ་ལས་ཡིན་པའི་རྒྱུ་མཚན་ཡང་དག་ཡོད་ན་འཁྱེར་ཤོག། གཞན་གུང་ཁྲན་གཞུང་ནས་དེང་སྐབས་བོད་མིས་བཙན་འོག་ཏུ་ཐབས་ཤེས་ཟད་ནས་རང་སྲོག་དོར་བ་འཚེ་ལས་ཡིན་པ་ཡང་ཡང་བསྒྲགས་ཟིན་པ་ཙམ་དུ་མ་ཟད། འཇིག་སྐུལ་བ་རེད་ཅེས་བཤད་ནས་བོད་མིར་དྲག་གནོན་ཤུགས་ཆེ་བྱེད་བཞིན་མཆིས་ན། ང་ཚོས་འཚེ་ལས་ཡིན་པའི་རྒྱུ་མཚན་ཡང་དག་མེད་པར་འཚེ་ལས་རེད་ཅེས་ཡང་ཡང་བརྗོད་ན། གུང་ཁྲན་གཞུང་གིས་དེང་སྐབས་བོད་མིར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་རྒྱབ་སྐྱོར་དུ་འགྲོ་བ་ལས། གཞིས་བཞུགས་བོད་མིར་ཅུང་ཟད་ཀྱང་མི་ཕན་ན།་བསམ་ཚུལ་ཡོད་ཚད་དྲ་ཐོག་ཏུ་བཀོད་ན་དགེ་ལས་སྐྱོན་ཆེ་བར་མཐོང་ངོ་།དེ་ནི་དགྲ་ལྷ་བོད་མི་དངོས་གནས་ཞིག་ཡིན་པའི་དབང་ཏུ་བྱས་པའོ།། །།
བསྟན་འཛིན་རིག་གྲོལ་གྱོང་པོ་བྱུང་དེང་སྐབས་ཚོང་ཁྱབ་བསྒྲགས་བྱེད་པའི་ལུགས་སྲོལ་ཡོད་པ་ཇི་བཞིན་གློག་བརྙན་མ་སྟོན་གོང་དུ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་སོང་དེ་ལ་སྤྱང་གྲུང་ལྡན་པའི་མི་ཞེས་བརྗོད་ཆོག ཡང་ན་དེང་རབས་ཀྱི་ཚོང་པའི་ལམ་སྲོལ་རེད་ཅེས་ཞུས་ནའང་ཆོག་པ། དགྲ་ལྷའི་སྐད་ཆ་དེ་དགྲ་ལྷ་མི་གཅིག་གི་བསམ་ཚུལ་ཙམ་རེད་ཁས་བླངས་དགོས་དོན་དང་རྗེས་སུ་ཕེབས་དགོས་དོན་ཡོད་མ་རེད། བསམ་ཚུལ་བཤད་པའི་རང་དབང་ཡོད་ཙང་ཞུས་པ་ཡིན། རྒྱལ་དོན་དུ་རང་ལུས་མེར་སྲེག་གཏོང་བའི་བྱ་བ་དེ་ཚོ་འཚེ་བ་རེད་དམ་མ་རེད་ཅེས་པའི་ཐད་ཆོས་དང་མཐུན་པའི་ལན་ཞུ་རྒྱུ་མེད་ཅེས་ཞུས་ཟིན། ཤེས་འདོད་ན་རྒྱུ་མཚན་གོང་ཞུས་ཟིན་པའི་དེར་གཟིགས། སྤྱི་སྟངས་བྱས་ན་སྟོན་པ་དང་བསྟན་པ་ཕ་མ་རང་གི་རྒྱལ་ཁབ་སོགས་རང་ཕྱོགས་ལ་ཆགས་པའི་ཀུན་ནས་སློང་ཏེ་རང་གཞན་སུའི་སྲོག་ལ་གནོད་པ་བྱས་ཀྱང་འཚེ་བ་རེད་སྙམ། མཐོ་བོད་ཀྱིས་རང་སྲོག་མེར་བསྲེག་པ་དེ་ཚོ་གཞན་དོན་ཡིན་པའི་ཁུངས་དང་ལུང་རྗེ་ཙོང་ཁ་པ་དང་འཕགས་པ་བྱམས་པ་སོགས་ཀྱི་གསུངས་ཡོད་ཚུལ་བརྗོད་པ་དེ་གལ་མོ་ཤོར་བའི་གནས་རེད། བྱ་བ་གང་བྱས་ཀྱང་གཞན་དོན་དུ་འགྲོ་མ་འགྲོ་