དགོངས་ཚུལ།

རིགས་སློབ་དབུ་དགེ་དམ་པའི་ཡང་སྲིད་ཀྱི་ཁྲི་འདོན་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༤ཚེས་༧ཉིན་སྤེལ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་རིགས་ལམ་སློབ་གཉེར་ཁང་དང་ས་ར་མཐོ་སློབ་ཕྱག་འདེབས་པ་པོ་དང་མཐོ་སློབ་དེ་གཉིས་ཀྱི་དབུ་དགེ་གཅིག་ལྕོགས་ཞིང་གཤེགས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེའི་ཁྲི་འདོན་མཛད་སྒོ་ཞིག་འཚོགས་ཡོད་པ་དང༌། མཛད་སྒོ་དེར་བཞུགས་སྒར་ཉེ་ཁོར་ཡོད་པའི་སེར་སྐྱ་མི་མང་དང་དགོན་སྡེ་ཁག་དང་གཞུང་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང༌། བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ། བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཙོས་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཡང་སྲིད་རིན་པོ་ཆེའི་ཡབ་ཡུམ་སྟོང་ཚོ་འགའ་འདུ་འཛོམས་བྱུང་ཡོད་པ་རེད། ཡང་སྲིད་རིན་པོ་ཆེ་བཞུགས་ཁྲིར་འཁོད་ནས་མཎ་ཌལ་རྟེན་གསུམ་འདེགས་འབུལ་དང༌། རིགས་སློབ་ཀྱི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་དབུ་དགེ་དམ་པའི་མཛད་རྣམ་མདོར་བསྡུས་སྒྲོགས་སྦྱང་གནང་རྗེས། རིམ་བཞིན་གཞུང་གི་བླ་ཆེན་ཁག་དང་གཞུང་གི་མཛད་གཙོ་རྣམ་པ། སྐུ་ཚབ་རྣམ་པ། མི་མང་བཅས་ནས་མཇལ་དར་ཕུལ་ཡོད་པ་རེད། ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་ནི་ལ་དྭགས་སུ་གནས་བཞུགས་ཡབ་ཚེ་རིང་རྒྱལ་མཚན་དང༌། ཡུམ་སྐལ་བཟང་དབྱངས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང༌། ཕྱི་ལོ་༢༠༠༦ཟླ་༢ཚེས་༡ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རིགས་སློབ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་གནང་བའི་བཀའ་ཡིག་ཕེབས་པ་ཞིག་ཡིན་པ་རེད། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རིགས་སློབ་རྒན་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་སྐུ་ངལ་འཛེམས་མེད་ཀྱིས་ཞབས་འདེགས་བསྒྲུབས་གནང་ཡོད་ལ། ཁོང་གིས་བོད་མིའི་ཚོགས་གཞུང་སྒེར་ཚོགས་སྡེ་སྣ་ཚོགས་སུ་བོད་བསྟན་པ་ཆབ་སྲིད་སྨིན་པའི་སློབ་མ་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་ཡོད་པ་དང༌། ྋགོང་ས་མཆོག་གིས་བཀའ་དགོངས་བཞིན་རིགས་ལམ་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ་ཁང་གསར་འཛུགས་ཀྱིས་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པ་རེད། འོན་ཀྱང་༡༩༩༧ལོར་དོལ་རྒྱལ་རྗེས་འབྲངས་པ་འགས་སྐུ་སྲོག་བཀྲོངས་པ་ཞིག་ཡིན་པ་རེད།།

༄༅།། མཁས་དབང་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་དཔའ་བཟང་པོའི་ཞལ་སྔ་ནས་ཀྱི་ངོ་མཚར་བའི་མཛད་པ་རྣམ་པར་ཐར་པ་ཆུ་གཏེར་ལས་སྐྲ་རྩེས་བཟུང་བའི་ཐིགས་པ་ཙམ་གླེང་བ།།

དེ་ཡང་དམ་པ་གང་བོད་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས། མདོ་སྟོད་ཀྱི་སའི་ཆར་གཏོགས། རྒྱ་ནག་གི་ས་མཚམས་དང་འཇང་དང་ས་འབྲེལ་ཡིན་པའི་འཇོལ་ཀོང་རྒྱལ་གསུམ་དུ་གྲགས་པའི་ནང་ཚན་ཀོང་ཇོ་ར་བའི་ཆུ་སྐྱུར་ཞེས་པའི་གྲོང་གསེབ་ཏུ་སྐུ་འཁྲུངས་ཤིང༌། བདག་ནི་རབ་ཏུ་བྱུང་བར་བྱེད་པ་ལ། འཁོར་དང་ཉེ་དུ་ལོངས་སྤྱོད་གང་གིས་ཀྱང༌། གེགས་བྱེད་མེད་པར་མཐུན་རྐྱེན་རྣམས་ཀུན། ཇི་ལྟར་བསམ་པ་ཇི་བཞིན་འགྲུབ་པར་ཤོག རབ་ཏུ་བྱུང་ནས་ཇི་སྲིད་འཚོ་བའི་བར། མཁན་སློབ་སྤྱན་སྔར་ཇི་ལྟར་མཁས་བླངས་བཞིན། བཅས་དང་རང་བཞིན་ཁ་ནས་མ་ཐོ་བའི། ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག་ཅེས་ཇི་སྐད་སྨོན་པ་ལྟར། སྔོན་ནས་གོམས་པའི་བག་ཆགས་མཐུག་པོས་ཆུང་བྱིས་པའི་དུས་ནས་རྒྱལ་བའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་འདོད་ཀྱི་འདུན་པ་ཤུགས་དྲགས་མངའ་བས། ཕ་མ་ཉེ་དུ་སོགས་སུས་ཀྱང་བཤོལ་མ་ཐུབ་པར། ཀོང་ཇོ་ར་བའི་ནང་གི་དགོན་པ་གྲགས་ཅན་དོན་གྲུབ་གླིང་ཞེས་པའི་གཞིས་དགོན་དེར་ཆོས་ཞུགས་དང་རབ་ཏུ་བྱུང་སྟེ། རིམ་བཞིན་གཞིས་དགོན་དེའི་ཆོས་སྤྱོད་རྣམས་རོབ་ཙམ་ཐུགས་ལ་ལོབས་པར་མཛད། དེ་ནས་གཞིས་དགོན་དེའི་སྒྲིག་གཞི་ལྟར་རྒྱལ་བསྟན་གྱི་གཞི་མ་བསླབ་གཞི་ཡོངས་སུ་རྫོགས་པའི་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བར་ངེས་པར་དབུས་སུ་བསྐྱོད་དགོས་པ་མ་ཟད། གཙོ་བོ་རྒྱལ་བའི་བསྟན་