དགོངས་ཚུལ།

བཙན་བྱོལ་བོད་མིའི་འདས་མ་འོངས་ད་ལྟ་བཅས་ཀྱི་ཤེས་ཡོན་སློབ་སྦྱོང།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༤པའི་ཚེས༡༣ཉིན་སྤེལ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགཽང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་གིས་སུམ་ཅུ་དུས་དྲན་ཐེངས་༥༠པའི་ཐོག་བཀའ་སྩལ་དོན། ང་ཚོས་ཕྲུག་གུའི་སློབ་གསོའི་ཐོག་དོ་སྣང་དང་ཐུགས་ཁུར་གནང་སྟེ་ཆེད་ལས་མཁས་པ་དང་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་གནང་རྒྱུ་ཧ་ཅང་གིས་གལ་ཆེན་རེད་ཅེས་བཀའ་ཕེབས་ཡོད་ལ། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོའི་ངོས་ནས། དེང་རབས་ཤེས་ཡོན་དང་ཚན་རྩལ་སློབ་སྦྱོང་བྱེད་རྒྱུ་གཙིགས་འཛིན་ཐོག མི་རིགས་རང་གི་ངོ་བོ་མཚོན་པའི་སྐད་ཡིག་དང་རྩོམ་རིག སྒྱུ་རྩལ་སོགས་སྲུང་སྐྱོབ་གཅེས་ཉར་བྱེད་རྒྱུ་དེ་བས་ཀྱང་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་རེད།

འདས་པ།

ཕྱི་ལོ༡༩༥༩ལོར་ྋགོང་ས་ྋཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙོན་བྱོལ་ལ་ཕེབས་དགོས་བྱུང་ཞིང༌། བོད་མི་སྟོང་ཚོ་༡༠༠ལྷག་རི་བོ་ཧི་མ་ལ་ཡ་བརྒལ་ནས་ྋགོང་ས་མཆོག་གི་རྗེས་སུ་སྐྱབས་བཅོལ་དུ་སླེབས་པ་རེད། བཙན་བྱོལ་དུ་འབྱོར་མ་ཐག་རྒྱ་གར་བྱང་ཕྱོགས་ཀྱི་མུ་སོ་རིར་བཙན་བྱོལ་བོད་གཞུང་གསར་འཛུགས་ཀྱིས་བོད་མིའི་གཞིས་ཆགས་གསར་འཛུགས་ཐད་ཀྱི་ལས་དོན་མང་པོ་སྒྲུབ་མགོ་བརྩམས་ཡོད། འོན་ཀྱང་སྐབས་དེ་དུས་བཙན་བྱོལ་བོད་གཞུང་ལ་འཁྲི་བའི་ལས་འགན་དང་པོ་དེ་བོད་ནས་གསར་དུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཚོར་རྒྱ་གར་གྱི་ས་ཆུ་གནམ་གཤིས་དང་ཡུལ་ལུགས་གོམས་གཤིས་གསར་པའི་ཐད་འཕྲལ་བའི་བཀའ་ངལ་དག་སེལ་ཐབས་བྱ་རྒྱུའི་སྐོར་གྱི་ཕྱག་ལས་དེ་ཚོ་ཆགས་པ་རེད།

དེ་ལྟར་ལོ་འགའ་ཤས་སོང་མཚམས་སུ་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་བོད་ཀྱི་གཞོན་སྐྱེས་དང་ཕྲུག་གུ་ཚོར་ཡང་དག་པའི་ཤེས་ཡོན་སློབ་སྦྱོང་མཁོ་སྤྲོད་ཐད་ནུས་ཤུགས་ཆེན་པོ་བཏོན་ཞིང༌། ྋགོང་ས་མཆོག་གིས། བོད་ཕྲུག་ཚོ་ནི་བོད་ཀྱི་མ་འོངས་པའི་སོན་རྩ་ཡིན་ཞེས་བཀའ་ཕེབས་པ་ལྟར། མུ་སོ་རི་དང་སིམ་ལ་སོགས་སུ་བོད་ཕྲུག་ཁྱིམ་སྡེ་དང་སློབ་གྲྭ་སོགས་གསར་འཛུགས་ཀྱིས། དེང་རབས་ཤེས་ཡོན་ཁར་བོད་ཀྱི་རིག་གཞུང་དང་ཆོས་འབྱུང་སོགས་ཀྱང་སློབ་གྲྭ་ཁག་ནང་འཆད་ཁྲིད་བྱ་འགོ་ཚུགས་པ་རེད།

