ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མའི་ལྷག་དཀར་སྲུང་བརྩིའི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༤ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གནས་སྡོད་བྱས་ཡོད་པའི་བོད་མི་དང་ལྷག་པར་དུ་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་ཚོས་བོད་མིའི་ངོ་བོ་དང་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་ལྷག་དཀར་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

འདི་ག་གསར་ཁང་ལ་འབྱོར་བའི་གསར་འགོད་གསར་བསྒྲགས་ནང་དུ། ལྡི་ལི་རོ་ཧི་ནེ་ས་གནས་གཞོན་ནུའི་་ངོས་ནས་ཕྱི་ལོ་༢༠༠༨་ལོའི་ཞི་བའི་སྒེར་ལངས་ཀྱི་རྗེས་སུ་རིམ་བཞིན་བོད་ནང་དུ་ཤུགས་ཆེར་དར་ཁྱབ་ཏུ་ཕྱིན་པའི་འཚེ་མེད་ཞི་བའི་མི་བསྟུན་པའི་ལས་འགུལ་གྱི་གལ་ཆེའི་རང་བཞིན་ངོས་འཛིན་དང་ཕྱོགས་གཞན་ཞིག་ནས་བོད་ནང་གི་བོད་མི་ཚོའི་ལས་འགུལ་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་དང་ལྷག་པར་མཐོ་སློབ་ཏུ་བསྐྱོད་བཞིན་པའི་བོད་པའི་མཐོ་རིམ་སློབ་མ་ཚོར་“ལྷག་དཀར”གྱི་ལས་འགུལ་ངོ་སྤྲོད་དང་གོ་རྟོགས་སྤེལ་ནས་བོད་མིའི་ངོ་བོ་དང༌། སྐད་ཡིག་གཙོའི་རིག་གཞུང་གི་མ་ལག་ཡོད་ཚད་སྲུང་འཛིན་དང་དར་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་འགོ་འཛུགས་ཞུས་པ་ཡིན།

ཀུན་གྱིས་མཁྱེན་གསལ་ལྟར་ལྷག་དཀར་ཞེས་པའི་ལས་འགུལ་དེ་ནི་བོད་ནང་གི་རྩོམ་པ་པོ་དང༌།  གཞས་པ།  སྙན་ངག་པ་གཙོའི་ཤེས་ཡོན་སྡེ་ཚན་ཁོངས་ཀྱི་བོད་མི་མང་པོ་ཞིག་གི་དངོས་ཤུགས་བརྒྱུད་གསུམ་གྱི་འབད་རྩོལ་ལ་བརྟེན་ནས་རིམ་བཞིན་བོད་མིའི་གཞི་རིམ་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་དར་ཁྱབ་ཏུ་ཕྱིན་པའི་རྣམ་པ་གསར་བ་དང་ཁྱད་ཆོས་དམིགས་བསལ་ལྡན་པའི་ལས་འགུལ་ཁྱད་པར་ཅན་ཞིག་ཡིན།  དེ་ཡང་རེས་གཟའ་ལྷག་པའི་ཉིན་ལ་བོད་པའི་སྲོལ་རྒྱུན་རང་བཞིན་གྱི་ཆས་གོས་གྱོན་པ་དང༌། བོད་པ་ཕན་ཚུན་དབར་ལ་བོད་སྐད་གཙང་མ་བསྐྱོན་པ།   བོད་པའི་ཟ་ཁང་ནང་ཞལ་ལག་མཆོད་པ། བོད་པའི་ཚོང་ཁང་སོགས་ནས་ཅ་ལག་ཉོ་བ་སོགས་བྱས་ནས་བོད་ནང་ཏུ་འཕེལ་བཞིན་པའི་རྒྱ་ནག་གི་ཁྲོམ་ར་ལ་གདོང་ལེན་གྱི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཡོད།

