མཐོ་སློབ་ཡར་རྒྱས་གཏོང་རྒྱུ་དེ་ལས་འཆར་གཙོ་བོ་ཞིག་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༨ཉིན། ༧གོང་ས་མཆོག་གིས་བཀའ་གནང་བ་བཞིན་བོད་པའི་ཨེམ་རྗེ་སྟོང་ཕྲག་འགའ་ཤས་ཡོད་རུང་ཉུང་དྲག་པ་ལས་མང་དྲག་པའི་སྐྱོན་ཡོད་པ་མ་རེད། དེར་བརྟེན་ང་ཚོས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེ་ཤོས་བརྩི་བཞིན་ཡོད་ཅེས་བོད་གཞུང་དབུས་སྨན་རྩིས་ཁང་གི་དབུ་འཛིན་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང༌། འདི་ནི་བོད་གཞུང་དབུས་སྨན་རྩིས་ཁང་གི་དབུ་འཛིན་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་སུ། བོད་གཞུང་སྨན་རྩིས་ཁང་གི་ལོ་རྒྱུས་དང༌། ལས་དོན་བྱེད་ཕྱོགས། མ་འོངས་ལས་འཆར་བཅས་ཀྱི་སྐོར་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་ཡིན།

ཐོག་མར་ཁོང་གིས་བོད་གཞུང་སྨན་རྩིས་ཁང་ངོ་སྤྲོད་གནང་དོན། བོད་གཞུང་སྨན་རྩིས་ཁང་ནི་ཕྱི་ལོ་༡༩༦༠ཟླ་༣པའི ཚེས་༢༣ཉིན་དབུ་འཛུགས་བྱས་པ་ཞིག་རེད། སྨན་རྩིས་ཁང་འདི་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་གསོ་བ་རིག་པ་ཟེར་བ་དེ་ང་ཚོ་བོད་པའི་རིག་གནས་ཆེ་བ་ལྔ་ནང་གཉིས་པ་དེ་ཆགས་ཡོད་པ་རེད། གསོ་བ་རིག་པ་ཟེར་བ་དེར་མི་རྣམས་ནད་ན་ཚའི་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་ཆེན་པོ་ཞིག་ཡོད་སྟབས། ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་དེ་མི་ཉམས་གོང་འཕེལ་གཏོང་བར་བོད་གཞུང་སྨན་རྩིས་ཁང་འདི་གསར་འཛུགས་བྱས་པ་ཞིག་རེད།

དེའི་སྐབས་སུ་བོད་གཞུང་སྨན་རྩིས་ཁང་ལ་སྨན་པ་དང་སློབ་ཕྲུག་དེ་འདྲ་མང་པོ་ཡོད་པ་མ་རེད། དཔེར་ན། སྨན་པར་ཆགས་བཞག་ན་ཨེམ་རྗེ་ཡེ་ཤེས་དོན་ལྡན་གཅིག་པུ་རེད། རྣམ་རྒྱལ་གྲྭ་ཚང་སོགས་ནས་མར་ཡོང་བའི་སློབ་ཕྲུག་༦དང་༧ཙམ་ནས་འགོ་བཙུགས་ཏེ་ད་ཆ་གཞི་རྒྱ་ཆེན་པོ་ཆགས་ཡོད་པ་རེད། འོན་ཀྱང་ས་ཆའི་རྒྱ་ཁྱོན་གྱིས་རྐྱེན་པས་སློབ་ཕྲུག་མང་པོ་ཞིག་བསྡུ་སྐོར་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དུས་ཡུན་ལོ་༥རིང་སློབ་སྦྱོང་བྱས་ནས་ད་ལྟ་བར་དུ། སློབ་ཐོན་སྨན་པ་༢༤༣དང༌། རྩིས་པ་གྲངས་༤༧ བཅས་བསྡོམས་སྨན་རྩིས་པ་གྲངས་ ༢༩༠ ཙམ་གསོ་སྐྱོང་གནང་ཡོད། ད་ཆ་ཁོང་ཚོས་རྒྱ་བལ་ཁུལ་གྱི་གྲོང་ཁྱེར་དང༌། གཞིས་ཆགས་ཁག་ཏུ་ཡོད་པའི་ཡན་ལག་སྨན་ཁང་གྲངས། ༥༤ ཙམ་ཐེ་བའི་གཞུང་འབྲེལ་དང༌། ཚོགས་སྡེ། མི་སྒེར་བཅས་ཀྱི་ངོ་བོའི་ཐོག་ནས་འཛམ་གླིང་གི་རྒྱལ་ཁབ་ ༢༠ ཙམ་གྱི་ནང་སྨན་རྩིས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་རེད།

