དགོངས་ཚུལ།

སྤྱི་མོས་ཐོག་རྒྱབ་སྐྱོར་གནང་བ་དེ་གཟི་བརྗིད་ཅིག་ཆགས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༩ཉིན། དེ་རིང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གསར་པའི་ཚོགས་ཁང་དུ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ལས་རོགས་ཚོར་ལས་བགོ་ཇི་ལྟར་བརྒྱབ་ཡོད་མེད་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་རེད། བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས། དེ་རིང་ངོས་ཀྱིས་བཀའ་བློན་རྣམ་པའི་ཕྱག་ལས་རེ་རེ་བཞིན་ངོ་སྤྲོད་ཞུ་རྒྱུ་ཡིན། ང་རང་འོས་མི་རུ་ལངས་པའི་སྐབས་ལ་ག་རེ་ཞུས་པ་ཡིན་ཟེར་ན། བཀའ་ཤག་ནང་ལ་རྒན་གཞོན་དང༌། དེ་བཞིན་བོད་ཆོལ་ཁ་གསུམ་ནས་བཀའ་བློན་བསྐོ་བཞག་བྱ་ངེས་ཡིན་ཞེས་ཁས་ལེན་ཞུས་པ་ནང་བཞིན་གཏན་འབེབས་བྱས་ཡོད། རྣམ་པ་ཚོ་ཚང་མ་ལྷག་བསམ་དང་། ཤེས་ཡོན། ཉམས་མྱོང༌། འཇོན་ཐང༌། སྙིང་སྟོབས། དེ་བཞིན་༧གོང་ས་མཆོག་གི་དགོངས་པ་ལྟར་བོད་རྒྱལ་ཁབ་ཆེན་མོའི་སྤྱི་དོན་ལ་ཞབས་ཞུ་ཞུས་མྱོང་མཁན་དང༌། མ་འོངས་པ་ལའང་ལྷག་བསམ་རྣམ་དག་དང་ཆོད་སེམས་བརྟན་པོའི་ཐོག་ནས་ཞབས་ཞུ་གནང་མཁན་རྐྱང་རྐྱང་ཡིན་ཞེས་ཞུ་འདོད་བྱུང༌། དེ་རིང་ཞོགས་པར་བཀའ་བློན་རྣམ་པ་རེ་རེ་བྱས་ནས་ལྷན་ཁང་གང་གང་གི་ནང་དུ་ཕྱག་ལས་གནང་རྒྱུ་ཡིན་པ་ལྷན་ཁང་ཁག་སོ་སོར་ཞུས་ཡོད་ལ། ཁོང་རྣམ་པའི་ཕྱག་ལས་ག་རེ་ཡིན་པ་རེ་རེ་བྱས་ནས་ངོ་སྤྲོད་ཞུས་པ་ཡིན་ན།

བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་དང།

བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན།

བཀའ་བློན་པདྨ་ཆོས་འབྱོར་མཆོག་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན།

བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན།

བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན།

བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་མཛད་ཁུར་ཞུ་རྒྱུ་དང། ངོས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་འགན་འཁུར་ཞུ་རྒྱུ་ཡིན།

ཁོང་རྣམ་པ་དེ་ལྟར་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་སྙིང་བསྡུས་ཤིག་ཞུས་པ་ཡིན་ན། ཆོས་རིག་ལྷན་ཁང་གལ་ཆེན་པོ་ཞེ་དྲག་རེད། བཀའ་བློན་པདྨ་ཆོས་འབྱོར་ལགས་ལྟ་བུ་ཡིན་ན་བོད་ནས་འཁྲུངས་བ་དང༌། ཅན་དྷི་སྒར་མཐོ་སློབ་ཏུ་བོད་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཀྱི་དགེ་རྒན་གནང་མྱོང་བ་དང༌། དེ་བཞིན་སྤྱི་འཐུས་སྐབས་༢དང་བཀའ་བློན་གནང་མྱོང་ཡོད་པ་རེད། དེ་འདྲ་ཡིན་དུས་གང་ཅིའི་ཐད་ནས་ཉམས་མྱོང་ཚད་དང་ལྡན་པས་ཆོས་རིག་གི་ཕྱག་ལས་དེ་འཚམ་ཤོས་སུ་མཐོང་སོང༌། དེ་ནས་བཀའ་བློན་ཚེ་རིང་དོན་གྲུབ་ལགས་ནས་དཔལ་འབྱོར་རང་གི་ཐོག་ལ་སློབ་སྦྱོང་གནང་ཡོད་པ་དང༌། དཔལ་འབྱོར་ལས་ཁུངས་སུ་དུས་ཡུན་རིང་པོར་ཕྱག་ལས་གནང་ཡོད་པ་སོགས་ཀྱིས་དཔལ་འབྱོར་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་རེད།

བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་གསང་བའི་བང་མཛོད་ལྟ་བུ་ཞིག་ཆགས་ཡོད་པ་དང༌།  བདེ་སྲུང་ལས་ཁུངས་ནང་ཡུན་རིང་པོར་ཕྱག་ལས་གནང་ཡོད་དུས་ལྷན་ཁང་དེའི་ནང་དུ་མེད་དུ་མི་རུང་བ་ཞིག་ཆགས་འདུག བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གྲོས་ཚོགས་ནང་ལོ་ངོ་ཉི་ཤུ་ལྷག་ལ་ཕྱག་ལས་གནང་ཚར་བ་དང༌། སྤྱི་ཚོགས་གནང་ཕྱག་ལས་ཡུན་རིང་གནང་བ། ལྷག་པར་དུ་རྒྱ་གར་གྱི་དཔོན་རིགས་རྣམ་ལ་འབྲེལ་བ་བྱེད་སྟངས་ཀྱི་ཐོག་ལ་དམིགས་བསལ་གྱི་ནུས་པ་ཡོད་པས། རྒྱ་གར་ནང་དུ་ཡོད་པའི་གཞིས་ཆགས་ཁག་གི་དཀའ་ངལ་རྣམས་ཐད་ཀར་རྒྱ་གར་གཞུང་དང་འབྲེལ་བ་ཡོད་དུས་དེའི་ཐོག་ཁོང་གིས་ནུས་པ་ཆེན་པོ་ཐོན་ཐུབ་པར་ཡིད་ཆེས་ཡོད། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་དྲིལ་བསྒྲགས་ལས་ཁུངས་སུ་བསྐོ་བཞག་གནང་དགོས་པའི་རྒྱུ་མཚན་ནི་མོ་རང་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་ (M.A)ཐོན་པ་དང༌། དེ་བཞིན་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་ལོ་ངོ་༡༠ཙམ་ལ་བོད་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་ཡོད་པ་དང༌། དབྱིན་སྐད་དང་ཧྥ་རན་སིའི་སྐད། བོད་སྐད་བཅས་ཀྱི་ཐོག་ཕུལ་དུ་བྱུང་བ་མ་ཟད། རྒྱ་སྐད་ཀྱང་ཕྲན་བུ་ཤེས་ཀྱི་ཡོད་པ་རེད། ལྷག་པར་དུ་ཁོང་གིས་དེ་སྔོན་བྱང་ཨ་རི་དང་ཡོ་རོབ་ཀྱི་ནང་དུ་ཕྱག་ལས་གནང་མྱོང་བ་སོགས་ཉམས་མྱོང་ཚད་དང་ལྡན་པ་ཡོད་པར་ངོས་འཛིན་ཞུ་གི་ཡོད། བཀའ་བློན་ཚེ་རིང་དབང་ཕྱུག་ལགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནང་ནས་འཇོན་ཤོས་དང༌། ང་ཚོ་བཀའ་བློན་ནང་ལོགས་ནས་ཀྱང་དགུང་ལོ་གཞོན་ཤོས་རེད།  ཁོང་གིས་པོ་ལེན་ཊའི་རྒྱལ་ས་ཝར་སོར་དམིགས་བསལ་སྨན་གྱི་མཐོ་སློབ་ཁང་དུ་སྨན་པའི་སློབ་སྦྱོང་གནང་བ་དང༌། ཟབ་སྦྱོང༌། ཉམས་མྱོང་བཅས་མཐར་ཕྱིན་ནས་ཆེད་བསྟོད་ལག་འཁྱེར་ཐོབ་ཡོད་པ་དང་།  སློབ་སྦྱོང་མཐར་སོན་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་འཕྲོད་བསྟེན་ཁྱབ་ཁོངས་ཨོ་རི་ས་ཕུན་ཚོགས་གླིང་སྨན་བླ་སྨན་ཁང་གི་སྨན་པ་དང༌། རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་རང་སྐྱོབ་སྨན་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས་གནང་ཡོད་པ་དང༌། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པའི་ལས་འགན་བཞེས་པ་སོགས་འཕྲོད་བསྟེན་གྱི་ཕྱོགས་ལ་འཚམ་ཤོས་རེད་དྲན་སོང༌། གཞན་ཤེས་རིག་ལས་ཁུངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་དུས་ང་རང་གི་ངོས་ནས་མགོ་བཙུགས་སྟེ་ལས་རིམ་ཁག་བང་འདྲ་བོ་ཞིག་སྒྲིག་ཐུབ་ན་བསམ་ནས་ཤེས་རིག་ལས་ཁུངས་ཀྱི་འགན་དེ་ད་ལྟའི་ཆར་ང་རང་གིས་འཁུར་ན་བསམ་སོང༌ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ་ཞིག་གིས་དེ་སྔོན་སྐུ་ཉིད་ཀྱིས་བགྲོ་གླེང་སོགས་ཀྱི་སྐབས་སུ། གལ་སྲིད་ངོས་རང་བཀའ་བློན་ཁྲི་པ་ཆགས་པ་ཡིན་ན། བཀའ་བློན་ནང་རྒན་གཞོན་དང་སྐྱ་སེར། ཆོལ་ཁ་གསུམ་གྱི་མི་སྣ་ཡོད་པ་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་པ་དེའི་སྐོར་ཅིག་གསུང་རོགས་ཞེས་ཞུས་སྐབས། བཀའ་ཁྲི་མཆོག་གིས་བཀའ་ཤག་ནང་ལས་རོགས་བཀའ་བློན་སྐོར་བསམ་བློ་མང་པོ་ཞིག་བཏང་བ་ཡིན། གཞི་རྩར་གཙོ་ཆེ་ཤོས་དེ་འཛིན་སྐྱོང་ནང་ཕྱག་ལས་གནང་དགོས་པ་དང༌། ཡང་ཕྱི་ཕྱོགས་སུ་འབྲེལ་བ་མང་པོ་ཞིག་གནང་དགོས་ཀྱི་ཡོད་དུས། དབྱིན་ཇི་ཤེས་མཁན་ཞིག་དགོས་ཀྱི་འདུག་བསམས་པ་ཞིག་བྱུང༌། དེར་བརྟེན་བོད་ནས་གསར་པ་ཕེབས་མཁན་རེ་གཉིས་བརྒྱུད་ནས་རྩད་གཅོད་བྱས་ཡོང་དུས། དབྱིན་ཇི་མཐར་ཕྱིན་པ་ཤེས་མཁན་ཞིག་བྱུང་མ་སོང༌། དེ་སྔོན་ངས་རྒན་པ་དང༌གཞོན་པ། ཆོལ་ཁ་གསུམ་གྱི་མི་སྣ་ཡོད་པ་ཞེས་ཞུས་མྱོང་ཡོད། བདེ་སྐྱིད་ཆོས་དབྱངས་ལགས་ནས་བོད་རང་ལ་ཕྱག་ལས་ཡུན་རིང་པོ་གནང་མྱོང་ཡོད་དུས། བོད་ཀྱི་གནས་སྟངས་ཐོག་བཀའ་ཤག་ནང་བགྲོ་གླེང་བྱུང་བ་ནང་བཞིན་གཞི་རྩ་ང་ཚོ་ཚང་མས་ཕྱག་ལས་གནང་མྱོང་ཡོད་རུང༌། ཁོང་ལ་ཉམས་མྱོང་ཆེན་པོ་ཡོད་པའི་ཐོག་ནས་གང་ལ་གང་འཚམ་ཐུགས་ཕན་སོས་པ་ཡོང་གི་རེད་བསམས་སོང༌། དེ་བཞིན་དགེ་འདུན་པའི་ཐོག་ནས་ཚར་གཅིག་གཉིས་ཞུས་མྱོང༌། རྗེས་སུ་ངས་མང་ཆེ་བ་ཞུ་སྐབས་སུ་རྒན་གཞོན་ཞུས་ཡོད་པ་དེ་ག་རང་ཆགས་ཡོད། དགེ་འདུན་པ་བཀོད་ཡོང་དུས་སྔོན་མ་ངོས་རང་དམ་འབུལ་སྐབས་དང་ད་ལྟའང་ཆོས་ལུགས་རིས་མེད་ཅེས་ཞུ་བཞིན་ཡོད།