དང་དགེ་བའི་ཆོས་སུ་འགྲོ་མ་འགྲོ་བྱ་བ་དེའི་སྦྱོར་དངོས་རྗེས་གསུམ་སོགས་མང་པོ་ཞིག་ལ་རགས་ལས་པ་མ་གཏོགས་མཐོ་བོད་ཀྱི་ཁ་ནས་བཤད་པ་བཞིན་མ་རེད་ཅེས་ཐག་བཅད་དེ་ཞུ་ཐུབ། བོད་དུ་རང་ལུས་མེར་སྲེག་པའི་ཐོག་བསྔགས་བརྗོད་མ་གཏོགས་འཚེ་བ་ཡིན་མིན་གང་ཡང་ཞུ་ཤེས་པ་མི་འདུག

མཐོ་བོད་ཁྱེད་ཀྱི་དགྲ་ལྷས་བཤད་པ་དེ་ཁུངས་དང་ལུང་ཡོད་པའི་བདེན་ཚིག་ཅིག་མཐོང་གི་ཡོད་ཀྱི་མ་རེད་ལ་དགྲ་ལྷས་ཀྱང་ཁྱེད་ཀྱི་བཤད་པ་ཚོ་དེ་དེ་བཞིན་རེད། མདོར་བསྡུས་ན་མི་སུམ་ཅུ་བསམ་པ་སུམ་ཅུ་ཡིན་པས་རང་སོ་སོར་གང་བསམ་ཚུལ་ཡོད་པ་དེ་བཤད་རྒྱུའི་ཐོབ་ཡོད་རེད་སྙམ། དྲ་གྲོགས་ཚོས་འཚོ་བ་ཆེན་པོས་བགྲོ་གླེང་གནང་བ་གུས་བཀུར་དང་བཀྲིན་ཆེ་ཞེས་ཞུ།
12 ༢༧༢༠༡༡༠༧༢༥
དགྲ་ལྷ་ལགས། གལ་ཏེ་རིག་གྲོལ་ལགས་ཀྱིས་ས་ཀེ་ལོ་ཁྲི་གཉིས་དེ་གློག་བརྙན་འཁྲབ་སྟོན་གྱི་ཆེད་དུ་ཡིན་ན་དེ་ལ་སྐྱོན་མཐོང་དོན་གང་ཡིན་ནམ། དུས་རབས་ཉེར་གཅིག་པ་འདི་ཚན་རིག་གི་དུས་རབས་རེད། ཚན་རིག་གི་དུས་རབས་ལ་རྩོམ་པ་པོ་དང་འཁྲབ་སྟོན་པ་ཚང་མ་དངོས་གཙོ་སྨྲ་བའི་ལམ་ལ་འཇུག་བཞིན་ཡོད། དེས་ན་རིག་གྲོལ་གྱི་ས་ཀེ་ལོ་ཁྲི་གཉིས་དེས་བོད་ཀྱི་རང་བྱུང་ཁམས་ཆེན་པོའི་ཚབ་ཚོན་དངོས་མ་བྱེད་ཐུབ་ལ་འཛམ་གླིང་མི་མང་གི་མིག་ཟུང་དུ་མཆི་མ་ལྷུང་འཇུག་ངེས། རིག་གྲོལ་གྱིས་ཁྱེར་ཡོང་བའི་ས་དེ་བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་ལོངས་སུ་སྤྱད་པ་ལས་གློབ་བརྙན་འཁྲབ་སྟོན་བརྒྱུད་དེ་འཛམ་གླིང་མི་མང་ཚང་མས་ལོངས་སུ་སྤྱོད་ཐུབ་ན་རྨད་དུ་བྱུང་བའི་བྱ་བ་གཅིག་ཡིན་ངེས།

དགྲ་ལྷ་ལགས་འདི་དོན་དགོངས་འཇགས་འཚལ།
11 ༢༧༢༠༡༡༠༤༡༢
བྱས་པ་ཅན་ལ་གསུངས་རོགས།
10 ༢༧༢༠༡༡༠༤༠༩
བདེན་དོན་སྨྲས་ལ་དགག་པ་མི་ཟུགས་པ།།
ང་ཚོའི་མངོན་སུམ་ཚད་མས་གྲུབ་ཟིན་ན།།
བྱས་པ་ཅན་སྐྱོན་བརྗོད་མི་བྱ་བར།།
རྗེས་སུ་ཡིད་རང་མཛོད་ཅིག་ཀླུ་ཡི་བུ།། །།
9 ༢༧༢༠༡༡༠༠༤༥
ས་འདི་བོད་ནས་ཁྱེར་བ་བདེ་བོ་མིན། ཁ་ནས་ཚུལ་མིན་བཤད་ན་བདེ་བོ་ཡོད། རང་ཐོག་ལགས་ཏུ་ལེན་བདེ་བོ་མེད། གཞན་ལ་སྐྱོན་བརྗོད་བྱས་བྱས་ན་བདེ་བོ་ཡོད།
