ཚོགས་གཙོས་གྲོས་ཚོགས་ཚོགས་དུས་༢པ་དབུ་འཛུགས་ཀྱི་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༦ཉིན། སྐབས་༡༥པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༢པའི་ཐོག བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། སྐབས་༡༥པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་འགན་ཆེ་ཤོས་ཤིག་ནི་བཀའ་བློན་གྱི་འོས་མི་འོས་འདེམས་གནང་བ་དེ་རེད། བཀའ་བློན་རྣམས་ད་ལྟ་མེད་ཙང་སང་ཉིན་གྲོས་ཚོགས་ནང་ཕེབས་རོགས་གནང་ཞུ་རྒྱུ་དང༌།  སྤྱི་འཐུས་སྐབས་༡༥པའི་གྲོས་ཚོགས་ཚོགས་དུས་༢པའི་ཐོག་བྱ་བའི་དབང་གིས་གྲོས་ཚོགས་ལ་བཅར་མ་ཐུབ་པ་གཉིས་དང༌། གྲོས་ཚོགས་ཕྱེད་ཀ་བཅར་མ་ཐུབ་པ་གཅིག་ཡོད་པ་རེད་མ་གཏོགས་གཞན་སྤྱི་འཐུས་ཚོགས་གཞོན་གྱི་དབུས་པའི་སྤྱི་འཐུས་རྣམས་པ་ཚང་མ་ཕེབས་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་དང༌། མ་འོངས་པ་ཡིན་ནའང་དེ་ལྟར་ཡོང་བའི་རེ་བ་ཡོད་ཅེས་ཞུ་རྒྱུ་ཡིན།

ད་ལྟ་བོད་པ་བཙན་བྱོལ་དུ་སླེབས་ནས་མི་ལོ་༥༡འགྲོ་བཞིན་ཡོད་དུས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་པ་ཆེར་བཞེས་ཀྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེར་སྐུ་དབང་གང་ཡོད་པ་དེ་མི་མང་གིས་འོས་འདེམས་གནང་བའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་དུས་ཚོད་ཅིག་སླེབས་སོང་བ་རེད། དེའི་ཕྱིར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་རེད། སྤྱི་འཐུས་རྣམ་པ་དང་གཞུང་གི་ལས་བྱེད་རྣམ་པ་ཡིན་ནའང་འདྲ་ཐུན་མོང་མ་ཡིན་པའི་དུས་ཚོད་ཅིག་ལ་སླེབས་ཡོད་དུས། བོད་ཕྱི་ནང་གཉིས་ཀྱི་སྔར་ལས་འགན་ཆེན་པོ་ལེན་དགོས་པའི་དུས་ཚོད་ཅིག་སླེབས་ཡོད་པ་རེད།

ད་ལྟ་བོད་ནང་དུ་རྒྱ་ནག་གིས་སྲིད་བྱུས་ག་འདྲ་ཞིག་བཟུང་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། དེ་བསྐྱར་ཟློས་བྱེད་དགོས་དོན་ཡོད་པ་མ་རེད། ཡིན་ནའང་རྒྱ་ནག་གིས་བཟུང་བའི་སྲིད་བྱུས་གདུག་རྩུབ་དང་གཉའ་གནོན་ཁོ་ན་མ་གཏོགས་མི་མང་གི་དཀའ་ངལ་སེལ་བའི་ཐབས་ཤེས་འཚོལ་གྱི་མེད་པ་དེ་ཧ་ཅང་གསལ་བོ་རེད། རྒྱ་ནག་གི་སྲིད་བྱུས་དེ་ནོར་འཁྲུལ་ཡིན་པ་དང༌། རྒྱ་གཞུང་གིས་བཤད་བསྡད་ཡོད་པའི་གྲངས་ཉུང་མི་རིགས་བར་དང་ཁྱིམ་མཚེས་རྒྱལ་ཁབ་བར་འཆམ་མཐུན་ཟེར་བ་དེ་ཚོ་སྲིད་བྱུས་དེ་འདྲ་ཞིག་གི་འོག་ནས་ཡོང་ཐབས་མེད་པ་ཞིག་དང༌། བོད་ཁོ་ན་ཙམ་ཡིན་པར་སོག་པོ་དང་ཤིན་ཅང་སོགས་ཀྱི་ནང་དུའང་གནས་སྟངས་གཅིག་པ་ཆགས་བསྡད་ཡོད་པ་རེད། ད་ལྟའི་དུས་སྐབས་སུ་སྤྱི་ཚོགས་ནང་ལོགས་སུ་ཤུགས་རྐྱེན་གང་ལ་གང་འཚམ་སྤྲོད་མཁན་གྱི་རྩོམ་པ་པོ་དང་གཞས་གཏོང་མཁན། བླ་མ་སྤྲུལ་སྐུ་སོགས་ལ་གཉའ་གནོན་ཁོ་ན་བྱེད་ཀྱི་ཡོད་པ་གསལ་བོ་རེད།