དེར་བརྟེན་གཞུང་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་ཆོས་བརྒྱུད་ཚང་མ་དབྱེ་མེད་ཀྱི་ཐོག་ནས་ཕྱག་ལས་གནང་མཁན་དང་ ཧུར་ཐག་བྱེད་མཁན་ཞིག་དགོས་ཀྱི་ཡོད་པ་རེད། དེར་བརྟེན་དགེ་འདུན་པ་ཞིག་བཀའ་ཤག་ནང་ཕེབས་པར་ཆོས་བརྒྱུད་གཅིག་ནས་ཕེབས་ཡོང་དགོས་དུས། དེའི་ཐོག་ལ་གང་འདྲ་ཞིག་ཆགས་ཀྱི་རེད་བསམས་པ་ཞིག་བྱུང༌། འོན་ཀྱང་བཀའ་བློན་པདྨ་ཆོས་འབྱོར་ལགས་ཁོང་བོད་ནང་དུ་འཁྲུངས་པ་ཞིག་ཡིན་དུས། ཆོས་བརྒྱུད་སྤྱི་ཡོངས་ལ་བལྟ་སྟངས་ཐོག་ནས། སྤྱིར་ང་ཚོ་ཚང་མའི་ལྟ་བ་ལངས་ཕྱོགས་དེ་ག་རང་རེད། དེར་བརྟེན་ཆོས་རིག་ལས་ཁུངས་ནང་བཀའ་བློན་པདྨ་ཆོས་འབྱོར་ལགས་ཀྱིས་ཆོས་ལུགས་ཚང་མར་དབྱེ་མེད་ཐོག་ཕྱག་ལས་གནང་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་རྙེད་པའི་ཐོག་ནས་ཐེངས་འདིར་དགེ་འདུན་པ་ཞིག་བཅུག་མེད་པ་དེའང་འགྲིག་འདུག་བསམས་པ་ཞིག་བྱུང་སོང༌ཞེས་བཀའ་ལན་གནང་སོང་།