སྲོག་སྙིང་དམར་པོ་ལགས། ཁྱེད་ཀྱིས་དགོངས་ཚུལ་ནང་དུ་ས་ཕོན་ཆེ་ཁྱེར་ཡོང་བ་དེ་ཡག་པོ་རེད་ཡིན་ན་ཡང་ཞེས་ཏེ་ཡང་སྒྲ་དང་སྦྲེལ་ནས་ཤེས་ཡོན་ཉམས་ཆག་འགྲོ་རབས་བརྗོད་འདུག་རིག་གྲོལ་གྱིས་དཀའ་བ་བརྒྱ་ཕྲག་བརྒལ་ཏེ་ཕ་ཡུལ་བོད་ཀྱི་ས་རྡ་སྟེང་བར་ཁྱེར་ཡོང་བ་དང་ཤེས་ཡོན་ཉམས་ཆག་འགྲོ་བ་གཉིས་སྦྱར་ཏེ་བཤད་དགོས་དོན་གང་ཡིན་ནམ། གལ་ཏེ་ཤེས་ཡོན་ཉམས་ཆག་འགྲོ་བཞིན་འདུག་ན། དགེ་རྒན་རྣམས་དང་ཤེས་རིག་བཀའ་བློན། སློབ་གྲྭ་ཁག་གི་འགན་འཛིན་སློབ་སྤྱི་ལ་སོགས་པར་བརྗོད་དགོས་པ་མིན་ནམ། ཁྱེད་ཀྱིས་རིག་བཟང་གིས་ས་དེས་རྐྱེན་བྱས་ཏེ་ཤེས་ཡོན་ཉམས་ཆག་བཏང་ཡོད་པ་འདྲ་པོ་བརྗོད་འདུག་བ། ཤེས་ཡོན་ཉམས་ཆག་འགྲོ་བའི་སྒྲུབ་བྱེད་དུ་སློབ་མ་ཁ་ཤས་སློབ་ཁོངས་ནས་བྲོས་རབས་དང་སུ་ཇ་ལ་གཅིག་གྲོངས་རབས་བརྗོད་འདུག་ག དེ་ཚོ་དང་རིག་གྲོལ་ལགས་ཀྱིས་ས་ཁྱེར་ཡོང་བ་གཉིས་ལ་འབྲེལ་བ་ག་རེ་འདུག་གསུང་དང་། རིག་གྲོལ་ནི་སློབ་ཟུར་ཞིག་རེད།
གྲོགས་པོ་ཚོ་ཁས་བཤད་ན་བོད་རང་བཙན་ཡང་ཆུ་ཚོད་ཁ་ཤས་ནང་དུ་མི་གཅིག་གིས་བླང་ཐུབ་བགྱི་རེད། བོད་ནང་ནས་ཕར་བཞག་རྡ་ཤོད་ནས་ས་དོ་པོ་གཅིག་རྡ་སྟེང་རྩེད་ཐང་ལ་ལྐྱོལ་དང་དཀའ་ལས་ངོ་མ་དེ་ཤེས་ཐུབ་བགྱི་རེད། མི་མང་ག་ཚོད་ལ་མིག་ཆུ་ལྷུང་བཅུགས་འདུག་མ་ཤེས་སམ།
བསྟན་འཛིན་རིག་གྲོལ་ལགས་བཀྲིས་བདེ་ལེགས། ང་ལ་མཚོན་ན་བོད་ནང་དུ་སྐྱེས་ཏེ་བོད་ཀྱི་ས་གཞིའི་ཐོག་ཏུ་འཚོ་བ་དུས་ཡུན་མི་ཐུང་བ་ཞིག་བསྐྱལ་མྱོང་ཡོད་མོད་དྲ་རྒྱ་ནང་དུ་ཁྱེད་མི་གཅིག་གི་སྟོབས་ཤུགས་དེ་མཐོང་དུས་ངའི་མིག་ཟུང་ནས་མཆི་མ་རང་དབང་མེད་པར་ལྷུང་འཇུག་སོང་། སྤྱི་བཏང་བྱས་ན་ངའི་མིག་ཏུ་མཆི་མ་ལྷུང་ཟེར་བ་དེ་ཆེས་དཀོན་པོ་ཡིན། ཁྱེད་ཀྱི་རྣམ་དཔྱོད་དང་སྟོབས་ཤུགས་བརྩོན་འགྲུས་བཅས་ཀྱིས་གདན་དྲངས་པའི་ཕ་ཡུལ་བོད་ཀྱི་ས་ཀེ་ལོ་ཉིས་ཁྲི་དེ་འཇོག་ས་ཞིག་ཐབས་ཤེས་བྱས་ཏེ་ངེས་པར་དུ་བོད་མི་ཡུལ་བྱ་བ་རྣམས་ལ་དྲན་རྟེན་དུ་འཇོག་ཐབས་གནང་བར་རེ་བས་བསྐུལ།
