དགོངས་ཚུལ།

རྒྱ་གཞུང་གི་ཁྲིམས་ཆད་ལ་བཙན་བྱོལ་བོད་གཞུང་གིས་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ༤པའི་ཚེས༡༡ཉིན་སྤེལ། ལྷ་སའི་ཁྲིམས་ཁང་ཞིག་གིས་སྔར་ལོའི་ཟླ་གསུམ་པའི་ཞི་རྒོལ་ནང་ཞུགས་མཁན་གྱི་བོད་མི་བཞི་ལ་སྲོག་ཆད་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་དེ་ནི་དྲང་བདེན་མིན་པའི་ཁྲིམས་ཐག་ཅིག་ཡིན་ཚུལ་གྱི་ཁ་རྡུང་བཏང་ཡོད་འདུག བོད་མི་བློ་བཟང་རྒྱལ་མཚན། བློ་ཡར། བསྟན་འཛིན་ཕུན་ཚོགས། རྐང་བཙུགས་དང་ཟླ་བ་བཟང་པ་ཞུ་བཅས་བོད་ཀྱི་རྒྱལ་ས་ལྷ་ས་རུ་མི་སེར་བདུན་རྐྱེན་ལམ་དང་ཚོང་ཁང་ལྔ་མེ་བསྲེགས་གཏོང་མཁན་ཡིན་པའི་ཉེས་འཛུགས་འོག་གསོད་རྡུང་བསྲེགས་གསུམ་གྱི་གྱོད་གཞི་སྣ་གསུམ་དང་སྦྱར་ཏེ་ཁྲིམས་ཐག་བཅད་ཡོད་ཅིང༌། དེ་ཡང་བོད་མི་བློ་བཟང་རྒྱལ་མཚན་དང་བློ་ཡར་ཞུ་བ་གཉིས་རྒྱ་ནག་མི་དམངས་ཆེས་མཐོའི་ཁྲིམས་ཁང་གིས་ལོ་༢ཀྱི་སྲོག་ཆད་ཕར་འགྱངས་ཀྱི་ཁྲིམས་བཤེར་བྱ་འཆར་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་ཏུ་གསལ་བསྒྲགས་བྱས་ཡོད་འདུག

སྔར་ལོའི་ཕྱི་ཟླ༣པའི་ནང་བོད་ཀྱི་མདོ་དབུས་ཁམས་གསུམ་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པར། རྒྱ་གཞུང་གིས་ངོ་རྒོལ་བ་ཚོར་ཡ་ང་བའི་སྡུག་སྦྱོང་མནར་གཅོད་བཏང་བ་མ་ཟད། བོད་མི་བརྒྱ་ཕྲག་དུ་མ་བཙོན་འཇུག་བཀག་ཉར་བྱས་ཡོད་ཅིང༌། སྐབས་དེར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་མི་ཆབ་སྲིད་བཙོན་མ་རྣམས་གློད་གྲོལ་ཐོག་ཚད་ལྡན་གྱི་སྨན་བཅོས་མཐུན་འགྱུར་རོགས་རམ་གནང་དགོས་པའི་རེ་སྐུལ་ཞུས་ཡོད་ལ། ཐེངས་འདིའི་བོད་མི་བཞིའི་སྲོག་ཆད་ཁྲིམས་ཐག་ཐད་བསྐྱར་དུ་རེ་སྐུལ་དེ་ཞུས་ཡོད་འདུག

ཉེ་ཆར་བཙན་བྱོལ་བོད་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྐྱངས་ཡོད་པའི་ནང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་སྒེར་གྱི་ཚོགས་པ་སྡེ་ཚན་རྣམས་ཀྱིས་བོད་མི་ལྔ་དེ་ཚོར་ཉེ་སྙོམ་དྲང་བདེན་གྱི་ཁྲིམས་ཐག་ཅིག་ཡོང་བར་རོགས་འདེགས་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

བོད་མི་ལྔ་ལ་སྲོག་ཆད་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་འདིས། རྒྱ་གཞུང་གིས་བོད་ནང་དུ་བོད་མི་ཚོར་མུ་མཐུད་དུ་བརྙབ་བཅོས་དང་བཙན་གནོན་བྱེད་བཞིན་པ་མཚོན་ཡོད་ལ། ཕྱི་ལོ་༡༩༥༩ལོར་བོད་ཞི་བའི་བཅིངས་འགྲོལ་ཐོབ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་གྱུར་ཞིང་བདེ་སྐྱིད་ཀྱི་འཚོ་བ་རོལ་འགོ་ཚུགས་ཡོད་ཚུལ་གྱི་འཆལ་གཏམ་རྒྱ་གཞུང་ཕྱོགས་ནས་སྤེལ་མོད། འོན་ཀྱང་དོན་དངོས་སུ། འདས་པའི་ལོ་༥༠་ལྷག་རིང་གི་རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་ཆིག་སྟོང་མང་པོ་འདས་གྲོངས་དང་བཙོན་འཇུག ཚད་ལས་འདས་པའི་མནར་གཅོད་ཐེབས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།