ཡང་གསར་འགོད་པ་ཞིག་གིས་དེ་རིང་བཀའ་ཁྲི་མཆོག་དང༌། བཀའ་བློན་རྣམ་པ་གྷ་གྷིལ་གནམ་ཐང་དུ་༧གོང་ས་མཆོག་ཕེབས་བསུར་བཅར་བའི་སྐོར་ཞིག་གསུང་རོགས་ཞེས་ཞུས་སྐབས། བཀའ་ཁྲི་མཆོག་གིས། ༧གོང་ས་མཆོག་ལ་གྲོས་ཚོགས་ནས་སྤྱི་མོས་ཐོག་བཀའ་བློན་རྣམ་པ་བསྐོ་བཞག་ཐུབ་པ་བྱུང་བ་དེ་གང་ཉིད་ལྷོ་ཨ་རིར་བཞུགས་པའི་སྐབས་སུ་སྙན་སེང་ཆ་ཚང་ཞུས་ཡོད་པ་རེད།

དེ་རིང་༧མགོན་པོ་གང་ཉིད་གནམ་གྲུ་ཐང་དུ་ཕེབས་སྐབས། ཐོག་མར་མཇལ་མ་ཐག གང་ཉིད་ཀྱིས་ཡ་རྣམ་པ་ཚོ་བཀའ་བློན་འཁོད་པ་རེད་པ། ཡག་པོ་རེད་ཅེས་ཐོག་མར་དེ་འདྲ་གསུངས་སོང་། དེའི་ཐོག་ནས་ཐེངས་འདིའི་བཀའ་བློན་ཐད་ཐུགས་དགྱེས་པོ་དང་། མཉེས་པོ་བྱུང་ཡོད་པ་དེ་གསལ་པོ་རེད། གོ་སྐབས་འདི་བརྒྱུད་ནས་ཐེངས་འདིར་གྲོས་ཚོགས་ནང་སྤྱི་མོས་ཐོག་ནས་བཀའ་ཤག་རྣམ་པ་ཚང་མར་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན།

༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་བདམས་པའི་མགོ་ཁྲིད་ལ་གནང་ཡོད་པ་རེད། གནང་བའི་སྐབས་རྒྱལ་སྤྱི་དང་རྒྱ་ནག་ནས། ང་ཚོའི་སྤྱི་ཚོགས་ནང་ཚོད་ལྟ་ཞིག་ཆགས་ཡོད་པ་རེད། ཚོད་ལྟ་དེའི་ནང་ཐོག་མར་གྲོས་ཚོགས་དང་། མི་མང་གིས་ཐད་ཀར་བདམས་པའི་བཀའ་བློན་ཁྲི་པའི་དབར་འབྲེལ་ལམ་གང་འདྲ་ཡོད་མེད་ཐོག་བལྟས་ཡོང་དུས། ང་ཚོ་ཚང་མས་འགན་འཁུར་དགོས་ཀྱི་ཡོད་པ་རེད། འགན་འཁུར་འགོ་འཛུགས་བྱས་པའི་སྐབས་སུ་གྲོས་ཚོགས་ནས་སྤྱི་མོས་ཐོག བཀའ་བློན་རྣམ་པར་རྒྱབ་སྐྱོར་གནང་བ་དེ་གཟི་བརྗིད་ཅིག་ཆགས་ཡོད་པ་རེད་བསམས་ཀྱི་འདུག ཕྱོགས་གཅིག་ནས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གནང་བ་དེ་ནང་ཁུལ་དུ་ཕྱག་གྲུ་མཉམ་འདེགས་ཐོག་གནང་ཐུབ་པ་དང་གནང་གིན་ཡོད་པའི་རྟགས་དེ་གསལ་པོ་མངོན་གྱི་ཡོད་པ་རེད། དེར་བརྟེན་སྤྱི་ཚོགས་ནང་ལའང་དགའ་བསུ་གཏན་གཏན་བྱུང་ཡོད་ཀྱི་རེད་ལ། བྱེད་དགོས་པ་ཞིག་ཀྱང་རེད།