5 ༢༦༢༠༡༡༢༡༤༣
དགྲ་ལྷ་མི་འདྲ། ལྷ་དགྲ་འདུག ག་དུས་ཡིན་མ་འགྲིག་གཏམ་རྐྱང་པ་སྨྲ།
ས་དེ་དྲན་རྟེན་དུ་རྡ་ས་རང་དུ་ཀུན་གྱི་བལྟ་ཡུལ་དུ་འཇོག་ན་ལེགས། ང་ཚོ་རྒྱངས་རིང་གནས་པ་རྣམས་དེར་སླེབས་སྐབས་བལྟ་འཆང་བྱེད་པར་འདོད། འོན་ཀྱང་སྒོར་མོ་ཡིས་མི་བལྟ།།
བོད་ཕྲུག་ཁྱིམ་སྡེ་ནས་འཐོན་པའི་གང་ཟག་ཡིན་ན་ཚོང་པ་བྱ་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།། གཞན་ལ་བལྟ་བའི་མིག་ཡོད་ཀྱང་།།རང་ལ་ལྟ་བ་བའི་མེ་ལོང་དགོས་ཞེས་པའི་གཏམ་དངོས་གནས་རང་རེད་འདུག། ་
སྐྱེ་བོ་ཁ་ཅིག་གཞན་གྱིས་ལས་དོན་གང་སྤེལ་ཀྱང་སྐྱོན་ཁོ་ན་མཐོང་བ་ལས། དགེ་གཅིག་ཀྱང་མི་མཐོང་བ་ནི་ཕྲ་དོག་གིས་མྱོས་པའི་བརྟགས་མཚན་ཡིན།
རང་ལ་མཐོང་རྒྱུ་གཞན་གྱི་སྐྱོན་ལས་མེད།།
རང་ལ་ལས་སྐུལ་སྤེལ་བའི་ཤེས་འབྱོན་མེད།།
གཞན་གྱིས་ལས་སྐུལ་སྤེལ་བ་མི་བཟོད་པའི།།
ཕྲ་དོག་སྦྲུལ་གྱི་འཇིགས་པ་སྐྱབས་ཏུ་གསོལ།། །།
ལ་དྭགས་ཀྱི་ས་དེ་ཡང་བོད་ཀྱི་ས་རེད། མོན་གྱི་ས་དེ་ཡང་བོད་ཀྱི་ས་རེད་ས་ཏོག་ཙམ་ཞིག་འཁྱེར་བར་ཧ་སང་དགོས་དོན་མ་མཆིས། རིག་གྲོལ་ལ་གསར་འགོད་པའི་ས་དེ་བོད་ཀྱི་ས་ཕྱོགས་གང་ནས་འཁྱེར་ཡོང་མིན་དྲིས་པའི་ལན་དུ་གློག་བརྙན་ཞིག་བཟོས་ཡོད་པས་དེ་ནས་གསལ་རྒྱུ་ཞེས་ལན་འདེབས་གནང་འདུག དྲི་བའི་ལན་གྱི་ངོ་གདོང་ལ་བལྟས་ན་ས་དེ་བོད་ནས་འཁྱེར་ཡོང་བའི་ཀུན་སློང་ཡག་པོ་ཞིག་ཡོད་བཟོ་མི་འདུག ཕལ་ཆེ་གློག་བརྙན་གྱི་ཚོང་དེ་ཡག་པོ་ཡོང་པའི་ཆེད་དུ་རེད་འདུག དེ་ཡིན་ན་བོད་ཕྲུག་ཁྱིམ་སྡེས་གསོས་པའི་ཚོང་པ་ཞིག་ཆགས་པ་རེད།
༄༅། །བོད་ནས་རྟེན་འབྲེལ་མཚོན་བྱེད་ས་ཕོན་ཆེན་ཞིག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་དབོར་འདུག་པ་ཡག་པོ་རེད། དུས་ཡུན་རིང་པོར་སྐུ་ལས་ཆེན་པོ་བསྐྱོན་འདུག ཡིན་ན་ཡང་། དེ་དང་མཚུངས་པར་བོད་མི་གཞོན་སྐྱེས་རྣམས་ལ་ཤེས་ཡོན་གང་ལེགས་ཡོང་ཆེད་དུ་སྐུ་ལས་སྐྱོང་བའི་དུས་བབ་འདུག གཞན་འདི་མུས་སུ་ཕྱིན་ན་ཤེས་ཡོན་གྱི་ལྟེ་གནས་སློབ་གྲ་ཁག་ཉམས་ཆགས་འགྲོ་གི་འདུག