བཙན་བྱོལ་བོད་གཞུང་གི་ཤེས་རིག་དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་སློབ་ཐོན་པའི་མདུན་ལམ། སློབ་མའི་སློབ་སྦྱོང་གི་གོ་སྐབས་བཅས་ཀྱི་ཐད་བཀའ་འདྲི་ཞུས་པར། ཁོང་གིས་འགྲེལ་བརྗོད་གནང་དོན། ཕྱི་ལོ༡༩༥༩ལོ་ནས་བཟུང་སློབ་གྲྭ་མང་པོ་གསར་འཛུགས་ཀྱིས་བོད་ཕྲུག་ཡོངས་སློབ་གྲྭར་འགྲོ་རྒྱུའི་སྐལ་བ་ཐོབ་ཡོད་ཅིང༌། ད་ལྟ་བཙན་བྱོལ་ནང་གི་བོད་མིའི་ཤེས་ཡོན་ཆུ་ཚད་བརྒྱ་ཆའི༧༠ནས་༨༠བར་དུ་ཕར་ནས་སླེབས་ཡོད་ལ། ཕྱི་ལོ༡༩༥༩ཡར་སྔོན་དུ་ཚགས་ཚུད་པའི་ཤེས་ཡོན་སློབ་གསོའི་ལམ་ལུགས་མེད་སྟབས། བོད་རིགས་སློབ་སྦྱོང་བྱ་འདོད་ཡོད་པ་ཚང་མ་དགོན་པ་ཁག་ཏུ་ཕྱིན་ཏེ་དགོན་པའི་སློབ་གསོ་ཉམས་མྱོང་གསོག་དགོས་པ་རེད། ཅེས་བརྗོད་སོང༌། འདས་པའི་ལོ༥༠ལྷག་གི་ནང༌།  བོད་ཕྲུག་ཁྱིམ་སྡེ་སོགས་ཀྱི་སློབ་གྲྭ་༨༡ལྷག་བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་ལྟ་རྟོགས་འོག་ཚུད་ཡོད་པ་རེད།

ད་ལྟ།

རྒྱ་བལ་འབྲུག་གསུམ་ནང་གི་བོད་ཀྱི་སློབ་གྲྭ་ཁག་གི་ནང་སློབ་མ༢༨༠༠༠ལྷག་ཡོད་ལ། དེ་ཚོ་ཚང་མའི་སློབ་སྦྱོང་གི་འཛིན་སྐྱོང་དང་ལྟ་རྟོགས་ཐད་ཤེས་རིག་ལས་ཁུངས་ཀྱིས་འགན་ཁུར་ཆེན་པོ་ཁུར་ཡོད་པ་དང༌། དྲུང་ཆེ་རྡོར་རྗེ་མཆོག་གིས་བོད་ནང་གི་ཤེས་ཡོན་སློབ་གསོའི་ཐད་བརྗོད་དོན། བོད་ནང་དུ་རྒྱ་ཡིག་གི་ཤེས་ཚད་དམའ་ན་ལས་ཀ་རེག་རྒྱུར་དཀའ་ངལ་འཕྲལ་གྱི་ཡོད་རྐྱེན། བོད་ནང་གི་སློབ་མ་ཚོས་རྒྱ་ཡིག་རྒྱ་སྐད་ཐོག་ཤུགས་བསྣོན་ཆེན་པོ་རྒྱག་བཞིན་ཡོད་པར་འདོད། བཙན་བྱོལ་དུ་ཕྱི་ལོ༢༠༠༤ལོར་ཤེས་ཡོན་སྲིད་བྱུས་གསར་བ་གཏན་འབེབས་གནང་རྗེས། སློབ་གྲྭའི་སློབ་ཚན་དང་དགེ་རྒན་གྱི་སློབ་ཁྲིད་བྱ་ཐབས་སོགས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་དཔེར་ན། བཙན་བྱོལ་གྱྀ་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཚོ་འཛིན་གྲྭ་གསུམ་པ་མ་སླེབས་པར་སློབ་སྦྱོང་གི་བརྒྱུད་ལམ་རང་སྐད་དུ་བསྒྱུར་ཏཻ་སློབ་ཕྲུག་ཚང་མས་བོད་ཀྱི་སྐད་དང་ཡི་གེ་མ་བརྗེད་པ་བཟོས་ཡོད། ད་ལྟའི་ཤེས་ཡོན་སྲིད་བྱུས་གསར་པ་དེ་སམ་བྷོ་ཊའི་ཐད་འཛིན་འོག་གི་སློབ་གྲྭ༡༣ནང་འཐུས་སྒོ་ཚང་བའི་སྒོ་ནས་ལག་ལེན་བསྟར་འགོ་ཚུགས་ཡོད་ལ། རྒྱ་གར་ཡུལ་གྲུ་ཁག་ནང་གི་བོད་ཕྲུག་ཁྱིམ་སྡེ་རུ་ཡང་ག་ལེར་ལག་ལེན་བསྟར་བཞིན་ཡོད། འོན་ཀྱང་བལ་ཡུལ་ནང་གི་སློབ་གྲྭ་ཁག་ཏུ་སྲིད་བྱུས་དེ་ལག་བསྟར་བྱེད་མིན་ད་དུང་ཐག་གཅོད་གསལ་པོ་བྱས་མེད་ཅེས་བརྗོད་སོང༌།