ལྷག་དཀར་ནི་“རེས་གཟའ་ལྷག་པ་དཀར་པོ་”ཞེས་པའི་བསྡུས་ཚིག་ཡིན་ལ། ལས་འགུལ་འདི་དམིགས་བསལ་གཟའ་ལྷག་པར་སྲུང་བརྩི་ཞུ་དགོས་དོན་ནི་ཉིན་མོ་དེ་གོང་ས་མཆོག་གི་སྐུའི་བླ་གཟའ་འཁེལ་གྱི་ཡོད་པར་བརྟེན་བོད་མི་ཚོས་གཟའ་ལྷག་པ་རྐྱང་ལ་བོད་མིའི་ངོ་བོ་འཛིན་སྐྱོང་སྤེལ་གསུམ་བྱེད་ཆེད་གཞི་རིམ་གྱི་ལས་འགུལ་འདི་དབུ་འཛུགས་བྱས་པ་རེད་ལ།  དེ་ཡང་ང་ཚོས་ཤེས་དགོས་པ་ཞིག་ལ་ལྷག་དཀར་ནི་བོད་མིའི་གཞི་རིམ་གྱི་མི་བསྟུན་པའི་ལས་འགུལ་ཞིག་ཆགས་ཡོད་པའི་རྒྱུ་མཚན་གྱིས་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་གང་ཟག་མི་སྒེར་སོ་སོ་ངོས་ནས་ལས་འགུལ་འདིའི་ཁྲོད་དུ་ཆ་ཤས་བླངས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་རྒྱུ་ནི་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སྐྱེས་ཐོབ་ཀྱི་འགན་འཁྲི་ཞིག་ཆགས་ཡོད།

དེ་ཡང་ལྡི་ལི་རོ་ཧི་ནེ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དཔལ་ལྡན་བསོད་ནམས་ལགས་ཀྱིས་ལྷག་དཀར་གྱི་ལས་འགུལ་འདི་ཁྱབ་སྤེལ་བྱེད་དགོས་པའི་གལ་ཆེའི་རང་བཞིན་སྐོར་བརྗོད་དོན་ “གལ་ཏེ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དྲག་སྤྱོད་དང་གནོན་ཤུགས་ལ་མ་འཛེམས་པར་རླབས་ཆེ་ཞིང་ལོ་རྒྱུས་རང་བཞིན་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་དམིགས་བསལ་ཅན་འདི་ཞིག་རྩོམ་ཐུབ་པ་ཡིན་ན།   ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་བཟོས་པའི་ཅ་ལག་སྤོང་བ་དང༌། བདུན་ཕྲག་རེར་བོད་ཡིག་གི་གསར་འགྱུར་ཚགས་ཤོག་རེ་ཀློག་པ། བོད་པའི་ཕྱུ་པ་གྱོན་པ་དང༌།  བོད་སྐད་གཙང་མ་བཤད་པ་སོགས་པའི་ལས་འགུལ་ཆུང་ཚགས་རིགས་སྤེལ་མི་ཐུབ་པ་ག་ལ་ཡོད།”ཟེར།

དེ་ཡང་བོད་པའི་རང་བཙན་འཐབ་རྩོད་ཀྱི་དུས་སྐབས་འདིར་འཚར་ཞིང་གཉོམ་ལག་རྒྱས་པའི་བོད་མི་ཞིག་ལ་ཆ་མཚོན་ན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཆོས་དང༌། རིག་གཞུང༌།  ངོ་བོ་སོགས་རྩ་བརླག་བཏང་དང་གཏོང་བཞིན་པའི་སྐབས་འདིར།  ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་སོ་སོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་ངེས་པར་སྲུང་སྐྱོབ་བྱེད་དགོས་ལ། དེ་དང་ཕྱོགས་མཚུངས་སོ་སོའི་ཤེས་ཡོན་དང་དཔལ་འབྱོར་ལ་སོགས་པའི་ནུས་པ་ཡོད་ཚད་བོད་པའི་ཆབ་སྲིད་ཀྱི་འཐབ་རྩོད་སྒང་ལ་སྤུངས་ཐུབ་པ་བྱས་ནས་ང་ཚོའི་རང་དབང་གི་འབོད་སྒྲ་འཛམ་གླིང་ཁྱོན་ཡོངས་ལ་བསྒྲགས་དགོས་ལ།  ང་ཚོ་ཚང་མའི་ཐུན་མོང་གི་ཕུགས་བསམ་སྟེ་རང་དབང་དང་འདྲ་མཉམ།  དྲང་བདེན་གྱི་དར་ཆ་འཛམ་གླིང་གོ་ལའི་རྩེ་མོ་ནས་བསྒྲེང་ཐུབ་པ་བྱེད་དགོས་ཅེས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།