དེ་བཞིན་བོད་ཀྱི་འབྲོག་པ་ཚང་མ་གྲོང་ཁྱེར་ཅན་དུ་བསྒྱུར་བ་དེ་ཚོ་རྒྱ་ནག་གི་སྲིད་བྱུས་ཧ་ཅང་ངན་པ་ཞིོག་བཟུང་ཡོད་པ་གསལ་བོ་རེད། བོད་ནང་དུ་གཏེར་ཁ་སྔོག་འདོན་བྱེད་པའི་ལས་གཞི་དེ་སྔར་ལས་ཤུགས་ཆེ་རུ་དང་རྒྱ་རུ་གཏོང་བཞིན་ཡོད་པ་རེད། དེར་བརྟེན་གཙང་པོ་ཡན་ཆད་ནས་ཆུ་རགས་རྒྱག་པ་སོགས་ཁོར་ཡུག་གནོད་སྐྱོན་གྱི་གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་རྒྱ་ནག་ཙམ་དུ་མ་ཟད་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་གནོད་འཚེ་ཐེབས་ཀྱི་ཡོད་པ་རང་བཞིན་ཞིག་ཏུ་ཆགས་བསྡད་ཡོད་པ་རེད། ད་ལྟའི་གནས་སྐབས་སུ་འཛམ་གླིང་འདིའི་ནང་ལོགས་སུ་ཆབ་སྲིད་ཀྱི་བཙན་བྱོལ་བ་མང་པོ་ཡོད་པ་རེད་དེ། འབྱུང་འགྱུར་ཁོར་ཡུག་གི་བཙན་བྱོལ་བ་མང་བ་ཆགས་རྒྱུ་ཡིན་པ་གསལ་བོ་ཆགས་བསྡད་ཡོད་དུས། བོད་ཀྱི་ཁོར་ཡུག་གི་ཐོག་ལ་རྒྱ་གཞུང་གིས་དོ་སྣང་ཆེན་པོ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་དུ་ང་ཚོ་བཙན་བྱོལ་ནང་དུ་ཡོད་མཁན་ཚོ་ཡིན་པ་ཡིན་ནའང་སོ་སོའི་ཆོས་དང་རིག་གཞུང༌། སྐད་ཡིག་གི་ཐོག་ལ་དོ་སྣང་ཆེན་པོ་སྤྲོད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌། རྒྱ་ནག་གི་ཕྱོགས་ནས་སྤྱི་ཡོངས་ཀྱི་ཐོག་ནས་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད་པ་དེ་ང་ཚོས་མཐོང་གི་ཡོད་པ་རེད། དཔལ་འབྱོར་ཡར་རྒྱས་གང་ལ་གང་འཚམ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་ནག་དམར་པོའི་སྲིད་གཞུང་ཁོ་རང་ཚོ་ལའང་དོ་ཕོག་གང་ལ་གང་འཚམ་ཡོད་པ་གསལ་བོ་རེད། ཡིན་ནའང༌། དཔལ་འབྱོར་དང་དམག་དོན་གྱི་ཐོག་ནས་ག་ཚོད་ཡར་རྒྱས་སུ་ཕྱིན་ཡོད་ནའང༌། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པར་དང༌། མི་རིགས་དང་ཆོས་ལུགས་བར་གྱི་དབྱེ་བ། ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་སོགས་རྒྱ་ནག་དམར་ཤོག་ཚོགས་པ་ཡུན་གནས་ཐུབ་པ་ཁོ་ནའི་ཆེད་དུ་བཙིར་བསྡད་ཡོད་པ་རེད། འབྱུང་འགྱུར་གྱི་ལོ་ངོ་༢༠ཙམ་གྱི་ནང་དུ་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་གི་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། འཛམ་གླིང་འགྱུར་བ་ཐེབས་པའི་དུས་ཚོད་དེ་ཐུང་རུ་ཐུང་རུ་འགྲོ་བཞིན་ཡོད་པ་རེད།