ཁོང་གིས་མུ་མཐུད་དུ་སློབ་མའི་རྒྱུགས་འབྲས་དང་ཡིག་ཚད་ཀྱི་སྐོར་ལ་འདི་ལྟར་གསུངས་དོན། སློབ་མ་ཞིག་གི་ངོས་ནས་ཡིག་ཚད་ལོན་པའམ་བསླབ་དེབ་ཀློག་སྦྱངས་ཚར་རྒྱུ་དེ་གལ་ཆེན་པོ་མིན་པར། སློབ་ཕྲུག་རང་ཉིད་ཀྱི་བློ་ངོར་ཇི་ཙམ་མང་བ་ཞིག་ཤེས་རྒྱུ་དང་ངེས་རྒྱུ་དཻ་གལ་ཆེན་པོ་རེད་ཅེས་དང༌། ཤེས་ཡོན་དང་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཐོབ་པའི་སློབ་ཐོན་སློབ་མ་མང་པོ་ཡོད་ཀྱང༌། ཁོ་ཚོས་རང་ཉིད་ཀྱི་ཤེས་འཇོན་དེ་སྤྱི་ཚོགས་ཐོག་བེད་སྤྱོད་བྱེད་རྒྱུའི་གོ་སྟབས་མ་རེག་པར་ལས་མེད་དུ་ལུས་ཡོད་པ་དེས་སློབ་ཕྲུག་མང་པོར་སེམས་ཤུགས་ཆགས་སུ་འཇུག་གིན་འདུག འོན་ཀྱང་བོད་རིགས་སློབ་མ་ཚོས་རང་ཉིད་སྐྱབས་བཅོལ་ཡིན་པ་ངོས་ཟིན་ཐོག་ལས་ཀ་དང་སློབ་སྦྱོང་སོགས་ལ་ཧུར་ཐག་བྱེད་རྒྱུ་དེ་ཤེས་དགོས་ལ། དེ་ཤེས་རྟོགས་བྱུང་རྗེས་སློབ་སྦྱོང་དང་ལས་ཀའི་ཐད་རང་ཉིད་ལ་སྒུལ་ཤུགས་དང་སེམས་ཤུགས་གསར་པ་ཞིག་སླེབས་ངེས་ཡིན་ཞེས་བརྗོད་བྱུང༌།

འབྱུང་འགྱུར།

བཙན་བྱོལ་ནང་གི་དགེ་རྒན་ཚོར་ལས་བྱེད་གཞན་དང་མ་འདྲ་བར་ཡོངས་འབབ་དང་མཐུན་རྐྱེན་སོགས་ཕྱོགས་གང་ཐད་ནས་ཞན་སྟབས། དགེ་རྒན་གྱི་ཕྱག་ལས་གནང་མཁན་ཇེ་ཉུང་དང་ཚད་ལྡན་གྱི་དགེ་རྒན་འཚོལ་བསྡུ་བྱ་རྒྱུ་དཀའ་ལས་ཇེ་ཁག་རེད། འོན་ཀྱང་འབྱུང་འགྱུར་ནང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཀའ་ངལ་དེ་རིགས་གཙང་སེལ་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཚུལ་དང༌། གཞན་བཙན་བྱོལ་ནང་སློབ་གྲྭ་ཆེན་མོ་དང་གཙུག་ལག་སློབ་གཉེར་ཁང་འགྲིམས་མཁན་གྱི་བོད་རིགས་སློབ་མ་བརྒྱ་ཆ་༤༥ནས་༥༠བརཡོད་ལ། ལས་རིགས་འདྲ་མིན་ཐོག་ལས་ཀ་གནང་མཁན་གྱི་གྲངས་འབོར་ཡང་ལོ་རེ་ནས་ལོ་རེར་འཕར་གྱིན་ཡོད་པ་རེད། འོན་ཀྱང་ཚད་མཐོའི་སློབ་གསོ་མྱངས་ཏེ་ཞིབ་འཇུག་སློབ་མའི་ལག་ཁྱེར་དང་གནས་རིམ་ཐོབ་མཁན་གྱི་སློབ་མའི་གྲངས་ཉུང་སྟབས། ཤེས་རིག་ལས་ཁུངས་ཀྱི་མ་འོངས་པའི་ལས་འཆར་གཙོ་བོ་ནི་བཙན་བྱོལ་གྱི་ལོ་བདུན་གཞི་རིམ་སློབ་གསོའི་ཐོག་ཤེས་ཡོན་ཕུལ་བྱུང་གི་གོ་སྐབས་སློབ་མ་རྣམས་ལ་སྤྲོད་ཐུབ་བྱ་རྒྱུ་དེ་ཡིན་ཞེས་དྲུང་ཆེ་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུངས་བྱུང༌།