མི་མང་གི་འཕྲོད་རྟེན་གྱི་དོན་དུ་བོད་པའི་གཞིས་ཆགས་ཁག་དེ་ཚོའི་ནང་ཡན་ལག་སྨན་ཁང་དེ་འདྲ་བཙུགས་དུས། བོད་པའི་སྨན་དེས་ཕན་ཐོགས་ཆེ་རུ་ཆེ་རུ་འགྲོ་ནས། རྒྱ་གར་བ་དེ་ཚོས་ཀྱང་བོད་པའི་སྨན་དེས་ཕན་ཐོགས་ཆེན་པོ་ཡོང་གི་འདུག ང་ཚོས་ཀྱང་བོད་པའི་སྨན་བཟའ་རྒྱུ་ཡིན། བོད་པའི་སྨན་ཁང་ཡན་ལག་དེ་འདྲ་དགོས་ཀྱི་འདུག་ལབ་ནས་ཕྱི་ལོ་༡༩༨༢ལོ་ནས་འགོ་བཙུགས་ཏེ། གཙོ་བོར་རྒྱ་གར་གྱི་རྒྱལ་ས་ཆེ་ཁག་ལྡི་ལི་དང༌། མུམ་བྷེ། ཀལ་ཀ་ཊ། མ་དྷ་ར་སི་སོགས་ཀྱི་གཙོས་པའི་ས་གནས་ཁག་ལ་བོད་སྨན་བརྟེན་གཞི་ཡན་ལག་སྨན་ཁང་ཁག་༥༤ཙམ་ཞིག་གསར་འཛུགས་བྱས་པ་ཞིག་རེད། དེ་ནས་ཕྱི་རྒྱལ་དང་རྒྱ་གར་དེ་འདྲའི་ནང་སྨན་གྱི་བགྲོ་གླེང་དང་ཚོགས་འདུ་དེ་ཚོའི་ནང་ང་ཚོའི་ཨེམ་རྗེ་དེ་འདྲ་འཛུལ་ཞུགས་གནང་ནས་བོད་པའི་སྨན་སྐོར་བགྲོ་གླེང་དང་འགྲེལ་བཤད་བྱེད་ཡ་དེ་འདྲ་མང་པོ་ཡོང་གི་ཡོད་པ་རེད།

ང་ཚོའི་སྨན་རྩིས་ཁང་ནང་སྡེ་ཚན་དབྱེ་ན། འཛིན་སྐྱོང་གི་སྡེ་ཚན། རིག་གཞུང་གི་སྡེ་ཚན་ཞེས་ཁག་གཉིས་དང༌། རིག་གཞུང་གི་སྡེ་ཚན་ནང་གལ་ཆེ་ཤོས། སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་དང༌། སྐར་རྩིས་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། སྔོ་སྦྱོར་སྡེ་ཚན། སྨན་སྦྱོར་སྡེ་ཚན། གསོ་རིག་ཞིབ་འཇུག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། ཕབ་བསྒྱུར་སྡེ་ཚན་བཅས་སྡེ་ཚན་༨པོ་དེ་ཧ་ལས་པའི་གནད་འགག་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེ་བཞིན་དུ་སྨན་རྩིས་མཐོ་སློབ་སྡེ་ཚན་བཅས་ཡོད་པ་རེད།

དབུས་འཛིན་སྐྱོང་གི་སྡེ་ཚན་ནང༌། སློབ་ཡོན་འབྲེལ་མཐུད་ཚན་པ། གློག་ཀླད་ཚན་པ། གསར་འཕྲིན་ཚན་པ། འཆར་འགོད་ཚན་པ། སྦྲགས་ཁང་ཚན་པ། གཞན་ཡང༌། དངུལ་རྩིས་སྡེ་ཚན་དང༌། ལྡི་ལིའི་ཕྱིར་ཚོང་དང་འབྲེལ་མཐུད་སྡེ་ཚན། ནང་ཞིབ་སྡེ་ཚན། པ་ནི་པ་ཏི་སྤོས་བཟོ་སྡེ་ཚན། སྨན་མཛོད་དང་སྨན་ཚོང་སྡེ་ཚན། ས་ཁང་དང་ཆུ་གློག་སྡེ་ཚན། ཡན་ལག་སྤྱི་ཁྱབ་ཡིག་ཚང་དང་ཡན་ལག་སྨན་ཁང་ཁག་བཅས་ཡོད་པ་རེད་ཅེས་ངོ་སྤྲོད་གནང་སོང༌།

སྨན་རྩིས་ཁང་གིས་སྨན་རྩྭ་བསྡུ་རུབ་བྱེད་ཕྱོགས་སྐོར་གསུངས་དོན། ང་ཚོས་སྨན་རྩྭ་བསྡུ་སྟངས་དེ་སྨན་གཞུང་ནང་གང་ཡོད་པ་དེ་གཙོ་བཟུང་བྱེད་ཀྱིན་ཡོད་པ་རེད། དཔེར་ན་སྨན་རྩྭ་སྐྱེ་བཞིན་ཡོད་རུང་ང་ཚོས་ས་ཆ་གང་ས་ནས་བསྡུ་རུབ་བྱེད་ཀྱིན་ཡོད་པ་མ་རེད། ན་ཚ་ལ་གཞིག་པའི་ས་ཆུ་གཙང་ས་དང༌། རི་རླུང་མཐོ་ས་དེ་འདྲ་ནས་སྒྲུབ་ཀྱིན་ཡོད་པ་རེད། སྔོན་མ་ང་ཚོས་ཕྱི་ལོ་༡༩༧༢ནས་༡༩༨༠གཡས་གཡོན་བར་ང་ཚོ་སློབ་མ་ཡིན་པའི་སྐབས་སུ་དྷ་རམ་ས་ལའི་སྒང་གི་རི་དེར་སྨན་རྩྭ་འཐུ་བར་མང་པོ་འགྲོ་མྱོངས་ཡོད། དེ་རྗེས་ང་ཚོས་སྨན་རྩ་འཐུ་བར་སྦིར་ལ་ཕྱིན་པ་རེད། འོན་ཀྱང་དེ་ནས་སྨན་རྩྭ་མང་པོ་རག་གི་ཡོད་པ་མ་རེད། དེའི་རྗེས་སུ་ང་ཚོ་མཱ་ཎ་ལིར་ཕྱིན་པ་རེད། མཱ་ཎ་ལི་ལ་རྨ་རིས་ལ་ཟེར་བ་ཞིག་ཡོད་པ་རེད། དེ་ནས་སྨན་རྩྭ་མང་པོ་འདུག དེ་མ་ཚད་ང་ཚོས་སྒང་ཐོག་སོགས་ནས་ཀྱང་སྨན་རྩྭ་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད། ད་ལྟ་ང་ཚོའི་སྨན་ནང་སྨན་རྩྭ་བརྒྱ་ཆ་༤༠ཙམ་བོད་ནས་ཡོང་གིན་ཡོད་པ་རེད། ད་དུང་ལ་དྭགས་ནས་ཀྱང་ང་ཚོས་སྨན་རྩྭ་བསྡུ་རུབ་བྱེད་ཀྱིན་ཡོད་པ་རེད་ཅེས་གསུངས་སོང༌།