པ་རིན་པ་ཆེ་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དཔལ་ན་ལེཎ་ཌའི་པཎ་གྲུབ་བཅུ་བདུན་ལ་སོགས་པའི་གཞུང་ལུགས་ཀྱི་རིགས་པའི་ལམ་ནས་གསན་བསམ་བྱ་བའི་ཕྱིར། གནས་སྲོལ་ལྟར་ཚོང་པའི་མཉམ་དུ་ཞབས་ཐང་གིས་ཐག་རིང་ནས་བགྲོད་དཀའ་བའི་ཀྱག་ཀྱོག་གི་ལམ་འཕྲང་བརྒྱུད་པའི་དཀའ་དུབ་ཁྱད་དུ་བསད་དེ། དབུས་གཙང་དམ་པ་ཆོས་ཀྱི་ཞིང་སར་ཕྱག་བཏེགས་ཏེ། གངས་ཅན་གྱི་བཤད་སྒྲུབ་ཀྱི་བསྟི་གནས་གདན་ས་ཆེན་པོ་རྣམ་པ་གསུམ་ཞེས་མཚན་སྙན་གྲགས་དཀར་ཆེ་བའི་ཡ་གྱལ་་འཕགས་ཡུལ་པཎ་གྲུབ་ལྟ་བུའི་མཁས་གྲུབ་ཟམ་མ་ཆད་པར་དུ་མ་བྱོན་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་དུ་ཆོས་ཞུགས་གནང་ཞིང༌། ཇི་ལྟར་རྒྱལ་བའི་བསྟན་པ་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས། ལས་སུ་བྱ་བ་ནི་ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་འཁོར་ལོ་གཙོ་བོར་སོང༌། ཐོག་མར་ལམ་སྟོན་ཆོས་ཀྱི་ས་མཁན་བླ་མ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཏེ། གཞུང་ཆེན་ཁག་ལ་གསན་བསམ་གནང༌། དེ་ཡང་རྩ་བ་སོགས་རྩོད་གཞུང་གལ་འགངས་ཆེ་བ་རྣམས་དཔེ་མཚམས་སུ་དགེ་འཕེལ་རི་སོགས་ལ་ཕེབས་ཏེ་ཐུགས་འཛིན་སྐྱོར་སྦྱང་གིས་ཐུགས་ལ་བྱང་ངེས་བཟོས་པའི་ཐོག དམ་པ་གང་སྤྱིར་སྐྱེས་སྟོབས་ཀྱི་རིགས་སྟོབས་ཆེ་བའི་སྟེང༌། རྒྱུད་དུ་ཚོགས་ཆོས་ར་དང་དཔེ་ཁྲིད་བཅས་ལ་དང་བ་ཆེན་པོའི་སྒོ་ནས་བརྟུན་པ་བསྐྱེད་དེ། གཞུང་དོན་རྣམས་གོ་རིགས་ཟུང་དུ་འབྲེལ་བའི་རྩོད་པའི་ལམ་ནས་ཐུགས་སུ་ཆུད་ཅིང་འདྲིས་པར་མཛད་པས། འཛིན་གྲྭ་དང་ཆོས་ར་སོགས་སུ་གཟེངས་སུ་ཐོན་པ་མ་ཟད། དགེ་བའི་བཤེས་གཉེན་དང་དཔེ་ཆ་བ་རྒན་གྲས་རྣམས་ཀྱི་རབ་དགྱེས་ལང་ཚོ་མཆོག་ཏུ་བརྟས་པར་མཛད།

སེམས་བསྐྱེད་འཛིན་གྲྭའི་སྐབས་དེ་ཤེད་གཅིག་ཏུ་ཉི་ཟླ་ལྟ་བུའི་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་ཚང་ཤར་ནུབ་གཉིས་ཀྱི་ཚོགས་ཆེན་དུ་ཚོགས་ལངས་བཞེངས་པའི་སྐབས་དང༌། འཛིན་གྲྭ་འཐབ་རེས་སྐབས་བཅས་སུ་རྩོད་ལན་སོགས་གང་ཅིར་ལྡོགས་སུ་ཐོན་པས་ཕུ་ཁང་ནག་པོ་བ་ཞེས། སྔར་ཕུ་ཁང་ཚན་དུ་དགེ་བཤེས་ནག་པོ་བ་ཞེས་སྐད་གྲགས་ཅན་