གྲོས་ཚོགས་ཚོགས་དུས་༢པ་དབུ་འཛུགས་གནང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༥ཉིན། སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༢པ་དེ། ཟླ་འདིའི་ཚེས་༡༦ཉིན་འགོ་འཛུགས་ཀྱིས། རེས་གཟའ་ཉི་མ་སོགས་གུང་སེང་ཁག་ཅིག་ཕུད། ཟླ་༡༠པའི་ཚེས་༡བར་དུས་ཡུན་ཉིན་གྲངས་༡༤རིང་འཚོགས་གཏན་ཁེལ་ཡོད་པ་རེད།

ཐེངས་འདིའི་ཚོགས་དུས་ཉིན་དང་པོར་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ལས་རོགས་རྣམས་འདེམས་བསྐོ་བྱ་རྒྱུ་དང༌། བཀའ་ཤག་གིས་གྲོས་ཚོགས་སུ་གསལ་བཤད་གནང་རྒྱུ། བཀའ་ཤག་གི་གསལ་བཤད་ལ་གྲོས་ཚོགས་ནས་བགྲོ་གླེང་དང་གྲོས་ཆོད་གྲོས་འཆར་འཇོག་རྒྱུ། དེ་རྗེས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ཟིན་པར་བཀའ་བློན་ཁྲི་པས་ལན་འདེབས་གནང་རྒྱུ།

གཞན་ཡང་ཁྲིམས་བཟོའི་ལས་དོན་ཐོག་གྲོས་སྡུར་གནང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཕྱི་ལོ་༢༠༡༠ནས་༢༠༡༡བར་གྱི་ལས་བསྡོམས་སྙིང་བསྡུས་གྲོས་ཚོགས་སུ་སྙན་སྒྲོན་གནང་རྒྱུ། མཇུག་མཐར་ལས་ཁུངས་ཁག་གི་ལས་བསྡོམས་སྙིང་བསྡུས་དང༌། སྤྱི་འཐུས་རྒྱུན་ལས་ཀྱི་སྙན་ཐོའི་ཐོག་བགྲོ་གླེང་ཟིན་པར་འབྲེལ་ཡོད་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་རྒྱུན་ལས་ནས་གསལ་བཤད་ལན་འདེབས་གནང་རྒྱུ་ཡིན་འདུག

གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་ལེགས་གྲུབ་ཀྱིས་གྲུབ་དོན་སྙན་ཐོ་ཚོགས་དྲུང་ལས་ཁུངས་སུ་རྩིས་འབུལ་གནང་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཡིག་ཆ་ཨང་ ༤ པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་སོང་བའི་རྗེས་འབྲེལ་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་ཡིག་དང༌། སྒྲིག་གཞི་ཁག་ལ་བསྐྱར་བཅོས་ཇི་དགོས་ཚོགས་མི་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་འཛུགས་གནང་དགོས་པ་དང༌། ཚོགས་ཆུང་དེས་འཛིན་སྐྱོང་དང་རང་དབང་ཅན་གྱི་སྡེ་ཚན་སོ་སོ་དང་འབྲེལ་ཆགས་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་འཆར་འབུལ་གནང་ཕྱོགས་ཐད་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ་དང༌། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང༌། བསྐྱར་བཅོས་ཟིན་བྲིས་ཁག་བཅས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་ཞེས་པའི་དགོངས་དོན་ལྟར། ཚོགས་ཆུང་གི་ལས་དོན་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ནས་འགོ་འཛུགས་ཀྱིས། ཐོག་མར་འཛིན་སྐྱོང་ཁོངས་ཀྱི་བཀའ་དྲུང་ཡིག་ཚང་དང༌། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་པར་འབྲེལ་ཆགས་ཁྲིམས་སྒྲིག་ཁག་གི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ལ་འབུལ་དགོས་པའི་གནས་འབྲེལ་གནང་བ་སྦྲགས། ཁུངས་སོ་སོར་ནས་ཕུལ་འབྱོར་བྱུང་བའི་བསྐྱར་བཅོས་འཆར་ཟིན་དང་དགོངས་འཆར་ཐོག་དོགས་མ་ཆོད་པ་དང༌། ཁྲིམས་སྒྲིག་ཁག་ཏུ་དོགས་གཞི་ཅན་གྱི་ཚིག་བརྗོད་ཡོད་རིགས་ལ་སྐབས་འཕྲལ་འབྲེལ་ཆགས་དང་རྣམ་ཀུན་ལག་བསྟར་བྱེད་པོ་རྒྱུས་མྱོང་ཅན་ཁག་ནས་གོ་བ་དང༌། ལག་ལེན་བསྟར་ཕྱོགས་བཅས་ཀྱི་སྐོར་འབྲེལ་ཡོད་འགན་འཛིན་ལ་ཞལ་པར་རམ། ཚོགས་ཆུང་དུ་ཆེད་འབོད་ཀྱིས་གོ་བསྡུར་མཐིལ་ཕྱིན་གནང་།

ཚོགས་ཆུང་གི་མཛད་འགན་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པའི་རྗེས་འབྲེལ་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་ཡིག་དང༌། སྒྲིག་གཞི་ཁག་ལ་བསྐྱར་ཞིབ་ཀྱིས་བསྐྱར་བཅོས་ཟིན་བྲིས་འདེབས་དགོས་པ་གཞིར་བཞག་ཐོག དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ལམ་སྟོན་ཕེབས་པ་གཞིར་བཟུང༌། ཁྲིམས་སྒྲིག་ཁག་གི་ནང་དོན་བསྐྱར་བཅོས་ཐོག་དགོས་ངེས་ཚིག་བརྗོད་དང༌། དག་ཆ། ནང་དོན་ཕན་ཚུན་ནང་འགལ་ཡོད་མེད་བཅས་ཀྱི་ཆེད་གྲོས་ཚོགས་ཀྱི་གཏན་འབེབས་ལ་བཀའ་འཁྲོལ་ཆོག་མཆན་མཚན་རྟགས་འཁོད་པའི་ཡིག་ཆ་ངོ་མ་དང་མཚུངས་བསྡུར། བཅའ་ཁྲིམས་དང་བཤིབ་བསྡུར་གྱིས་དགོས་ངེས་བསྐྱར་ཞིབ། ཞུ་དག་སོགས་ཐེངས་གསུམ་ནས་ལྔ་བར་བྱས་ཏེ་གཙོ་བོ་ཁྲིམས་སྒྲིག་ཁག་ ༢༤ ལ་མཐའ་མའི་བསྐྱར་བཅོས་འཆར་ཟིན་གྲོས་ཚོགས་སུ་ཕུལ་ཡོད་ཅིང༌། དེ་དག་ལ་ཁྱོན་བསྡོམས་ཤོག་གྲངས་ ༤༣༣ ཡོད་པ་རྣམས་སྡེ་ཚན་བཞི་རུ་ཆ་བགོས་གནང་ཡོད་འདུག

ཚོགས་ཆུང་གི་སྙན་ཐོའི་ནང་རྒྱབ་གཉེར་ཞུ་ཐབས་མ་གྱུར་པའི་དོན་གནད་ཁག་ ༨ དང༌། ཚོགས་ཆུང་གི་མཐོང་ཕྱོགས་དང་སླད་དགོངས་བཞེད་དགོས་ཁག་དོན་ཚན་ ༨ གསལ་སྟོན་གནང་ཡོད་འདུག སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནི། ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང༌། ཚོགས་དྲུང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། ཚོགས་མི་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང༌། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་ལས་གྲུབ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།