མ་འོངས་སྨན་བཟོ་སྟངས་དང་སྨན་བཅོས་བྱེད་སྟངས་ཐད་གསར་གཏོད་ཀྱི་རྣམ་པ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད་མེད་ཅེས་དྲིས་དུས། ཁོང་གིས་གཙོ་བོ་ང་ཚོའི་སྨན་རྩིས་ཁང་འདི་རང་གི་རིག་གཞུང་གཅེས་འཛིན་དང་མི་ཉམས་གོང་འཕེལ་ཆེད་གསར་འཛུགས་བྱས་པ་ཞིག་ཡིན་དུས། དམིགས་བསལ་མ་འདྲ་བ་གསར་གཏོད་དེ་འདྲ་བྱེད་ཀྱིན་ཡོད་པ་མ་རེད། འོན་ཀྱང་ང་ཚོས་སྨན་བཟོ་སྟངས་ཐད་གཙོ་བོ་སྨན་གཞུང་ནང་གཞི་འཛིན་བཞིན་ཡོད་པ་རེད། ཕན་ཐོགས་ཐད་སྨན་གཞུང་ནང་ལ་གསུངས་ཡོད་པ་རེད་ལ། ཁ་ནས་བཤད་བཞིན་ཡོད་པ་རེད། དེ་ཚོ་བསྒྲུབ་བྱེད་སྟོན་རྒྱུའི་ཆེད་དཔེར་ན། མི་མང་པོས་མངར་མོའི་ན་ཚ་དང་ཁྲག་ཤེད་ཀྱི་ནད་སྐོར་བོད་པའི་སྨན་ནང་མེད་པ་འདྲ་པོ་ཞིག་ཤོད་བཞིན་ཡོད་པ་རེད། དེ་འདྲ་རྩ་བ་ཉིད་ནས་མ་རེད། ང་ཚོ་བོད་པའི་སྨན་གཞུང་དེ་གཞི་རྒྱ་ཆེན་པོ་རེད། གཏིང་ཧ་ཅང་ཟབ་མོ་རེད། ཧ་ལམ་མི་ཚེ་གཅིག་རིང་དེའི་སྐོར་སློབ་སྦྱོང་བྱས་པ་ཡིན་ནའང་དུས་ཚོད་འདང་གི་མ་རེད་མ་གཏོགས། སློབ་སྦྱོང་བྱ་རྒྱུ་མེད་པ་ཞིག་རྩ་བ་ནས་མ་རེད།

གསར་གཏོད་ཟེར་བ་དེར་དོན་དག་གཉིས་ཡོད་པ་རེད། དཔེར་ན་གཅིག་ནི་སྔོན་མ་ཡིན་ན་ང་ཚོ་བོད་སྨན་དེ་ཚོ་ཕྱེ་མ་བཟོས་ནས་བཟའ་བཞིན་ཡོད་པ་རེད། སྨན་གཞུང་ནང་ལྟར་བྱས་ན་ཕྱེ་མ་དེ་བཟའ་བདེ་བ་འདྲ་ཡོད་པ་རེད། འོན་ཀྱང་མི་མང་པོ་ཞིག་གིས་སྨན་ཕྱེ་མ་དེ་མིད་པ་ནང་འགྲོ་རྒྱུ་ཁག་པོ་འདུག ཕྱེ་མ་མང་པོ་བཟས་ན་སྨན་གྱི་ནུས་པ་ཉམས་འགྲོ་གི་འདུག་ཅེས་ཟེར་སྲོལ་མང་པོ་ཡོད་པ་རེད། དེར་བརྟེན་སྨན་མང་ཆེ་བ་རིལ་བུ་ནང་བཟོས་པ་རེད། རིལ་བུ་ལའང་མཁྲེག་པོ་འདུག་ཟེར་བ་སོགས་མང་པོ་གསུང་གིན་ཡོད་དུས། དེ་ཚོའི་གྲས་ལ་ང་ཚོས་བཟོ་ལྟ་སྒྱུར་བཅོས་ག་རེ་གཏོང་དགོས་མིན་དང༌། དཔེར་ན། སྔོན་མའི་རིན་ཆེན་རིལ་བུ་ལ་ཆགས་བཞག་ན་ཚང་མར་རས་འཐུམ་བརྒྱབ་ཡོད་པ་རེད། དེར་དགོས་པ་མང་པོ་ཡོད་ས་རེད།

