དགོངས་ཚུལ།

བཙན་བྱོལ་ནང་ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༢ཉིན། ཟླ་འདིའི་ཚེས་༡༠ཉིན་བོད་ཀྱི་སྐད་ཡིག་རྒྱུད་འཛིན་ཚོགས་པའི་གོ་སྒྲིག་འོག དྷ་ས་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་བཙན་བྱོལ་ནང་ཆེས་ཐོག་མའི་ཕ་སྐད་གཙང་མའི་སྔོན་འགྲོ་གླུ་གཞས་འགྲན་བསྡུར་དེ་ཚོགས་ཡོད་ཅིང༌། སྐབས་དེར་བཙན་བྱོལ་ནང་ན་གཞོན་གཞས་པ་དང་གཞས་མ་༢༤ཙམ་མཉམ་ཞུགས་བྱས་སོང༌།

གླུ་གཞས་འགྲན་བསྡུར་སྐབས་དཔྱད་འདེམས་པ་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་བློ་བཟང་བསམ་གཏན་ལགས་དང༌། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་རོལ་དབྱངས་དགེ་རྒན་འཕྲིན་ལས་རྣམ་རྒྱལ་ལགས། མཚན་ཉིད་རིག་པ་དང་རོལ་མོ་ཆེད་མཁས་པ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། ན་གཞོན་གླུ་བ་ངག་དབང་འབྱུང་གནས་ལགས། ཡོངས་གླིང་སྔོན་འགྲོ་སློབ་གྲྭའི་ཟློས་གར་དགེ་རྒན་བསྟན་འཛིན་དཔལ་མོ་ལགས་བཅས་གདན་འདྲེན་ཞུས་འདུག

དཔྱད་འདེམས་པ་རེར་བརྒྱ་ཆ་སྐར་མ་༡༠རེ་སྤྲོད་རྒྱུའི་དབང་ཚད་ཡོད་ཅིང༌། ཁོང་ཚོས་ན་གཞོན་གླུ་པ་དང་གླུ་མ་ཚོའི་ངག་གི་འགྱུར་ཁུག་དང༌། ལུས་ཀྱི་ཉམས་འགྱུར། གདོང་གི་འཛུམས་འདངས། ཚོར་ཤུགས། གདེང་སྤོབས། ཚིག་གི་ནང་དོན་བཅས་ལ་གཞིགས་ནས་འགྲན་ཞུགས་གླུ་པ་དང་གླུ་མ་༢༤ནང༌། རྩེ་ཕུད་མི་གྲངས་ ༨འདེམས་སྒྲུབ་གནང་སོང༌། གལ་སྲིད་གཞས་ཀྱི་ཚིག་དང་གདངས་གསར་རྩོམ་ཡིན་ཚེ་དམིགས་བསལ་ཐོབ་སྐར་ཡོད་ལུགས་འགྲེལ་བརྗོད་གནང་སོང་ཡང་། ཐེངས་འདིར་ཁོང་ཚོ་མང་ཆེ་བས་བོད་ནང་གི་གླུ་པ་དང་གླུ་མ་གྲགས་ཅན་ཚོའི་གཞས་བསྐྱར་ཟློས་བྱས་སོང་།

གླུ་པ་དང་གླུ་མ་རེས་གླུའམ་གཞས་རེ་བཏང་ཚར་དུས། གཞས་སྣ་འགྲན་སྡུར་གཙོ་སྐྱོང་བ་གཉིས་ཀྱིས་དཔྱད་འདེམས་པ་རེ་རེའི་སར་འགྲོ་ནས། གླུ་པ་དང་གླུ་མ་དེའི་ཐོབ་སྐར་ཇི་ཡིན་ཁ་ཐུག་མི་མང་ལ་གསལ་བསྒྲགས་བྱས་པ་དང༌། སྐད་ཡིག་རྒྱུད་འཛིན་ཚོགས་པས་གྲ་སྒྲིག་བྱས་པའི་གཞས་པ་དང་གཞས་མ་རེར་ལྕ་དངོས་ཁག་ཅིག་གི་༼ཐ་སྙད་གསར་པ་༽བོད་སྐད་ཀྱི་ལམ་ནས་འགྲེལ་བརྗོད་བྱེད་བཅུག་སོང༌།

དེ་ཉིན་སྔ་དང་མི་འདྲ་བ་ཁྱོན་བོད་མི་༣༠༠ལྷག་ཙམ་ཞིག་འཚང་ཁ་ཤིག་ཤིག་ངང་གཞས་སྣ་འགྲན་སྡུར་སྐབས་འདུ་འཛོམས་བྱས་འདུག་ལ། ཐེངས་འདིའི་གཞས་སྣ་འགྲན་སྡུར་ནང་མཉམ་ཞུགས་གནང་མཁན་མང་ཆེ་བ་ནི། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང༌། སུ་ཇཱ་བོད་ཁྱིམ་སློབ་གྲྭ། གྷོ་པ་ཕུ་བོད་ཁྱིམ། ཤེས་རབས་དགའ་ཚལ་སློབ་གླིང་སོགས་ཀྱི་སློབ་མ་རེད་འདུག གཞན་ཡང་བོད་གཞུང་སྨན་རྩིས་ཁང་དང༌། ནོར་གླིང༌། དྷ་ས་གནས་སྡོད་ན་གཞོན་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག

སྤྱིར་ཐེངས་འདིའི་གཞས་སྣ་འགྲན་སྡུར་ནང་མཉམ་ཞུགས་གནང་མཁན་ཁྱོན་མི་གྲངས་༢༤ཙམ་བྱུང་ཡོད་ཀྱང༌། སྟབས་མ་ལེགས་པ་ཞིག་ལ་བུད་མེད་༣ལས་མེད་ཁར་དངོས་གཞིའི་འགྲན་སྡུར་ནང་ཁོང་གསུམ་ག་ཚུད་མེད་པ་རེད།

དངོས་གཞིའམ་མཐའ་མའི་འགྲན་སྡུར་སྐབས་བྱ་དགའི་རིམ་པ་ནི་འདི་ལྟར་རེད་འདུག

བྱ་དགའ་ཨང་དང་པོར་ཧིན་སྒོར་ཆིག་ཁྲི་ ༡༠༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།

བྱ་དགའ་ཨང་གཉིས་པར་ཧིན་སྒོར་བདུན་སྟོང་ ༧༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།

བྱ་དགའ་ཨང་གསུམ་པར་ཧིན་སྒོར་ལྔ་སྟོང་ ༥༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ་ཡིན་ལུགས་གསལ་བསྒྲགས་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༣༢༠༡༡༡༩༣༤
བུད་མེད་མང་ཙམ་ཡོད་ན་དགའ་བ་ལ།
ཕ་གཞིས་གཞན་ལག་ཏུ་ཤོར་ཞིང་ཕ་སྐད་རང་ཉིད་ཀྱིས་འདོར་བཞིན་པའི་རང་རེའི་སྤྱི་ཚོགས་ཁྲོད། ཆེས་ཐོག་མར་གཞོན་སྐྱེས་གླུ་བ་གླུ་མ་ཚོའི་ངག་སྙན་མོའི་འགྱུར་ཁུགས་རེ་རེ་ཕ་སྐད་ཀྱི་དྭངས་གཙང་དང་འདྲིས་ནས་ཐོལ་གྱིས་གྲགས་སྐབས། ས་མཐའི་གྲུ་ག་ན་ཉུལ་པའི་སྤུན་ཟླ་གྲངས་མེད་ཅིག་གི་སེམས་པ་རྨང་ནས་སྒུལ་བྱུང་། ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།