ཞིག་བྱུང་བའི་མཚན་དེ་གསོལ་ནས་ཡོངས་སུ་གྲགས་པར་གྱུར། དེ་ལྟར་ནའང་ཐོས་བསམ་རྐྱང་པ་ཙམ་དུ་མ་ལུས་པར་གཞུང་དོན་རྣམས་གདམས་པར་ཤར་བའི་སྒོ་ནས་ཐུགས་ཉམས་སུ་བསྟར་བའི་རྣམ་ཐར་ངོ་མཚར་ཅན་དུ་མ་མངའ་ཞིང༌། དེ་ཡང་བསྡུས་གྲྭ་རྒྱུ་འབྲས་ལྟ་སྐབས་ནས་ལས་འབྲས་ལ་ངེས་ཤེས་ཡིད་ཆེས་ཀྱིས། དེ་ནས་བཟུང་རང་གི་མི་ཚེའི་ནང་ལས་འབྲས་དང་འགལ་བའི་བྱ་བར་མི་ཞུགས་དམ་བཅའ་གནང་ཚུལ་ནི། རང་རྣམ་དུ། ངས་རྒྱུ་འབྲས་ཆུང་བ་བལྟས་ནས་བཟུང་ལས་འབྲས་ལ་ཡིད་ཆེས་རྙེད་དེ། ལས་འབྲས་གཞིར་བཞག་གི་སྤང་བླང་གཙོ་བཟུང་བྱེད་རྒྱུའི་སེམས་ཐག་བཅད། རྒྱུ་འབྲས་ཆུང་བ་ལྟ་བའི་དུས་ཙམ་ནས་ཆོས་ཀྱི་གནས་དོན་ལ་བསམ་བློ་གཏོང་འགོ་ཚུགས་ཤིང༌། ད་ལྟའང་ལས་འབྲས་ལ་གཞན་དང་མི་འདྲ་བའི་ཡིད་ཆེས་ཡོད་ཁུལ་ཡིན། སྐབས་དེ་ཤེད་ནས་ངས་གྱོན་གོས་རྙིང་ཧྲུལ་དང༌། ཁ་ཟས་ཆུ་གྲང་མོར་སྤགས་ཟ་བ་སོགས་དེ་ཙམ་གྱིས་ཆོག་ཤེས་བྱས། སྐབས་དེར་ང་རང་འཇིག་རྟེན་བློས་བཏང་བའི་བྱ་བྲལ་བ་རེད་ཟེར་ནའང་འོས་ཤིང་འཚམས། ངས་ལས་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད་པའི་རྒྱུ་རྐྱེན་ནི་སོ་སོའི་བཅས་ཁྲིམས་ལས་ལས་འབྲས་གལ་ཆེ་བ་དང༌། ལས་འབྲས་བསྲུངས་ན་འདུལ་བའི་ཁྲིམས་བསྲུང་གོ་ཆོད་པ་དང་རྒྱལ་ཁྲིམས་དང་མཐུན་པ། ལས་འབྲས་མ་བསྲུངས་བར་ཆོས་འདུལ་བའི་ཁྲིམས་བསྲུང་ལོ་བྱས་ཀྱང་རྒྱལ་ཁྲིམས་དང་རྩ་འགལ་ཡིན་ཐོག སོ་ཐར་གྱི་སྡོམ་པའི་ཕྱོགས་ནས་བསམས་ནའང་རྒྱབ་མདུན་ངོ་ལྐོག་ཙམ་ལས་མ་འདས་གཤིས། དགེ་སྡིག་དང་ལེགས་ཉེས་ཤན་འབྱེད་ཀྱི་གཙོ་བོ་རྩ་བ་ལས་འབྲས་སུ་མཐོང་སྟེ། ལས་རྒྱུ་འབྲས་གཞིར་བཟུང་གིས་དགེ་སྡིག་སྤང་བླང་ཡང་དག་ཅིག་བྱེད་དགོས་པའི་ཆོད་སེམས་བཞག དུས་དེ་ནས་བཟུང་རང་ཉིད་ཀྱི་མི་ཚེའི་ནང་གཞན་ལ་གཡོ་སྒྱུ་ཁྲམ་གསུམ་དང༌། མགོ་བདེ་དྲན་འཕྲུལ་རིགས་བྱས་མ་མྱོང༌། ཞེས་གསུངས་པ་ལྟར་གྱི་རྣམ་པར་ཐར་པ་ལ་བསམ་ནའང་ཆེས་ངོ་མཚར་བ་ཞིག་ཡིན།