རིན་ཆེན་རིལ་བུའི་འཐུམ་རས་དེའི་མཚོན་མདོག་དེས་མིའི་ན་ཚ་མཚོན་གྱི་ཡོད་པ་རེད། དཔེར་ན་ཁྲག་གི་ན་ཚའི་རྟགས་ལ་དམར་པོ་དང༌། རླུང་གི་ན་ཚའི་རྟགས་ལ་སྔོན་པོ། མཆིན་པའི་ན་ཚའི་རྟགས་ལ་ལྗངས་ཁུ་ཡིན་པ་ལྟ་བུ་དེ་འདྲ་ཡོད་པ་རེད། འོན་ཀྱང་ད་ཆ་ང་ཚོས་ཕྱི་རྒྱལ་ནང་བཞིན་ནང་གི་སྨན་དེ་རིལ་བུ་ཡིན་པ་གང་ཞིག་ལ་ཤུགས་ནང་བླུགས་པ་ལས། སྔོན་མ་ནང་བཞིན་རས་ཀྱིས་འཐུམ་རྒྱག་ནས་སྒམ་ནང་བླུགས་ཀྱིན་ཡོད་པ་མ་རེད། གང་ཡིན་ཟེར་ན། གཅིག་ནི་གཙང་མ་ཡོང་ཆེད་དང་གཉིས་ནི་སྟབས་བདེ་དུས་ཚོད་གྲོན་ཆུང་བཅས་ཀྱི་ཆེད་ཡིན་པ་ལས། སྨན་གྱི་བྱིན་རླབས་ཆུང་དུ་ཕྱིན་པ་སོགས་དེ་འདྲ་མ་རེད།

སྨན་གྱི་ཐད་བོད་པའི་སྨན་གཞུང་བརྒྱུད་ནང་མེད་པ་ཞིག་ང་ཚོས་གསར་པ་བཟོ་རྒྱུ་གང་ཡང་ཡོད་པ་མ་རེད། འོན་ཀྱང་ན་ཚ་ལ་སྨན་ག་རེས་ཕན་གྱི་འདུག དེ་ཚོ་ང་ཚོས་ཉམས་ཞིབ་བྱེད་ཀྱིན་ཡོད་པ་རེད། གལ་སྲིད་ང་ཚོས་བོད་པའི་སྨན་དེ་དག་རིལ་བུ་མི་བཟོ་བར་སྒོར་ལེབ་བཟོས་པ་ཡིན་ན། ཕྱི་ལོགས་ནས་བལྟ་དུས་སྙིང་རྗེ་པོ་འདྲ་ཞིག་ཡོད་ཀྱང༌། ང་ཚོའི་རིག་གཞུང་གི་ངོ་བོ་ཞིག་བརླག་འགྲོ་བཞིན་ཡོད་པ་རེད། དཔེར་ན་ང་ཚོ་བོད་པའི་སྨན་དེ་ཚོ་ལོ་སྟོང་ཕྲག་ཕྱིན་པ་ཡིན་ནའང༌། བོད་པའི་སྨན་དེ་རིལ་རིལ་ཞིག་ཡོད་པ་རེད་ཅེས་པའི་ངོ་བོ་དེ་མི་བརླག་རྒྱུ་གལ་ཆེན་པོ་རེད། བསམ་བློ་དེ་འདྲ་བཏང་ནས་ང་ཚོས་ཕྱི་རྒྱལ་གྱི་སྨན་གྱི་ངོ་བོར་བསྒྱུར་རྒྱུར་བསམ་བློ་གཏོང་གིན་ཡོད་པ་མ་རེད། འོན་ཀྱང་སྨན་གྱི་ནུས་པ་ཡག་ཏུ་འགྲོ་རྒྱུའི་ཐད་ང་ཚོས་རྒྱུན་དུ་ཉམས་ཞིབ་བྱེད་ཀྱིན་ཡོད་པ་རེད། བོད་པའི་སྨན་ནང་བཟོ་ལུགས་བཟོ་ལྟ་མི་འདྲ་བ་ཐང་དང༌། ཕྱེ། རིལ་བུ་སོགས་ཁག་༨ཙམ་ཡོད་པ་རེད། ཡོངས་གྲགས་སུ་རིལ་བུ་དང་ཕྱེ་མ་གཉིས་རེད། ཕྱི་རྒྱལ་ཡིན་ན་སྨན་ནང་རྫས་མང་པོ་བླུགས་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོས་རྫས་སྦྱོར་མི་འདྲེས་རྒྱུ་གཙོ་འདོན་བྱེད་ཀྱིན་ཡོད་པ་རེད་ཅེས་གསུངས་སོང༌།

ཕྱི་རྒྱལ་ཁག་ཏུ་སྨན་རྩིས་ཡན་ལག་སྨན་ཁང་དེ་འདྲ་འཛུགས་རྒྱུ་ཁག་པོ་ཡིན་སྐོར་གསུངས་དོན། ཕྱི་རྒྱལ་ཁག་ལ་ང་ཚོར་ཡན་ལག་སྨན་ཁང་དེ་འདྲ་འཛུགས་རོགས་ལབ་མཁན་མང་པོ་འདུག རྒྱ་གར་ནང་ལ་༧གོང་ས་མཆོག་གིས་བཀའ་དྲིན་གྱིས། རྒྱ་གར་གཞུང་དང་བོད་གཞུང་བཀའ་ཤག་སྤྱི་འཐུས་བཅས་ནས་ང་ཚོར་སྨན་རྩིས་ཁང་འདི་བཙུགས་ཆོག་པ་དང༌། བཀག་འགོག་མེད་པའི་ཆོག་མཆན་དེ་འདྲ་གནང་ཡོད་པ་རེད། ཕྱི་རྒྱལ་དེ་ཚོའི་ནང་ཁྲིམས་ཀྱི་འགྲོ་སྟངས་བྱས་ན་ཏོག་ཙམ་དཀའ་ངལ་ཡོད་པ་རེད། གང་ཡིན་ཟེར་ན། ཕྱི་རྒྱལ་ལུང་པ་དེ་ཚོའི་ནང་ཁོང་ཚོར་མཚོན་ན་བོད་པའི་སྨན་དེ་གསར་པ་ཞིག་ལས་ཁོང་ཚོས་ཤེས་རྟོགས་གང་ཡང་ཡོད་པ་མ་རེད།