དེ་འདྲ་སོང་ཙང་བོད་ནང་གི་གནས་བབ་ལ་གཞིགས་ནས་ང་རང་ཚོ་བཙན་བྱོལ་དུ་ཡོད་མཁན་གྱི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་སོགས་ནས་འགན་འཁུར་རྒྱུ་དཔེ་གལ་ཆེན་པོ་རེད། རང་བཙན་ཡོད་པའི་འཐུས་མི་ལྷན་ཚོགས་ཤིག་ཡིན་ན།  སོ་སོ་ས་གནས་གང་ནས་འོས་འདེམས་བྱུང་བ་ཡིན་ན་ས་གནས་དེའི་མི་མང་གི་བདེ་སྡུག་ལ་ལྟ་བ་དང་འགན་འཁུར་དགོས་པ་རེད། ཡིན་ནའང༌། ད་ལྟ་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ཙང་སྤྱི་འཐུས་རྣམས་པ་ཚོས་ཡིན་ནའང་ཁྲིམས་བཟོ་བ་ཙམ་དུ་མ་ཟད་པའི་བོད་དོན་དེ་རྒྱལ་སྤྱིའི་ཐོག་ངོ་སྤྲོད་གནང་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང༌། ད་ལྟའི་བར་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གོ་སྒྲིག་བྱེད་པ་དེ་ཚོ་འགན་འཁུར་ཡོད་པ་དང༌། མ་འོངས་པར་མུ་མཐུད་བྱ་འཆར་ཡོད་པ་དང༌། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་ད་ལྟ་བར་དུ་གནང་བསྡད་ཡོད་པ་རེད། དཔེར་ན། འདས་པའི་ཟླ་བ་གཅིག་གི་ནང་ལོགས་སུ་དཔལ་ལྡན་བཀའ་བློན་ཁྲི་པས་དམ་བཅའ་མ་ཕུལ་བའི་སྔོན་ནས་ཨ་རིའི་ནང་གི་གནད་ཡོན་མི་སྣ་དང་མཇལ་འཕྲད་གནང་ཡོད་པ་སོགས་ལ་བལྟས་པ་ཡིན་ན། རྒྱལ་སྤྱིའི་ཐོག་ནས་གསར་འགོད་པ་དང་ཆབ་སྲིད་མི་སྣ་དེ་ཚོ་ཚང་མས་བོད་དོན་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད་པ་མངོན་གསལ་དོད་པོ་རེད།

སྤྱིར་བཏང་རྒྱལ་སྤྱིའི་ཐོག་ནས་བོད་པ་ལ་ལྟ་སྟངས་བཟང་པོ་ཡོད་པ་རེད། བོད་པའི་འཐབ་རྩོད་ཀྱི་ངོ་བོ་དེ་མུ་མཐུད་ནས་དབུ་མའི་ལམ་ལ་འགྲོ་བཞིན་ཡོད་པ་དང༌། ཇི་སྲིད་མང་ཚོགས་ནང་ལོགས་ནས་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་འདུག་ཅེས་བསམ་ཚུལ་ཤུགས་ཆེན་པོ་ཞེ་དྲག་ཅིག་མ་ཐོན་བར་དུ་དབུ་ལམ་ལ་འགྲོ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་གསུངས་པ་ནང་བཞིན་དགོངས་པ་ཆེར་བཞེས་ཀྱི་ཐོག་ནས་ཐག་གཅོད་གནང་བཞག་པ་ཅིག་རེད་མ་གཏོགས་དགོས་པ་རྒྱུ་མཚན་རྩ་བ་ཉིད་ནས་མེད་པ་དང༌། གནད་དོན་གཞན་པའི་དབང་གིས་ཐག་གཅོད་གནང་བ་ཞིག་མིན་པ་གསལ་བོ་རེད་ཅེས་ཞུ་རྒྱུ་ཡིན།

རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ནང་ལ་སྤྱིར་བཏང་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་དེ་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། དེའི་ཐོག་ལ་དཔལ་འབྱོར་གྱི་བརྒྱུད་ལམ་གྱི་ཐོག་ནས་དཔལ་འབྱོར་སྐྱོ་བོ་དཔེར་ན་ལྷོ་ཨ་ཧྤེ་རི་ཁའི་ནང་གི་རྒྱལ་ཁབ་མང་པོར་མིག་གིས་མཐོང་བའི་མཐུན་རྐྱེན་གང་ལ་གང་འཚམ་བསྐྲུན་གྱི་ཡོད་པ་དང༌། རྒྱལ་ཁབ་དང་མི་རིགས་དེ་ཚོས་ལྟ་ཚུལ་ཡག་པོ་ཡོང་ཆེད་ཆབ་སྲིད་ཀྱི་ལས་རིམ་མང་པོ་བེད་སྤྱོད་གཏོང་གི་ཡོད་པ་རེད། མ་འོངས་པར་རྒྱ་ནག་གི་སྲིད་བྱུས་ག་འདྲ་ཞིག་བཟུང་བ་ཡིན་ནའང་དེའི་ཐོག་ལ་ང་རང་ཚོའི་གནས་སྟངས་དང་མིའི་ནུས་པ། དཔལ་འབྱོར་གྱི་ནུས་པ་སོགས་ལ་གཞི་བཅོལ་ནས་གདོང་ལེན་བྱེད་སྟངས་གཞན་དང་མི་འདྲ་བ་ཞིག་བྱེད་དགོས་པ་དེ་གནད་འགག་ཅིག་ཆགས་འདུག  འཛིན་སྐྱོང་བཀའ་ཤག་གིས་དེ་ཚོའི་སྒང་ལ་འཛིན་སྐྱོང་བཀའ་ཤག་གིས་བསམ་ཞིབ་བྱས་ཡོད་པ་རེད་ལ། མ་འོངས་པ་ལའང་མུ་མཐུད་ནས་བསམ་ཞིབ་བྱ་ངེས་རེད། དེ་བཞིན་ང་ཚོ་སྤྱི་འཐུས་རྣམས་པ་ཚོ་ཡིན་ནའང་དེ་སྐོར་ལ་བསམ་ཞིབ་བྱེད་པའི་གོ་སྐབས་ཏན་ཏན་ཡོང་གི་རེད་བསམ་གྱི་ཡོད།

གོང་དུ་ཞུས་པ་ནང་བཞིན་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་༦འོས་འདེམས་གནང་རྒྱུ་དེ་རེད། འཛིན་སྐྱོང་བཀའ་ཤག་ཆ་ཚང་ཞིག་ལོ་༥རིང་ལ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དག་ལ་ཕྱག་ལས་གནང་རྒྱུ་དེ་རིང་ནས་མགོ་བཙུགས་ཚར་བ་རེད། དེ་འདྲ་ཡིན་དུས་དེ་རིང་གི་ཉིན་མོ་འདི་ལོ་རྒྱུས་ལྡན་པའི་ཉིན་མོ་ཞིག་ཏུ་རྩི་བཞིན་ཡོད། རྒྱ་ནག་ངོས་ནས་ཡིན་ནའང་དེ་རིང་གི་ཉིན་མོ་འདི་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་བོ་རེད། ཡིན་ནའང༌། ང་རང་ཚོའི་ལས་རིམ་དེ་ག་རེ་ཡིན་པ་ཡིན་ནའང་མང་གཙོའི་ལམ་ལུགས་དང་མཐུན་པ་ཞིག་འགྲོ་བཞིན་ཡོད་པ་དེ་རྒྱ་ནག་གི་མགོ་ཁྲིད་ཚོར་གོ་བརྡ་ཡག་པོ་འཕྲོད་དགོས་ཀྱི་རེད།