དཔེར་ན། སྔར་ལོ་མ་སུ་རིའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཁང་དུ་ཚུལ་མིན་འཁྲིགས་སྤྱོད་བྱས་པར་བརྟེན་འུ་ཐུག་ཐབས་ཟད་ཀྱིས་སློབ་ཕྲུག ༩ སློབ་ཁོངས་ཕུད་དགོས་བྱུང་བ་དང་། འདི་ལོར་སུ་ཇ་བོད་ཁྱིམ་ཐ་མག་ཁ་བཏུང་བར་བརྟེན་རྒན་བདག་གི་ལག་ཉེས་འོག་སློབ་ཕྲུག་གཅིག་ཤི་སྐྱོན་བྱུང་བ་དང་། ཉེ་ཆར་ཕྱི་ཟླ་ ༩ དང་ ༡༠ པའི་རྡོ་རྗེ་གླིང་གཏན་དུ་བུ་མོ་གཅིག་ཡུལ་མི་བུ་ཞིག་གི་མཉམ་དུ་བྲོས་པ་དང་། མུ་སུ་རི་བོད་གཞུང་གཏན་སློབ་ཏུ་བུ་མོ་ཞིག་བུའི་མཉམ་དུ་བྲོས་པ་དང་། དཀའ་ལན་སྦུག་བོད་གཞུང་གཏན་སློབ་ཀྱི་བུ་མོ་ཞིག་བུའི་མཉམ་དུ་བྲོས་པ་རེད། དེ་དང་དེ་འདྲ་བ་མང་པོ་ཡོད་ཅིང་། དམའ་རིམ་སློབ་གྲྭ་ཁ་ཤས་རེད་མ་གཏོགས་བོད་པའི་སློབ་གྲྭ་ཚང་མའི་ནང་ཆང་རག་དང་། ཐ་མག་ཁ་དང་། གཟི་སྨན་འདྲ་མིན་བཏུང་འཇིབ་བྱེད་མཁན་མང་དག་ཞིག་ཡོད་པ་རེད། དེ་དག་གི་བྱུང་རྐྱེན་ནི། སློབ་གྲྭ་ནང་དུ་ལྟ་སྐྱོང་བྱེད་མཁན་དང་། སྒྲིག་ལམ་ཀུན་སྤྱོད་ཉམས་རྒུད་དུ་ཕྱིན་པའི་རྟགས་གསལ་པོ་ཡིན་པ་མ་ཟད། ལོ་ཁ་ཤས་ཀྱི་གོང་ནས་ ༸གོང་ས་མཆོག་དབུས་བཞུགས་མཛད་པའི་གཞུང་དམངས་ཡོངས་ཀྱིས། ཤེས་ཡོན་ཉམས་ཆགས་སུ་འགྲོ་སྐོར་གསུངས་གསུང་བཞིན་པའི་རྒྱུ་རྐྱེན་ནི་གོང་ཁག་རེད། རྩོམ་འབྲི་རྣམས་ཀྱིས་གཞན་ལ་སྐྱོན་བརྗོད་དང་། འགྲན་རྩོད་མང་དག་ཞིག་བྱེད་ཀྱིན་འདུག་ཀྱང་། ཕལ་ཆེ་བ་ཕྱོགས་ཞེན་དང་རང་འདོད་མ་གཏོགས། བོད་སྤྱི་ལ་ཕན་ནོད་ཇི་ཡོད་དང་། མ་འོངས་པར་ལེགས་བཅོས་ཉེས་འགོག་གི་སྐོར་ལ་འབྲི་མཁན་ཧ་ཅང་ཉུང་བར་མངོན། མདོར་ན། བཚན་འོག་ཏུ་ཡོད་པའི་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་དགྲ་ལག་ལེན་ཐུབ་པ་དགོས་ན། རང་དབང་ལུང་པར་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་བོད་མི་ངོ་མ་ཞིག་དང་། ཤེས་ཡོན་གྱིས་ཕྱུག་པ་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།