རྒྱ་གར་ནང་ཡོང་ནས་བོད་པའི་སྨན་བཟའ་མཁན་ཕྱི་རྒྱལ་བ་དེ་ཚོས་བོད་པའི་སྨན་དེ་ཧ་ལས་པའི་ཡག་པོ་འདུག ང་ཚོའི་ལུང་པའི་ནང་ཡན་ལག་སྨན་ཁང་དེ་འདྲ་འཛུགས་རོགས་ལབ་མཁན་མང་པོ་རེད། དཔེར་ན། སོག་པོ་དང་ཧོ་ལན་དེ་ཚོའི་ནང་སྨན་ཁང་འཛུགས་ཆོག་པའི་ལག་འཁྱེར་ཡོད་མཁན་དེ་འདྲ་ཡོད་པ་རེད། ཡང་ཨ་རི་ལྟ་བུར་མཚོན་ན། སྨན་གྱི་སྒང་ལ་དམ་དྲག་ཆེན་པོ་ཡོད་དུས་གཞུང་འབྲེལ་ཐོག་འཛུགས་རྒྱུར་ཏོག་ཙམ་ཁག་པོ་ཡོད་པ་རེད་ཅེས་གསུངས་སོང༌།

ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་དེ་ཚོས་སྤྱིར་ཁོང་ཚོ་སོ་སོའི་སྨན་དེ་འདྲ་ཡོད་ཀྱང་དེང་སང་མི་མང་པོ་ཞིག་བོད་པའི་སྨན་ལ་དགའ་པོ་བྱེད་པའི་རྒྱུ་མཚན་གསུང་དོན། སྤྱིར་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་ལ་ཁོང་ཚོས་དགའ་ཞེན་བྱེད་ཀྱིན་ཡོད་པ་རེད། གང་ཡིན་ཟེར་ན། བོད་པ་ལབ་དུས་གཤིས་རྒྱུད་ཡག་པོ་ཡོད་པ་དང༌། སྐྱག་རྫུན་མི་ཤོད་མཁན། སྐད་ཆ་དྲང་མོར་ཤོད་མཁན། ལས་རྒྱུ་འབྲས་དཔང་པོ་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

དེ་བཞིན་༧གོང་ས་མཆོག་གིས་བཟང་སྤྱོད་སྐོར་བཀའ་སློབ་གནང་ནས་མི་དང་མིའི་དབར་འདུ་ཤེས་བཞག་དགོས་པ། བདེ་སྡུག་གི་ཚོར་བ་གཅིག་པ་ཡིན་པ། ཐོབ་ཐང་གཅིག་པ་དགོས་པ་སོགས་གསུང་གིན་ཡོད་པ་དང་། ང་ཚོས་༧གོང་ས་མཆོག་གི་རྗེས་འཇུག་ཡིན་དུས། དེ་འདྲའི་ཐོག་ནས་ཁོང་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ང་ཚོའི་ཨེམ་རྗེ་ཡིན་ན་འདྲ། སྨན་ཡིན་ནའང་འདྲ། མི་གཞན་ལ་མགོ་སྐོར་གཏོང་ཆེད། མི་གཞན་གྱི་སྒོར་མོ་འཕྲོག་ཆེད། གནས་སྐབས་སོ་སོའི་འགྲོ་གྲོན་གཙོ་བོ་བྱས་ནས་ལས་ཀ་བྱེད་པ་མ་ཡིན་པ། ཁུངས་གཏན་པོ་ཡོད་པ། སྨན་དེ་ཚོས་ཀྱང་ཕན་ཐོགས་ངེས་ཅན་ཞིག་ཡོང་གིན་ཡོད་པ།

ཨེམ་རྗེས་ནད་པ་ཞིག་ལ་སྐད་ཆ་ཤོད་དུས་ཀྱང་བཟང་སྤྱོད་ཀྱི་ཐོག་ནས་རྣམ་འགྱུར་སྟོན་པ། ནང་པའི་ཆོས་ཀྱི་ལྟ་གྲུབ་ཐོག་ནས་ནད་པར་བྱམས་སྙིང་རྗེ་ཡོད་པ། ཕྱི་རྒྱལ་གྱི་སྨན་ཁང་ཞིག་ལ་ཕྱིན་པ་ཡིན་ན། ཁོང་གི་རྟགས་དཔྱད་ཀྱི་རིན་པ་སྒོར་མོ་༡༠༠དེ་སྤྲོད་རྒྱུ་མེད་ཚེ། ཁོང་གིས་ཡ་ལན་བྱེད་ཀྱི་མ་རེད། བོད་པའི་ཨེམ་རྗེས་དེ་འདྲ་བྱེད་ཀྱིན་ཡོད་པ་མ་རེད། བརྟག་དཔྱད་བྱེད་པར་འགྲོ་དུས་སྒོར་མོ་སྤྲོད་རྒྱུ་མེད་རུང་ངེས་པར་དུ་འཁྱེར་ཤོག་ལབ་ཀྱི་ཡོད་པ་མ་རེད། ད་དུང་སྨན་དང་སྒོར་མོ་གཉིས་ནང་སྨན་གལ་ཆེ་བ་ཡོད་པ་དང་། སྨན་ཡག་པོ་ཟོ་ད་དུང་བརྟག་དཔྱད་བྱེད་པར་ཤོག་ལབ་ཀྱི་ཡོད་པ་རེད། ཕྱི་རྒྱལ་གྱི་ཨེམ་རྗེས་དེ་འདྲ་རྩ་བ་ནས་བྱེད་ཀྱིན་ཡོད་པ་མ་རེད། གནས་ཚུལ་དེ་དག་ལ་བརྟེན་ནས་ཁོང་ཚོས་བོད་པའི་སྨན་དང་ཨེམ་རྗེ་ལ་དགའ་པོ་བྱེད་ཀྱིན་ཡོད་པ་རེད།