སྤྱི་ཟླ་གསུམ་དང་དགུ་པའི་གྲོས་ཚོགས་ཀྱི་བར་དུ་ཁྱད་པར་འདྲ་བོ་དེ་སྤྱི་ཟླ་དགུ་པའི་གྲོས་ཚོགས་ཀྱི་ནང་ལོགས་ལ་འཛིན་སྐྱོང་བཀའ་ཤག་གི་ལས་སྡོམ་སྙན་ཞུ་གནང་གི་ཡོད་པ་རེད། ལས་སྡོམ་དེ་དང་བསྟུན་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོ་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་ཆ་ཚང་ཞིག་ཞོགས་པ་ནས་དགོང་མོ་བར་དུ་གཟིགས་གནང་གི་ཡོད་པ་དང༌། ཆ་ཚང་ཞིག་གཟིགས་རྗེས་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ལས་སྡོམ་དེ་ཚོ་དཔར་ལོག་བརྒྱབ་ནས་གྲོས་ཚོགས་ནང་དུ་སྟོན་རྒྱུ་དེ་སྔོན་མ་ནས་མགོ་བཙུགས་ཚར་ཡོད་ཙང༌། གྲོས་ཚོགས་གྲོས་ཞིབ་གནང་ཚར་རྗེས་དྲི་བ་ག་རེ་གནང་རྒྱུ་ཡོད་པ་ཡིན་ནའང་གནང་དགོས་པ་རེད། ཡིན་ནའང༌། དགོངས་པར་འཇགས་དགོས་པ་ཞིག་ལ་བཀའ་བློན་ཁྲི་པ་གསར་པ་ཕེབས་ཚར་པ་དང༌། བཀའ་བློན་གྱི་ནང་ནས་གསར་པ་དང་རྙིང་པ་སུ་ཕེབས་ནའང་དེ་ལ་དཔག་པའི་དགོངས་པ་བཞེས་རྒྱུ་དཔེ་གལ་ཆེན་པོ་རེད། རྩ་བའི་འཛིན་སྐྱོང་གི་ངོས་ནས་ཕྱག་རོགས་ཡོད་ཡོད་པ་རེད་ཅེས་ཞུ་རྒྱུ་དང༌། དེ་ནས་དྲི་བ་དྲིས་ལན་ཡོང་གི་རེད་ཐུགས་སྣང་ཆེན་པོ་དང༌། སྤྱི་འཐུས་སྒེར་གྱི་གཞུང་འབྲེལ་གྲོས་འཆར་ཁག་མང་པོ་ཞིག་ཡོད་ཀྱང༌། དེ་རིང་ལས་རིམ་པང་སྒྲིག་པའི་སྐབས་དེར་གནད་དོན་གལ་ཆེ་ཆུང་ལྟ་རྒྱུ་དེ་ཁག་པོ་ཞེ་དྲག་ཅིག་ཆགས་སོང༌། གནད་དོན་གལ་ཆེ་ཆུང་ལ་བལྟས་པ་ཡིན་ན། ལས་རིམ་ཁ་ཤས་ཤིག་སྔོན་ལ་བཏང་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག ཡིན་ནའང༌། ག་དུས་ཡིན་ནའང་ལས་ཀ་བྱེད་འདུག་པའི་ཆེད་དུ་ལས་རིམ་འདི་འདྲ་བྱས་ནས་སྒྲིག་བཞག་ཡིན།

སྤྱི་འཐུས་སྐབས་༡༥པའི་གྲོས་ཚོགས་ཚོགས་དུས་༡པོ་དེ་ཚད་དང་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིོན་དེ་རིང་གྲོས་ཚོགས་ཉི་མ་ཅུང་ཙམ་མང་པོ་ཡོད་པ་རེད་དེ་གང་ཅིའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམས་པ་ཚོའི་ངོས་ནས་གྲོས་ཚོགས་ཀྱི་གནས་ཚད་སྔར་ལས་མཐོ་རུ་གཏོང་བ་ལ་འབད་བརྩོན་བྱེད་པར་ཚོགས་གཙོའི་ངོས་ནས་རེ་སྐུལ་ཞུས་པ་ཡིན། དེ་རིང་ནས་བཟུང་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་ཀྱི་བར་དུ་ཡིན་ནའང་འདྲ། སྤྱིར་བཏང་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ནས་ཡིན་ནའང་རེད་མང་གཙོའི་གཞུང་འདི་མཇུག་སྐྱོང་བར་གྲོས་ཚོགས་ནང་དུ་ཕེབས་ནས་ལོ་ངོ་༥རིང་ལ་ལས་ཀ་བྱེད་དགོས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་ང་རང་ཚོའི་ངོས་ནས་ཡིན་ནའང་མང་གཙོའི་ལྟ་གྲུབ་ཀྱི་ཐོག་ནས་མང་གཙོའི་འགན་དབང་སོ་སོས་འཁུར་ཐུབ་པ་དང༌། འཛིན་སྐྱོང་བཀའ་ཤག་གི་སྟངས་འཛིན་ཡོད་པ་དེ་གཞིར་བཟུང་བའི་ཐོག་ནས་འཛིན་སྐྱོང་ལ་མཐུན་སྦྱོར་ག་ཚོད་ཅིག་གནང་དགོས་པ་ཡིན་ན་གནང་རྒྱུ་གལ་ཆེན་པོ་རེད། ང་ཚོས་ད་ལྟ་ཤོག་བུ་གསར་བ་ཞིག་ཁ་ཕྱེ་བཞིན་ཡོད་དུས། ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་གནད་དོན་རྙིང་པ་དང་གསར་པ་ག་རེ་ཡིན་ནའང་དེ་ཚོ་ཚང་མ་ཕར་བཞག་ནས་དེ་རིང་ནས་བཟུང་ནུས་པ་སྤུངས་དགོས་ས་དེར་ཚང་མས་ནུས་པ་གཅིག་ཏུ་སྤུངས་ནས་འབད་བརྩོན་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་རང་ཚོགས་གཙོའི་ངོས་ནས་ཀྱང་དེ་བཞིན་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།