གྲོས་ཚོགས་དབུ་འཛུགས་དང་བཀའ་བློན་ལས་རོགས་བསྐོ་བཞག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༦ཉིན། དེ་རིང་བོད་མི་མང་སྤྱི་འཐུས་སྐབས་༡༥པའི་གྲོས་ཚོགས་ཚོགས་དུས་༢པ་དབུ་འཛུགས་དང༌། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ལས་རོགས་མི་༦ བསྐོ་བཞག གཞན་ཡང་གཞུང་འབྲེལ་མྱ་ངན་གྲོས་ཆོད་གྲོས་འཆར་ཁག་གཉིས་བཞག་སོང་།

བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཏོན་གནང་བའི་བཀའ་བློན་ལས་རོགས་ཀྱི་འོས་མི་ ༦ པོར་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་རྒྱབ་སྐྱོར་ཐོབ་ཅིང༌། གསར་དུ་བསྐོ་བཞག་བྱས་པའི་སྐབས་༡༤པའི་བཀའ་ཤག་གི་བཀའ་བློན་ལས་རོགས་༦ནི། འབྲོང་ཆུང་དངོས་གྲུབ་ལགས་དང༌། ཚེ་རིང་དོན་གྲུབ་ལགས། པདྨ་ཆོས་འབྱོར་ལགས། རྒྱ་རི་སྒྲོལ་མ་ལགས། བདེ་སྐྱིད་ཆོས་དབྱངས་ལགས། ཚེ་རིང་དབང་ཕྱུག་ལགས་བཅས་ཡིན་པ་རེད། བཀའ་བློན་རྣམ་པས་དེ་རིང་ཉིན་རྒྱབ་ཆུ་ཚོད་༣།༡༥ཐོག་བཙན་བྱོལ་དབུས་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དྲུང་དུ་བཀའ་བློན་ལས་ཁུར་དང་གསང་རྒྱའི་དམ་འབུལ་ཞུ་རྒྱུ་ཡིན་པ་རེད།

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲིག་གཞི་དགོངས་དོན་ལྟར་ན། བཀའ་ཁྲི་མཆོག་གིས་བཀའ་བློན་ཕྱག་རོགས་གཞན་གྱི་མཚན་གཞུང་གྲོས་ཚོགས་སུ་ཕུལ་ཏེ་སྤྱི་འཐུས་རྣམ་པས་འོས་བསྡུའི་ལམ་ནས་སྤྱི་མོས་དང་ཡང་ན་གསང་བའི་འོས་ཤོག་ཐོག་ནས་འདེམས་དགོས་པ་དང༌། འོས་གཞིའི་ནང་ཡོད་པའི་བཀའ་བློན་སུ་རུང་བཀའ་བློན་དུ་བསྐོ་གཞག་ཡོང་བར་གྲོས་ཚོགས་ནང་ངོ་ཡོད་སྤྱི་འཐུས་བརྒྱ་ཆ་༥༠ ལས་མི་ཉུང་བའི་མང་མོས་རྒྱབ་སྐྱོར་ཐོབ་དགོས་ལུགས་འཁོད་ཡོད་ཀྱང༌། ཐེངས་འདིར་མང་མོས་རྒྱབ་སྐྱོར་ལས་བརྒལ་ཏེ་བཀའ་བློན་ཕྱག་རོགས་༦ པོར་གྲོས་ཚོགས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

ཐེངས་འདིར་གསར་དུ་བསྐོ་བཞག་བྱས་པའི་བཀའ་བློན་འབྲོང་ཆུང་དངོས་གྲུབ། འཁྲུངས་ལོ། ༡༩༥༦ ད་ལྟའི་བཞུགས་ཡུལ། མེ་གྷན། དྷ་རམ་ས་ལ། ད་ལྟའི་ཕྱག་ལས། བཀའ་བློན་ཟུར་འཕྲལ། ལོ་རྒྱུས་སྙིང་བསྡུས། B.A ཐོན་རྗེས་ ༡༩༧༧ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ཕྱག་ལས་གནང་མུས་ཐོག ༢༠༠༧ལོར་སྐབས་༡༣པའི་བཀའ་ཤག་ཏུ་འོས་ཐོན་གྱིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