དེ་བཞིན་ལྟ་བའི་ཐོག་ཉམས་བཞེས་གནང་ཚུལ་ལ་མཚོན་ནའང༌། རང་རྣམ་དུ། ངས་གཅིག་དུ་བྲལ་ལྟ་སྐབས། རང་རྒྱུད་པ་དང་ཐལ་འགྱུར་བའི་ལྟ་བའི་དྲི་ཙམ་བྲོ་དཀའ་མོད། འོན་ཀྱང་རང་རྒྱུད་པའི་དགག་བྱ་ངོས་འཛིན་དང་སྟོང་ཉིད་ཀྱི་སྐོར་ལ་བསམ་བློ་ཆག་མེད་ཏུ་བཏང་ཞིང༌། གསུང་རྒྱུན་ལ། གཅིག་དུ་བྲལ་གྱི་སྐབས་ལྟ་བ་སྒོམ་ཐུབ་ན་ལྟ་བར་བག་ཆགས་འཇོག་གི་རེད་ཟེར་བ་ནི་བདེན་པར་འདུག་གོ། ཞེས་སྐུ་ན་གཞོན་ནུ་ནས་ལྟ་བར་ཐུགས་སྣང་གོམས་འདྲིས་གནང་སྟེ། ཕྱིས་བཙན་བྱོལ་དུ་ཕེབས་ནས་རྩ་བ་ཤེས་རབ་སོགས་ཐུགས་འཛིན་དང་འབྲེལ་ལྟ་བའི་ཐོག་གོ་རིགས་མྱོང་བ་གསུམ་བསྒྲིལ་གྱིས་ལོ་མང་ཉམས་བཞེས་མ་ཟད། དེའི་ཆེད་ཚོགས་བསགས་སྒྲིབ་བྱང་ཡང༌། རང་རྣམ་དུ། ངས་དགོང་དྲོ་སྒྲོལ་མ་ཚར་ཉི་ཤུ་རྩ་གཅིག་ཆག་མེད་དང༌། མཚམས་མཚམས་ས་ྐརགས་མ་བཀྲོད་བར་སྐྱིལ་ཀྲུང་དུ་བསྡད་དེ་མཚན་གང་སྒྲོལ་མ་འདོན་བཞིན་གཉིད་དུ་གཡུར་བའི་སྐབས་ཀྱང་བྱུང་སྟེ་སྒྲོལ་མ་གང་མང་གསག་པའི་སྐལ་བ་ཐོབ་བོ། ཞེས་དེ་ལྟ་བུའི་ཚོགས་བསགས་དང་འབྲེལ་ལྟ་བར་རྩལ་བཏོན་གྱིས་ཉམས་བཞེས་གོམས་འདྲིས་གནང་བས། སྤྱིར་གྲུབ་མཐའ་སོ་སོའི་ཐུན་མོང་མ་ཡིན་པའི་ལྟ་བའི་བཞེད་མཚམས་རྣམས་མ་ཟད། ཡང་སྒོས་གཙོ་བོ་སེམས་ཙམ་པ་དང༌། ཐལ་འགྱུར་བའི་ལྟ་བའི་བཞེད་མཚམས་དཀའ་གནད་ཐོག་འཆད་རྩོད་རྩོམ་གསུམ་གྱི་རྩལ་འབུར་དུ་འཐོན་ཞིང༌། ཉམས་རྟོགས་ཀྱི་མཚན་མ་བརྟན་པོར་གྱུར་པའི་ངོ་མཚར་རྨད་བྱུང་གི་རྣམ་པར་ཐར་པ་མངའ།

བཙན་བྱོལ་དུ་ཕེབས་འཕྲལ་སྐབས་དེ་ཤེད་ཅིག་ཏུ་བྱ་བྲལ་རི་ཁྲོད་འགྲིམས་ཏེ་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་ལེན་ཞིག་བྱེད་པའི་ཐུགས་འདུན་བྱུང་ཡང༌། ད་ལྟའི་བོད་གངས་ཅན་པའི་རྒྱལ་བསྟན་རིག་གཞུང་མི་རིགས་དང་བཅས་པའི་ཉག་ཕྲའི་གནས་སྟངས་ཉམ་ང་བ་རྣམས་གཟིགས་ཚོར་རྣོན་པོ་བྱུང་སྟེ། ཞིང་ལ་མ་ཕེབས་པར་རང་རེའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་མཛད་པ་ལྟར་སྐུ་ངལ་ཚད་མེད་བསྐྱོན། དེ་ཡང་རང་རྣམ་དུ། ྋསྐྱབས་མགོན་རིན་པོ་ཆེའི་ཕྱག་ལས་གནང་སྟངས་དང༌། བོད་གཞུང༌། བོད་མི་རིགས་རྣམས་ཡིད་ལ་འཁོར་ཚེ་རང་གི་འཇོན་ཚོད་ཀྱིས་ཤེས་ཡོན་དང་དཔལ་འབྱོར་གྱི་ཞབས་ཞུ་གང་ནུས་ཞུ་བ་ལས་རང་མགོ་གང་ཐོན་བྱས་ནས་མི་འགྲིག་པར་མཐོང་སྟེ། ཤེས་ཡོན་གྱི་རྟེན་གཞི་རྡ་ས་རིགས་ལམ་སློབ་གཉེར་ཁང་དང༌། ཡན་ལག་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱིས་གཙོས་སློབ་གྲྭ་རྣམས་སུ་དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་སློབ་སྦྱོང་སྤྲོད་རྒྱུ་དང༌། འཚོ་ཐབས་ཞན་པའི་བོད་རིགས་རྣམས་ཀྱི་ཆེད་དཔལ་འབྱོར་ཕན་ཐོགས་བྱེད་རྒྱུ་སོགས་ལ་གཡེང་སྟེ། སྒོམ་གྲུབ་བྱེད་རྒྱུའི་གོ་སྐབས་མེད་ཀྱང༌། ྋརྒྱལ་བ་རིན་པོ་ཆེར་དཔུང་འདེགས་དང་བོད་མི་རིགས་ལ་ཕན་ཐོགས་ན་མི་ཚེའི་ནང་ལས་དོན་དེ་ཀ་རང་བསྒྲུབ་རྒྱུ་ཐག་བཅད་པ་ཡིན། ཞེས་དམ་བཅའ་མཛད་པ་ལྟར་བོད་རྒྱལ་བསྟན་རིག་གཞུང་མི་རིགས་ཀྱི་འགན་ཕར་འཁྲི་ཚུར་འཁྲི་དང་ྋགོང་ས་མཆོག་སྐུ་རྐྱང་དུ་འཇོག་པ་མ་ཡིན་པར། རྨི་མེད་པའི་ལྷག་བསམ་དང༌། སྙིང་སྟོབས་ཆེན་པོའི་སྒོ་ནས་ྋགོང་ས་མཆོག་གི་དབུ་འོག་ཏུ་ཇི་སྲིད་འཚོ་བའི་ལུས་སྲོག་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་གཏོང་རྒྱུ་ཐུགས་ཐག་བཅད་དེ། དངོས་སུ་སྤྱི་ཚོགས་ཀྱི་ལས་ལ་ཞུགས་པ་མ་ཟད། ཕྱིས་རིགས་ལམ་སློབ་གཉེར་ཁང་དང་ས་ར་བོད་ཀྱི་མཐོ་སློབ་ཁང་གསར་འཛུགས་ཐོག་ནས། རང་རེའི་ཆོས་སྲིད་རིག་གཞུང་གོ་འཕེར་གྱི་སློབ་མ་མང་པོ་བསྐྱེད་བསྲིངས་བགྱིས་པ་རྣམས་ཀྱིས་དེང་དུས་སྤྱི་ཚོགས་ནང་ལས་དོན་ཅི་རིགས་ཐོག་དོན་ཕན་ལྡན་པའི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པའི་བྱས་རྗེས་གཟིངས་སུ་ཐོན་པ་འདི་དག་ནི། རྒན་དམ་པ་གང་གི་ཞུམ་པ་མེད་པའི་ལྷག་བསམ་ཐུགས་བསྐྱེད་དང༌། རང་མི་རིགས་དང་རིག་གཞུང་དོན་དུ་སྐུ་ཚེ་ཧྲིལ་པོར་སྐུ་ངལ་ཚད་མེད་བསྐྱོན་ཞིང༌། ཟླ་མེད་པའི་ཐུགས་ཞེན་དཀར་བའི་བཀའ་དྲིན་ཉག་གཅིག་གི་འབྲས་བུ་དང་བསྲུབ་ཏུ་མེད་པའི་བོད་ཀྱི་ལོ་རྒྱུས་ཐོག་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ཤུལ་བཞག་ཅིག་ཡིན། དེ་ལྟ་བུའི་རྒྱུན་པར་གྱི་འགན་འཁྲིའི་ལས་ཞོར་དུ་ནང་ཆོས་ལྟ་གྲུབ་སྐོར་དང༌། གཞུང་ཆེན་དཀའ་གནད་ཀྱི་འགྲེལ་པ། བློ་སྦྱོང༌། ཤེས་ཡོན་དང་ཡ་རབས་བཟང་སྤྱོད་སྐོར་གྱི་བསླབ་བྱ། དྲི་བར་ལན་འདེབས་སོགས་གསུང་རྩོམ་དཔེ་དེབ་སུམ་ཅུ་དང༌། རྩོམ་ཐོར་བུ་གྲངས་བརྒྱད་ཅུ་སྐོར་བཅས་མདོར་ན་ཆེད་རྩོམ་གྱི་རླབས་ཆེན་གྱི་བྱ་བ་ལ་བརྟེན་ནས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་བླ་མེད་ཅིག་ཏུ་གྱུར་ཏེ། མཛད་རྗེས་ཅན་གྱི་ཕུལ་བྱུང་མི་སྣའི་གདན་གྲལ་དུ་འཁོད།

