དྲ་ཐོག་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཞིག་གསར་འཛུགས་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༠ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༠ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང༌། སློབ་ཕྲུག་ཚོགས་པའི་ལས་ཁང་གི་ཐོག་ཁར་༼དྲ་ཐོག་བོད་ཀྱི་སྐད་ཡིག་འཛིན་གྲྭ་༽ཞིག་དབུ་འབྱེད་གནང་སོང༌།

དྷ་རམ་ས་ལར་གསར་འཛུགས་བྱས་པའི་༼ཨེ་སུཁྻ། བོད་ཀྱི་ནང་བསྟན་སྲི་ཞུ་ཁང༌།༽༼དྲ་ཐོག་བོད་ཀྱི་སྐད་ཡིག་འཛིན་གྲྭ་༽ནི་ཧྥ་རན་སིའི་ནང་བརྟེན་གཞི་བྱས་ཡོད་པའི་ཨེ་སུཁྻ། བོད་ཀྱི་ནང་བསྟན་སྲི་ཞུ་ཁང་གི་ཡན་ལག་ཞིག་ཡིན་ཞིང༌། དྲ་ཐོག་བོད་ཀྱི་སྐད་ཡིག་འཛིན་གྲྭ་འདི་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་ནི། གཅིག་ནི་ཕྱི་རྒྱལ་བ་དང༌། ཕྱི་རྒྱལ་ནང་འཚར་ལོངས་བྱུང་བའི་བོད་པའི་གཞོན་སྐྱེས་དེ་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་དང༌། གཉིས་ནི་བཙན་བྱོལ་ནང་དང་དམིགས་བསལ་བོད་ནས་ཡོངས་མཁན་བོད་ཀྱི་སྐད་ཡིག་གི་ཤེས་ཚད་གང་འཚམ་ཡོད་ཀྱང་ལས་ཀ་མེད་མཁན་དེ་ཚོར་ལས་ཀའི་ས་མིག་སྐྲུན་ཆེད་སོགས་ཡིན་འདུག

ཡང་དྲ་ཐོག་སྐད་ཡིག་འཛིན་གྲྭ་འདིའི་སྤྱི་ཁྱབ་འགན་འཁུར་བ་ཧྥ་རན་སིའི་མི་རིགས་ཡིན་པའི་ཤེས་རབས་གླིང་གི་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ཀྱིས། འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་ཉིད་རྒྱུན་གནས་དར་སྤེལ་ཡོང་བར། བོད་མི་རིགས་དང་དམིགས་བསལ་བོད་སྐད་ཡིག་ལ་རག་ལུས་ཡོད་དུས། བོད་ཀྱི་སྐད་ཡིག་འདི་ཉིད་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང༌། སྤྱིར་ངོས་རང་བོད་པ་ཞིག་མིན་དུས་འདི་འདྲའི་ལས་གཞི་ཞིག་འགོ་འཛུགས་བྱས་པ་ནི་ཇུས་མེད་ཇུས་ཏོག་འདྲ་ཞིག་ཡིན་སྲིད་ཀྱང༌། བོད་ཀྱི་སྐད་ཡིག་གི་ལམ་ནས་ཡོང་བའི་བོད་པའི་ནང་ཆོས་དེ་མི་ཚང་མར་ཕན་ཐོགས་ཡོད་པ་ཞིག་དང༌། རྒྱུ་མཚན་གཞན་ཞིག་ནི་ད་ལྟའི་དུས་ཚོད་འདིར་བཙན་བྱོལ་ནང་དང་དམིགས་བསལ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནང་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སློབ་སྦྱོང་བྱ་རྒྱུར་ཁག་པོ་ཆགས་ཡོད་པ་རེད།

དེ་སྔོན་ངོས་རང་ཕྱི་རྒྱལ་གྱི་ལུང་པ་འགའ་ཤས་ནང་འགྲོ་སྐབས། བོད་པའི་གཞོན་སྐྱེས་ཁག་ཅིག་གིས་བོད་སྐད་མ་ཤེས་པར། བླ་མ་དེ་ཚོའི་དྲུང་ནས་ང་ཚོར་སྐད་སྒྱུར་གནང་རོགས་ལབ་མཁན་མང་པོ་འདུག སྐབས་དེར་སེམས་པ་ཕམ་པོ་བྱུང་སོང༌། དེར་བརྟེན་དམིགས་བསལ་ཁོང་ཚོའི་ཆེད་དུ་དྲ་ཐོག་ནས་བོད་ཀྱི་སྐད་ཡིག་འཛིན་གྲྭ་འདི་གསར་འཛུགས་བྱས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་སོང༌།