སྔོན་མ་ང་ཚོ་ལྡི་ལིར་ཡོད་པའི་སྐབས་སུ་ཉིན་རེར་ནད་པ་སུམ་བརྒྱ་དང་བཞི་བརྒྱ་དེ་འདྲ་ཡོང་གི་ཡོད་པ་རེད། སྐབས་དེར་ཨེམ་རྗེ་༣ལས་ཡོད་པ་མ་རེད། ཞོགས་པ་ཆུ་ཚོད་ ༧།༣༠ ནས་ཕྱི་དྲོ་ཆུ་ཚོད་༨པ་བར་སྨན་ཁང་སྒོ་རྩ་བ་ནས་རྒྱག་གི་ཡོད་པ་མ་རེད། དཔེར་ན། ནད་པ་ཁག་ཅིག་ལོ་༡༥དང་༢༠དེ་འདྲ་སྨན་གཞན་བཟས་ནས་མ་དྲག་པ་བོད་སྨན་གཏན་གཏུགས་བྱས་ནས་ཉིན་༡༥ནང་དྲག་སྐྱེད་བྱུང་བ་དེ་འདྲ་ཡོད་པ་རེད། གཅིག་ནི་ལས་རེད། གཉིས་ནི་ཨེམ་རྗེས་ནད་པ་སོ་སོའི་སེམས་ཁམས་དང་མཐུན་པའི་སྐད་ཆ་བཤད་དུས་ཕན་ཐོགས་ཆེན་པོ་ཡོད་པ་རེད། གཉིས་ནས་ནད་ཐོག་སྨན་ཁེལ་ཆགས་ཀྱི་ཡོད་པ་རེད། ཕྱི་རྒྱལ་གྱི་སྨན་ནང་ནད་ཐོག་སྨན་ཁེལ་ཟེར་བ་ཡོད་པ་མ་རེད། སྨན་དེ་དག་གཉན་པོ་འདྲ་པོ་ཞིག་རེད་མ་གཏོགས། ན་ཚ་དེའི་རྒྱུ་དེ་རེད་རྐྱེན་དེ་རེད། དེ་ལ་དེས་བཀག་དགོས་པ་རེད་ཟེར་བའི་ལྟ་གྲུབ་དེ་འདྲ་ཡོད་ས་མ་རེད། དེ་ང་ཚོ་བོད་པའི་སྨན་ནང་ཧ་ཅང་གསལ་པོ་ཡོད་པ་རེད། དེ་འདྲའི་ཐོག་ནས་ཁོང་ཚོས་དགའ་པོ་བྱེད་ཀྱིན་ཡོད་པ་རེད་བསམས་ཀྱི་འདུག་ཅེས་གསུངས་སོང༌།

ད་ཆ་སྨན་རྩིས་ཁང་དེ་ཟུར་སྐྱོང་སྡེ་ཚན་ཞིག་ཡིན་སྐོར་གསུངས་དོན། ཕྱི་ལོ་༢༠༠༥བཀའ་ཁྲི་སྐབས་༡༣པའི་སྐབས་སུ་བོད་གཞུང་སྨན་རྩིས་ཁང་དེ་ཟུར་སྐྱོང་གི་སྡེ་ཚན་ཁོངས་སུ་བཞག་པ་རེད། དེ་ལ་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་གཟིགས་ནས་གནང་བ་ཞིག་རེད། སྔོན་མ་ཡིན་ན་སྨན་རྩིས་ཁང་གི་དབུ་འཛིན་དེ་ཁ་ཐུག་བོད་གཞུང་གིས་བཏང་ནས་ལོ་གསུམ་རེའི་མཚམས་སུ་བརྗེ་པོ་རྒྱག་གིན་ཡོད་པ་རེད། དྲུང་ཆེ་དེ་སྨན་རྩིས་ཁང་རང་ནས་ཡོང་གི་ཡོད་པ་རེད། དེ་སྔོན་བོད་གཞུང་གི་ཁོངས་གཏོགས་འདྲ་པོ་ཞིག་ཡིན་རུང་སྨན་རྩིས་ཁང་གི་འཛིན་སྐྱོང་བརྒྱ་ཆ་བརྒྱ་ཐམ་པ་བོད་གཞུང་གིས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་མ་རེད། སྨན་རྩིས་ཁང་རང་གིས་སྡེ་ཚན་ནང་ཐག་གཅོད་བྱེད་ཀྱིན་ཡོད་པ་རེད། ཕྱི་ལོ་༢༠༠༥ནས་བོད་གཞུང་སྨན་རྩིས་ཁང་དེ་རང་སྐྱོང་གི་སྡེ་ཚན་ཞིག་ཏུ་བཟོས་རྗེས། དབུ་འཛིན་དེ་སྨན་རྩིས་ཁང་རང་གི་འོས་འདེམས་བྱེད་ཀྱིན་ཡོད་པ་རེད་ཅེས་ངོ་སྤྲོད་གནང་སོང༌།