ཚེ་རིང་དོན་གྲུབ། འཁྲུངས་ལོ། ༡༩༦༠ ད་ལྟའི་བཞུགས་ཡུལ། གངས་ཅན་སྐྱིད་གཤོངས། དྷ་རམ་ས་ལ། ད་ལྟའི་ཕྱག་ལས། བཀའ་བློན་ཟུར་འཕྲལ། ལོ་རྒྱུས་སྙིང་བསྡུས། M.Com ཐོན་རྗེས་ ༡༩༨༤ནས་གཞུང་ཞབས་ཞུས་ཏེ་ ༢༠༠༠ ནས་དྲུང་ཆེའི་གནས་རིམ་ཐོག་ཤེས་རིག་དང་ནང་སྲིད་དྲུང་ཆེ་གནང༌། ༢༠༠༧ ལོར་སྐབས་༡༣པའི་བཀའ་ཤག་ཏུ་འོས་ཐོན་གྱིས་དཔལ་འབྱོར་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

པདྨ་ཆོས་འབྱོར། འཁྲུངས་ལོ། ༡༩༤༥ ད་ལྟའི་བཞུགས་ཡུལ། ཨ་རི་ཀ་ལི་ཕོར་ནི་ཡ། ད་ལྟའི་ཕྱག་ལས། བཀའ་བློན་ཟུར་པ། ལོ་རྒྱུས་སྙིང་བསྡུས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་རྗེས་ ༡༩༦༤ ནས་༡༩༨༤ བར་ཅན་དྷི་གྷར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤ་ཡའི་རིག་གནས་སྡེ་ཚན་ནང་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་འཁྲིད་གནང༌། ༡༩༧༢ ལོར་ཅན་དྷི་གྷར་ས་གནས་གཞོན་ནུ་གསར་འཛུགས་ཀྱིས་སྐབས་༤རིང་ས་གནས་ཚོགས་གཙོ་དང༌།་༡༩༧༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས། ༡༩༩༢ དང་༡༩༩༦ ལོར་སྐབས་༡༡པ་དང་༡༢པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན། ༡༩༩༧ནས་༢༠༠༡བར་སྐབས་༡༡པའི་བཀའ་ཤག་ཏུ་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

བཀའ་བློན་རྒྱ་རི་སྒྲོལ་མ། ཕྱི་ལོ་༡༩༦༤ལོར་འཁྲུངས་པ་དང་ད་ལྟ་རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་རུ་བཞུགས་ཡོད།  ད་ལྟའི་ཕྱག་ལས་སྤྱི་འཐུས་ཚོགས་གཞོན་ཟུར་འཕྲལ། ཕྱི་ལོ་༡༩༨༤ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བུད་མེད་སྡེ་ཚན་གྱི་འགན་འཁུར་བ་བསྐོ་བཞག་དང༌། ༡༩༨༦ལོར་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་པར་འོས་འདེམས་ཐོག་རིག་གཞུང་འགན་འཛིན། ༡༩༨༩ལོར་བསྐྱར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས་ཀྱིས་དྲིལ་བསྒྲགས་འགན་འཛིན་དང་དེའི་རྗེས་ཟུང་འབྲེལ་དྲུང་ཆེའི་མཚན་གནས་བཞེས། ཕྱི་ལོ་༡༩༩༡དང་༡༩༩༦། ༢༠༠༡། ༢༠༠༦བཅས་བསྟུད་མར་སྐབས་བཞིའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་གྱིས་ཐེངས་༣རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་མཛད་འགན་བཅས་བཞེས་ཡོད།

བདེ་སྐྱིད་ཆོས་དབྱངས། ཕྱི་ལོ་༡༩༦༦ལོར་འཁྲུངས་པ་དང་ད་ལྟ་ཁེ་ན་ཌ་རུ་བཞུགས་ཡོད་པ་དང༌། ད་ལྟའི་ཕྱག་ལས་ཨ་རིའི་སྤྱི་འཐུས་ལས་ཐོག་དང༌། ཕྱི་ལོ་༡༩༧༡ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང༌། དེར་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་M.A.ཐོན་རྗེས་༡༩༩༠ལོར་བོད་མི་ཨ་རིར་(Connecticut,USA)གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང་དང༌། ༡༩༩༩ནས་༢༠༠༣བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང༌། Pepperidge Farm Inc.དང་Canada World Youth ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ་དང༌། ད་ལྟའི་ཆར་མོན་ཀྲེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོའི་ཁེ་སྒོར་ས་ཡ་༢༠༠༠༠༠ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་མུས་ཡིན།