དེ་བཞིན་བོད་ནང་ཡོད་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་མཁྱེན་དུས་ཀྱང་ཁོང་རྣམ་པ་གཏན་གཏན་དགའ་པོ་བྱུང་ཡོད་ཀྱི་རེད། རྒྱ་ནག་ཡིན་ནའང་ཁོང་ཚོས་ང་ཚོ་གང་འདྲ་ཆགས་མིན་ཞིག་བལྟ་འདོད་ཡོད་དུས། ང་ཚོའི་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀ་གཅིག་སྒྲིལ་ཡིན་པ། གཅིག་སྒྲིལ་ཐོག་ཕྱག་ལས་གནང་ཐུབ་ཀྱི་ཡོད་ཟེར་བའི་བརྡ་ལན་ཞིག་སྤྲད་ཡོད་པ་རེད། དེ་བཞིན་དུ་རྒྱལ་སྤྱིའི་ཐོག་ནས་ཀྱང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་མང་གཙོ་ཚད་དང་ལྡན་པ་ཞིག་ཡོད་པ་གཞིར་བཟུང་ནས་ཕྱག་ལས་གནང་བའི་སྐབས་རྩ་དོན་གལ་ཆེ་བ་རྩི་བཞིན་པའི་ཐོག་ནས། རྒྱུན་དུ་མང་གཙོའི་འགྲོ་སྟངས་ཐོག་ནས་འཛིན་སྐྱོང་དང་གྲོས་ཚོགས་དབར་གྱི་འབྲེལ་ལམ་ཐོག་གནས་ཚུལ་ཏོག་ཙམ་དེ་འདྲ་ཡོང་གི་ཡོད་པ་རེད་དེ། གནས་ཚུལ་མེད་པའི་ཐོག་ནས་མཐུན་སྒྲིལ་གནང་བ་དེ་གཟི་བརྗིད་དང་ལྡན་པ་ཞིག་ཆགས་ཡོད་པ་དང་། གྲོས་ཚོགས་དང་སྤྱི་འཐུས་རྣམ་པ་ཚང་མར་སླར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། བོད་མི་ཚང་མའི་ངོས་ནས་ཀྱང་སྤོབས་པ་སྐྱེ་འོས་པའི་གནས་ཚུལ་ཞིག་ཆགས་སོང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གཞན་དག་རྣམས་ཡག་པོ་བསྐོས་འདུག་པདྨ་ཆོས་འབྱོར་ཡག་སྡུག་རྗེས་སུ་བལྟ་ཆོག་གི་རེད་ཁོ་པས་ཕྱོགས་ཞེན་སོགས་སྤྱི་ལ་གནོད་པའི་ལས་བྱེད་ངེས་རེད།།
1 ༢༠༢༠༡༡༠༧༡༦
འུ་ལྕག་གི་སྲིད་སྐྱོང་མཆོག་གིས་ཕྱགས་རོགས་རྣམས་ཡག་པོ་བཀོ་བཞག་གནང་སོང་ཡིན་ན་ཡང་བོད་ནས་གསར་དུ་ཕེབས་པ་ཞིག་བཀོ་བཞག་གནང་དགོས་གསུང་པ་དེ་རང་ཉིད་ཀྱིས་བལྟས་ན་རྟག་རྟག་སྡད་མི་འདུག་བསམ་སོང་དབྱིན་ཇི་ཕུལ་དུ་སོང་བ་ཞིག་མེད་ན་་བོད་ཡིག་རྒྱ་ཡིག་དེ་ག་ནང་བཞིན་ཉམས་མྱོངས་དང་ཆབ་སྲིད་ཕུལ་དུ་སོང་བ་ཡོད་པ་དངོས་ཡོད་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།