ཕྱི་ལོ་༡༩༩༣ནས་ཕྱི་ལོ་༢༠༠༩བར་བཙན་བྱོལ་བོད་གཞུང་གི་རྒྱུན་གྲོན་མ་དངུལ་དུ་སྨན་རྩིས་ཁང་གི་ལོ་རེའི་ཡོང་འབབ་ནས་བརྒྱ་ཆ་༡༥རེ་འབུལ་མུས་སུ་ཡོད་པ་དང༌། ད་ལྟའི་བར་ཁྱོན་དངུལ་འབོར་ཧིན་སྒོར་བྱེ་བ་ལྔ་དང་ས་ཡ་བདུན་ལྔ་འབུམ་དགུ་ཁྲི་ཉིས་བརྒྱ་དང་ཚེག་ཉི་ཤུ། ༥༧༥་༩༠༢༠༠།༢༠ཕུལ་ཡོད་འདུག

ཁོང་གིས་སྨན་རྩིས་མཐོ་སློབ་སྐོར་ངོ་སྤྲོད་གནང་དོན། སྨན་རྩིས་མཐོ་སློབ་ནང་ད་ལྟ་བར་དུ་སློབ་མ་སྐབས་༡༤སླེབས་ཡོད་པ་རེད། ཚང་མ་སྨན་རྩིས་ཁང་རང་གི་གསོ་སྐྱོང་བྱས་ནས། སྨན་རྩིས་ཁང་རང་གི་འགྲོ་སོང་གཏོང་གིན་ཡོད་པ་རེད། སྨན་རྩིས་དཀའ་བཅུ་བའི་གཞུང་ཚད་ལྟར་དུས་ཡུན་ལོ་༥དང༌། ཉམས་གསོག་ལོ་༡། ཁྱོན་དུས་ཡུན་ལོ་༦རིང་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་ཅིང༌། དེང་སྐབས་སྨན་སློབ་སྐབས་༡༥དང་༡༦། རྩིས་སློབ་སྐབས་༨པས་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་གནང་སོང༌། སྨན་རྩིས་མཐོ་སློབ་ནང་བོད་རིགས་ཁོ་ན་མིན་པ་གཞན་ཡང་ཧི་མ་ལའི་རི་བརྒྱུད་ཀྱི་མི་རིགས་དང༌། རུ་སོག ཉི་ཧོང་གཙོས་པའི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནས་ཀྱང་སློབ་ཕྲུག་བསྡུ་ལེན་གནང་གིན་ཡོད་འདུག

ཁོང་གིས་སྨན་རྩིས་ཁང་གི་མ་འོངས་ལས་འཆར་སྐོར་གསུངས་དོན། སྤྱིར་ང་ཚོར་ལས་འཆར་མང་པོ་ཡོད་པ་དང༌། དེའི་ནང་གལ་ཆེ་ཤོས་སྨན་རྩིས་མཐོ་སློབ་ཡར་རྒྱས་གཏོང་རྒྱུ་དེ་རེད། གང་ཡིན་ཟེར་ན། གལ་སྲིད་ང་ཚོས་སློབ་ཕྲུག་བསྡུ་རུབ་བྱ་རྒྱུའི་གསལ་བསྒྲགས་ཤིག་བཀྲམས་ཚེ། འཛུལ་ཞུགས་བྱ་འདོད་ཡོད་མཁན་༢༠༠ནས་༣༠༠དེ་འདྲ་ཡོང་གིན་ཡོད་པ་རེད། འོན་ཀྱང་དེའི་ནང་ནས་སློབ་མ་༢༠དང་༣༠ཙམ་ལས་ཚུད་ཐུབ་ཀྱི་ཡོད་པ་མ་རེད། དེའི་རྒྱུ་རྐྱེན་གཉིས་གསུམ་ཙམ་ཡོད་པ་རེད། གཅིག་ནི་སློབ་ཁང་དང༌། འཛིན་ཁང༌། དགེ་རྒན་བཅས་ཀྱི་ཆ་རྐྱེན་ཇི་བཞིན་ཡོད་པ་མ་རེད། གལ་སྲིད་ཆ་རྐྱེན་དེ་ཚོ་ཡོད་པ་ཡིན་ན་ང་ཚོས་ཐེངས་རེར་སློབ་མ་༣༠༠ཙམ་བསྡུ་རྒྱུའི་དམིགས་ཡུལ་ཡོད་པ་རེད།