ཚེ་རིང་དབང་ཕྱུག་ལགས། ཕྱི་ལོ་༡༩༧༤ལོར་འཁྲུངས་པ་དང་ད་ལྟའི་བཞུགས་གནས་སྦེལ་ཀོབ་བོད་མིའི་གཞིས་སྒར་ཡིན་པ་དང༌། སྦེལ་ཀོབ་འཚོི་བྱེད་སྨན་ཁང་དུ་ཕྱི་ལུགས་སྨན་པ་དང༌། ཕྱི་ལོ་༡༩༩༣ལོར་གཞིས་རིམ་སློབ་ཐོན་རྗེས་༡༩༩༤ལོར་ཤེས་རིག་ལས་ཁུངས་ཀྱི་སྨན་སློབ་ཁོངས་སུ་འདེམས་ཐོན་བྱུང་སྟེ་པོ་ལེན་ཊའི་རྒྱལ་ས་ཝར་སོར་དམིགས་བསལ་སྨན་གྱི་མཐོ་སློབ་ཁང་དུ་སྨན་པའི་སློབ་སྦྱོང་དང༌། ཟབ་སྦྱོང༌། ཉམས་མྱོང་བཅས་མཐར་ཕྱིན་ནས་༢༠༠༣ལོར་ཆེ་བསྟོད་ལག་འཁྱེར་ཐོབ། སློབ་སྦྱོང་མཐར་སོན་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་༢༠༠༣ནས་༢༠༠༨བར་འཕྲོད་བསྟེན་ཁྱབ་ཁོངས་ཨོ་རི་ས་ཕུན་ཚོགས་གླིང་སྨན་བླ་སྨན་ཁང་གི་སྨན་པ་དང༌། ༢༠༠༨ནས་༢༠༠༩བར་རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་རང་སྐྱོབས་སྨན་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས། ༢༠༠༩ནས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པའི་ལས་འགན་བཅས་ཞུ་མུས་ཡིན།

དེ་རིང་གི་གྲོས་ཚོགས་ནང་གཞུང་འབྲེལ་མྱ་ངན་གྲོས་ཆོད་གྲོས་འཆར་ཁག་གཉིས་བཞག་ཡོད། མྱ་ངན་གྲོས་འཆར་དང་པོ། སྔ་འགྱུར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་མཁན་ཆེན་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་དགུང་གྲངས་༨༨ཐོག་ཕྱི་ལོ་ ༢༠༡༡ ཟླ་༩ ཚེས་༢ཉིན་གྱི་སྔ་དྲོར་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་མཛད་པ་འཕྲིན་ལས་མཐའ་ཡས་པ་བསྐྱངས་པ་རྣམས་ལ་གུས་བཀུར་ཆེ་བསྟོད་ཞུ་རྒྱུ་དང༌། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་འདིས་བོད་བསྟན་སྲིད་སྤྱི་དང༌། ཁྱད་པར་གང་གི་སྐྱོང་ཡུལ་སྔ་འགྱུར་སྟན་པར་རྐྱེན་ངན་དང་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མི་དགོས་པར་བརྟེན། མགོན་པོ་གང་ཉིད་ཀྱི་སློབ་ཚོགས་ཡོངས་དང༌། ལས་སྣེ་སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་གདུང་དྲག་པོའི་སྒོ་ནས་ཐུགས་གསོའི་འཚམས་འདྲི་རྒྱུ་རྒྱུ་དང༌། གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང༌། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་སོང༌།

ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ཕྱི་ལོ་༢༠༡༡ཟླ་༨ཚེས་༣༡ཉིན་དགུང་གྲངས་ ༨༢ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུན་ཐོན་པར། སྐུ་གཤེགས་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང༌། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅན་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང༌། ཤུལ་ལུས་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་རྗེས། བཀའ་བློན་ཁྲི་པས་གྲོས་ཚོགས་སུ་གསལ་བཤད་གནང་གྲུབ་པ་དང་སང་སྔ་དྲོ་ཚོུད་༩།༣༠བར་ཚོགས་གསེང་བཞག་ཡོད་པ་རེད།