བོད་རྒྱལ་ཁབ་ཆེད་སློབ་སྦྱོང༌།

བཙན་བྱོལ་ནང་གི་བོད་ཀྱི་སློབ་མ་ཚོར་ཆ་མཚོན་ན། རང་ཉིད་ཀྱི་རྐང་པའི་སྒང་ལངས་སྟེ་རང་རྐྱ་འཕེལ་བའི་འཚོ་བ་རོལ་ཐུབ་བྱ་རྒྱུའི་ཁར། ལྷག་དོན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་ལས་དོན་རླབས་ཆེན་གནང་རྒྱུའི་ཐད་ཀྱི་གནོན་ཤུགས་འཕར་མ་ཞིག་ཡོད་པ་རེད། དེ་བས་བཙན་བྱོལ་ནང་ལག་ལེན་བསྟར་བཞིན་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ནང༌། བོད་ཀྱི་སློབ་མ་ཚོར་བོད་ཀྱི་ད་ལྟ་དང་འབྱུང་འགྱུར་གྱི་གནས་སྟངས་ཐད་ཤེས་རྟོགས་ཆེས་ཆེར་སྤེལ་ཏེ་ཁོ་ཚོ་རང་ཉིད་ཀྱི་བསམ་བློ་དང་ཉམས་མྱོང་དངོས་ཐོག་དྲན་བདེན་དང་རང་དབང་འཐབ་རྩོད་བྱེད་དུ་འཇུག་འཆར་ཡོད་འདུག

དྲུང་ཆེས་མཆོག་གིས་འདིའི་ཐད་བརྗོད་དོན། བཙན་བྱོལ་ནང་ང་ཚོས་སློབ་ཕྲུག་ཚོར་རྒྱ་ནག་གཞུང་ནང་བཞིན་ཕྱོགས་ལྷུང་དང་ཁྱེར་ཟོ་ཅན་གྱི་སློབ་སྦྱོང་མ་སྤྲད་པར། སློབ་ཕྲུག་རང་ངོས་ནས་ཕྱི་དངོས་པའི་གནས་ཚུལ་དག་ཤེས་རྟོགས་བྱེད་དུ་འཇུག་གིན་ཡོད་ཙང༌། ཁོ་ཚོ་ནར་སོན་དུས་དམིགས་བསལ་རྐང་བཙུགས་ཀྱིས་བོད་ཀྱི་རྩ་དོན་དང་དྲང་བདེན་ཐད་སློབ་སྦྱོང་གང་ཡང་སྤྲོད་དགོས་པ་ཆགས་ཡོད་པ་མ་རེད་ཅེས་གསུངས་བྱུང༌།

བོད་ཕྲུག་ཚོར་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུ་བཙན་བྱོལ་བོད་གཞུང་གིས་གལ་འགངས་ཆེན་པོ་མཐོང་སྟེ། ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་གནང་ཞིང༌། དེར་གྲུབ་འབྲས་གང་འདྲ་ཐོབ་མིན་ལོ་འགའ་ཤས་ཤིག་ལ་སྒུག་དགོས་ཀྱིན་ཡོད་པ་རེད། འོན་ཀྱང་སྲིད་བྱུས་དེས་མ་འོངས་བོད་ཀྱི་རྩ་དོན་དང་ལས་དབང་སླད་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་དཀའ་ངལ་ཁྱད་བསལ་བྱ་རྒྱུ་ཡིན་པའི་སྙོང་སྟོབས་གསལ་སྟོན་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།