འཛིན་གྲྭ་སྒོ་འབྱེད་གནང་མཁན་སྐུ་མགྲོན་གཙོ་བོ་བོད་མིང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཁྱེད་ཚོས་འདི་ལྟ་བུའི་དྲ་ཐོག་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་འཛིན་གྲྭ་ཞིག་གསར་འཛུགས་བྱས་པ་ནི། ཁ་ཡོད་ལག་ཡོད་ཀྱིས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཡར་རྒྱས་གཏོང་བ་ནི་བོད་མི་དང་བོད་པའི་སྐད་ཡིག་རིག་གཞུང་ལ་ཕན་ཐོགས་ངེས་ཅན་ཡོད་པ་ཙམ་མ་ཟད། བོད་ཀྱི་སྐད་ཡིག་རྒྱུད་བོད་པའི་ནང་ཆོས་དང༌། བོད་པའི་ནང་ཆོས་ནས་མི་མང་པོ་ཞིག་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཡིན་དུས། དགེ་བཤེས་ལགས་ཁྱེད་རང་ཆགས་བཞག་ན་བོད་པ་ཞིག་མིན་རུང༌། ལས་དོན་འདི་ཇུས་མེད་ཇུས་ཏོག་ཅིག་རྩ་བ་ནས་ཆགས་ཀྱི་ཡོད་པ་མ་རེད། ལས་འཆར་འདི་འདྲ་ཞིག་གསར་འཛུགས་བྱས་པ་ནི་དགེ་མཚན་ཆེ་པོ་ཡིན་པ་གང་ཞིག་ལ། རྒྱུན་གནས་དང་ཁྲིམས་མཐུན་དེབ་སྐྱེལ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་ཅེས་སོགས་བཀའ་སློབ་གནང་སོང༌།

སྐད་ཡིག་འཛིན་གྲྭ་འདི་ནས་དེ་སྔོན་ཟླ་བ་གཅིག་ཙམ་རིང་ཚོད་ལྟ་སློབ་ཁྲིད་བྱས་པ་བརྒྱུད། ཕན་ཐོགས་ཆེན་པོ་ཡོད་པའི་རྣམ་པ་ཞིག་མངོན་ཡོད་འདུག་ལ། ད་ལྟའི་ཆར་ཕྱི་རྒྱལ་ཁག་ནས་འཚར་ལོངས་བྱུང་བའི་བོད་ཕྲུག་༡༠ཙམ་གྱིས་སློབ་སྦྱོང་བྱེད་བཞིན་ཡོད་འདུག མ་འོངས་ལས་འཆར་ནང་སློབ་ཁྲིད་གནང་མཁན་དགེ་རྒན་༢༠ཙམ་བསྡུ་རུབ་གནང་རྒྱུ་དང༌། འཛིན་གྲྭ་ཚོགས་སྟངས་དང་སློབ་ཁྲིད་བྱེད་སྟངས་ནི། དམིགས་བསལ་དྲ་རྒྱ་ཞིག་གསར་སྐྲུན་བྱས་ཡོད་འདུག་པ་དང༌། གཞན་ཡང་ skype དང་ facebook སོགས་དྲ་ཐོག་ཁོ་ནའི་ཐོག་ནས་བོད་སྐད་རྒྱག་པ་དང་བོད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་རེད་འདུག

འཛིན་གྲྭའི་དུས་ཡུན་ནི་སྤྱིར་ཆུ་ཚོད་༡དང་༢དེ་འདྲ་ཞིག་ཡིན་འདུག་ཀྱང༌། སློབ་མའི་དུས་ཚོད་ལ་གཏུན་དགོས་ཀྱི་ཡོད་སྟབས་ཚོགས་དུས་གཏན་ཁེལ་མེད་པ་དང༌། འཛམ་གླིང་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཉིན་མཚན་གོ་ལྡོག་ཡིན་སྟབས་མཚམས་རེར་མཚན་མོའི་དུས་ཚོད་ལའང་སློབ་ཁྲིད་བྱེད་དགོས་སྲིད་པའི་སྐོར་འགྲེལ་བརྗོད་གནང་བྱུང༌།

ཡང་སྐད་ཡིག་འཛིན་གྲྭ་འདིའི་འགན་འཁུར་ལས་རོགས་ས་རཱ་མཐོ་སློབ་ཀྱི་སློབ་མ་ཚེ་རིང་བཀྲིས་ལགས་ཀྱིས། ང་ཚོས་སློབ་ཁྲིད་གནང་མཁན་དགེ་རྒན་ཚོར་དུས་ཡུན་ཆུ་ཚོད་རེར་ཧིན་སྒོར་༡༠༠རེ་གླ་ཆ་སྤྲོད་རྒྱུའི་འཆར་གཞི་ཡོད། གལ་སྲིད་མ་འོངས་མཐུན་རྐྱེན་ཡར་རྒྱས་དང༌། ལས་དོན་ཚགས་ཚུད་བྱུང་བ་ཡིན་ན། གླ་ཆ་དེ་ལས་མང་བ་སྤར་རྒྱུའི་འཆར་གཞི་ཡོད། སློབ་ཁྲིད་ཀྱི་དུས་ཡུན་ལ་གཏན་ཁེལ་ཡོད་པ་མ་རེད། གལ་སྲིད་སློབ་མར་ཐུགས་འདོད་དང་དུས་ཁོམ་ཡོད་ན། ཉིན་རེར་ཁོང་ཚོར་དུས་ཡུན་ཆུ་ཚོད་༢དང་༣དེ་འདྲའང་སློབ་ཁྲིད་བྱེད་དགོས་པ་ཆགས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བྱུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༠༢༠༡༡༢༢༣༣
སློབ་ཁྲིད་བྱེད་སའི་དྲྭ་བའི་ཁ་བྱང་དེ་འདིའི་སྒང་མི་འདུག སོང་ཙམ་དྲྭ་ཐོག་ནས་སློབ་ཁྲིད་གནང་ན་དང་ཐོག་དྲྭ་ཚིགས་དེ་ངོ་སྤྲོད་གནང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།