དེ་ལྟར་རྒྱལ་བསྟན་རིག་གཞུང་མི་རིགས་དང་བཅས་པའི་སྲི་ཞུའི་མཛད་པ་འཕྲིན་ལས་རྒྱས་བཞིན་པའི་སྐབས། ྋགོང་ས་མཆོག་ནས་དོལ་རྒྱལ་དམ་བསྒྲགས་མཛད་སྐབས། དོལ་རྒྱལ་རྗེས་འབྲངས་མིའི་གཟུགས་ལ་སྲིན་པོའི་སེམས་ཁམས་ཅན་སྐོར་ཞིག་གིས་སངས་རྒྱས་ཀྱི་གསུང་གི་སྙིང་རྒྱ་སྐད་དུ་སྒྱུར་བཞིན་པའི་སྐབས་སྐུ་སྲོག་བཀྲོངས། དེས་ཀྱང་དོལ་རྒྱལ་རྗེས་འབྲངས་ཀྱི་བྱ་བ་ཆོས་དང་མི་མཐུན་པ་གཏི་ཐུག་ཅིག་ཡིན་པའི་ར་སྤྲོད་སོགས་ལ་ཤུགས་རྐྱེན་ཆེན་པོའི་ཐེབས། གང་ཞིག་སྐྱེས་བུ་དམ་པ་རྣམས་ནི་འཁྲུངས་པའང་བསྟན་འགྲོའི་དོན། འཚོ་བའང་བསྟན་འགྲོའི་དོན། གཤེགས་པའང་བསྟན་འགྲོའི་དོན་དུ་ཡིན་པ་དེ་ལྟར་ལགས།

མཐར་སྡོམ་དམ་པ་གང་གིས་ཟླ་མེད་པའི་མཁྱེན་དཔྱོད་དང༌། ཞུམ་པ་མེད་པའི་ལྷག་བསམ་དང༌། དཔའ་མཛངས་ཀྱི་ཐོག་ནས་བོད་གངས་ཅན་པའི་བསྟན་སྲིད་དང༌། མི་རིགས། རིག་གཞུང༌། ལེགས་བྱང་བཅས་ལ་སྲི་ཞུ་བླ་མེད་བསྒྲུབས་པའི་མཛད་རྗེས་ཀྱི་ཁུད་པ་བཀའ་དྲིན་བསྒྲུན་དུ་མེད་པའི་ཕུལ་བྱུང་མི་སྣ་ཞིག་ཡིན་པ་དང༌། ལྷག་པར་སྐུ་གཞོན་ནུའི་དུས་ནས་གཞུང་དོན་རྣམས་གདམས་པར་ཤར་ཞིང༌། སངས་རྒྱས་ཀྱི་བསྟན་སྒྲོམ་སྤྱི་དང་མཐུན་པའི་ཉམས་བཞེས་ལྷུར་ལེན་མཛད་པའི་ངེས་དོན་གྱི་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་ཞིག་ལ་སོང༌། ྋགོང་ས་མཆོག་གིས་དབུ་དགེ་དམ་པ་གང་གི་ཡང་སྲིད་ཐད་དམིགས་བསལ་དགོངས་བཞེས་ཀྱིས་བཀའ་སློབ་ལམ་སྟོན་སྔ་ཕྱི་སྩལ་གནང་བའི་ཐུགས་རྗེ་བཀའ་དྲིན་ལས་དམ་པ་གང་གི་ཡང་སྲིད་འཁྲུལ་བྲལ་རྙེད་དེ། བོད་གངས་ཅན་པའི་བསྟན་འགྲོ་རིག་གཞུང་དང་བཅས་པའི་དོན་སྒྲུབ་པ་ལ། གོང་མ་བཞིན་འགྲན་ཟླ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡོང་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཁྲི་འདོན་མཛད་སྒོའི་རྟེན་འབྲེལ་སྐལ་བཟང་སྐབས། མཁས་དབང་དབུ་དགེ་དམ་པ་གང་གི་རྣམ་པར་ཐར་པ་མདོ་ཙམ་ཞིག་རྟེན་འབྲེལ་ཚུལ་དུ། ཞེས་རིགས་ལམ་སློབ་གཉེར་ཁང་གིས་སྤེལ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།