གྲོས་ཚོགས་གྲོལ་རྗེས་བཀའ་ཁྲི་མཆོག་ལ་གསར་འགོད་པ་ཚོས་བཀའ་བློན་ལས་རོགས་སྐོར་བཅར་འདྲི་ཐུང་ཐུང་ཞིག་ཞུས་པར། ཁོང་གིས། དེ་སྔོན་ངོས་ཀྱིས་ཁས་ལེན་པ་ལྟར། ཤེས་ཡོན། འཇོན་ཐང༌། ལྷག་བསམ་ཅན་གྱི་འོས་མི་རྐྱང་རྐྱང་ཐོན་ཡོད་སྟབས། ཁོང་རྣམ་པ་ཚོས་ཕྱག་ལས་ཡག་པོ་གནང་གི་རེད། རེ་བ་ཡོད། ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་སོང༌། འདི་ནས་གསར་དུ་བསྐོ་བཞག་བྱས་པའི་བཀའ་བློན་རྣམ་པའི་ལོ་རྒྱུས་དང་པར་རིས་བཅས་མཐོང་ཐུབ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
6 ༢༠༢༠༡༡༠༡༣༠
བཀའ་བློན་གཞན་ཚང་མར་བཀྲ་ཤིས་བདེ་ལེགས་བཞུ། པདྨ་ཆོས་འབྱོར་ལ་བཀྲ་ཤིས་བདེ་ལེགས་མེད་རྒྱུ་མཚན་ནི་སྔོན་མ་བདེ་སྲུང་བཀའ་བློན་སྐབས་བདེ་སྲུང་གི་ལས་དོན་ཡག་པོ་མ་བསྒྲུབས་པ་མ་ཟད་རང་ཉིད་དང་ཡུལ་ལུང་གཅིག་པ་ཤེས་ཡོན་གྱི་དབེན་པའི་མི་སྣ་ཁ་ཤས་ཡིག་རྒྱུགས་སོགས་མེད་པར་ཕྱོགས་ཞེན་ཁོ་ནས་གཞུང་བསྐོས་ལས་བྱེད་པར་བསྐོས་པས་སོ།།
5 ༢༠༢༠༡༡༠༡༡༣
བཀའ་ཟུར་འདས་པོ་ལྷ་ཀླུ་མཆོག་ལ་མྱ་ངན་མི་ཞུ་བའི་རྒྱུ་མཚན་གང་ཡིན་ནམ།
4 ༡༦༢༠༡༡༢༡༤༨
བཀའ་བློན་རྣམ་པ་ལ་བཀྲ་ཤིས་བདེ་ལེག་ཞུ། བོད་གཞུང་ཆོལ་གསུམ་ཆིག་བསྒྲིལ་ཚོག་པ་ཕྱོགས་ལས་རྣམ་པར་རྒྱལ་། ལྷ་རྒྱལ་ལོ་།
3 ༡༦༢༠༡༡༡༩༤༡
འདེམས་ཐོན་བྱུང་བའི་བཀའ་བློན་རྣམ་བཀྲ་ཤིས་བདེ་ལེགས་ཞུ། དམིགས་གསལ་ཨ་ཅག་རྒྱ་རི་སྒྲོལ་མ་བཀའ་བློན་འདེམས་མཐོན་བྱུང་བ་བཀྲ་ཤིས་བདེ་ལེགས་ཞུ།
འགྱུར་བ་ནི་ན་ནིང་ད་ལོ་སྔ་དྲོ་ཕྱི་དྲོ་ད་ལྟ་དང་ད་ལྟ་འགྱུར་བར་སུ་ཞིག་གིས་བཀག་ནུས
1 ༡༦༢༠༡༡༡༣༥༡
བཀའ་བློན་གསར་པ་རྣམས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བཀའ་ཁྲི་མཆོག་གི་བཀའ་སློབ་སྔོན་རྗེས་མ་མཐུན་པ་བློ་ཕམ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།