དེ་སྔོན་ང་ཚོ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༥༠འཁོར་བའི་དུས་དྲན་སྐབས། ༧གོང་ས་མཆོག་གིས་བཀའ་སློབ་ཏུ་བོད་པའི་ཨེམ་རྗེ་སྟོང་ཕྲག་༢དང་༣ཙམ་ཡོད་ནའང་ཉུང་དྲག་པ་ལས་མང་དྲག་པའི་སྐྱོན་ཡོད་པ་མ་རེད་ཅེས་གསུངས་ཡོད། དེར་བརྟེན་བོད་པའི་ཨེམ་རྗེ་འགྲོ་དོན་ཆེན་པོ་ཡོད་དུས་མ་འོངས་པར་ང་ཚོའི་རིག་གཞུང་སྲུང་སྐྱོབ་དང༌། དར་སྤེལ། ཉམས་ཞིབ་བྱ་རྒྱུ་སོགས་ལས་ཀ་མང་པོ་བསྡད་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ང་ཚོར་མི་དང༌། མཐུན་རྐྱེན། དུས་ཚོད་བཅས་ཀྱི་འདང་གི་ཡོད་པ་མ་རེད། མ་འོངས་ང་ཚོས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ལས་གཞི་དང་པོ་ཡིན། གཉིས་པ་དེ་ང་ཚོས་སྔོ་སྨན་སྐོར་ཉམས་ཞིབ། སྨན་རྩྭ་འདེབས་ལས་སོགས་སྨན་སྦྱོར་གྱི་ལས་གཞི་ཁག་ཡར་རྒྱས་གཏོང་རྒྱུ་དང༌། ཡན་ལག་སྨན་ཁང་གསར་རྒྱག་དང་ཡོད་པ་དེ་ཚོ་ཡར་རྒྱས་གཏོང་རྒྱུ་སོགས་མ་འོངས་ལས་འཆར་མང་པོ་ཞིག་ཡོད་ཅེས་གསུངས་སོང༌།

སྨན་རྩིས་མཁས་པའི་སློབ་སྟོན་ཚོགས་ཆུང་ཟེར་བ་ཞིག་ཡོད་འདུག་ཅིང༌། ཚོགས་ཆུང་དེ་ཕྱི་ལོ་༡༩༩༦ལོར་གསར་དུ་བཙུགས་ནས་དུས་ཡུན་གང་འཚམས་རིང་༧སྐུའི་བླ་སྨན་རྣམ་པས་དུས་ཚོད་ངེས་མེད་ཐོག་རིག་གཞུང་སྡེ་ཚན་ཁག་གི་བྱེད་སྒོ་ཁག་ལ་ལམ་སྟོན་དང༌། དབུས་དང་ཕྱོགས་མཐའི་སྨན་པ་རྣམས་ལ་གཞུང་དང་ལག་ལེན་ཁྲོད་འཕྲད་པའི་དཀའ་གནད་དང་དགོས་གནས་ཁག་སྐབས་འཕྲལ་གསེད་བཀྲོལ་དང་སློབ་སྟོན། བོད་མིའི་གཞིས་སྒར་ཁག་གིས་གཙོས་པའི་ཡན་ལག་སྨན་ཁང་ཁག་ལ་ལོ་ལྟར་ཐེངས་མང་ཕེབས་ཏེ་ནད་པར་སྨན་བཅོས་དང་འཕྲོད་བསྟེན་སློབ་གསོ། སྨན་པ་གཞོན་པར་མན་ངག་ལག་ལེན་བརྒྱུད་སྤྲོད་གནང་བཞིན་ད་ལྟ་སྨན་པ་བགྲེས་པ་དག་གིས་ཀྱང་མཇུག་སྐྱོང་གནང་བཞིན་ཡོད་འདུག

གཞན་ཡང་སྨན་རྩིས་ཁང་གི་གལ་ཆེའི་ལས་དོན་ཐག་གཅོད་དང༌། འགན་འཁུར་ཞུ་ཕྱོགས་ཀྱི་ཆ་ནས་ཁག་བགོས་ཚོགས་ཆུང་ཁག་ནི། འཛིན་སྐྱོང་ཚོགས་ཆུང༌། སྨན་རྩིས་རིག་གཞུང་ལྷན་ཚོགས། གནས་རིམ་དང་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང༌། ལས་བྱེད་འདེམ་སྐོར་དང་བཀོད་སྒྲིག་ཚོགས་ཆུང༌། ས་ཁང་ཚོགས་ཆུང་། ལས་ཤག་གོ་སྒྲིག་ཚོགས་ཆུང༌། དཔའ་འབྱོར་འདུ་འགོད་ཚོགས་ཆུང༌། སྨན་རྒྱུ་མཁོ་སྒྲུབ་ཚོགས་ཆུང༌། སྤྱི་ཐབ་ཚོགས་ཆུང༌། དཔེ་མཛོད་ཚོགས་ཆུང༌། ཡིག་ཚད་ཚོགས་ཆུང༌། སྨན་རྩིས་བོད་ཡིག་དུས་དེབ་ཚོགས་ཆུང༌། སྨན་རྩིས་དབྱིན་ཡིག་དུས་དེབ་ཚོགས་ཆུང༌། ཁོར་ཡུག་གཙང་བཟོ་ཚོགས་ཆུང༌། ལས་བྱེད་བདེ་དོན་ཚོགས་ཆུང༌། ལས་བྱེད་སྤྲོ་སྐྱིད་ཚོགས་ཆུང༌། བུ་བཅོལ་ཁང་ཕ་མའི་ཚོགས་ཆུང་བཅས་ཡོད་འདུག

ད་ལྟ་བོད་གཞུང་སྨན་རྩིས་ཁང་གི་དབུས་མ་ལག་དང་བཅས་པར་སྨན་རྩིས་ལས་སློབ་གྲངས་ ༥༠༠ ལྷག་ཡོད་ཅིང༌། དེ་ཡང་ད་ལྟ་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་གསོ་བ་རིག་པའི་ལས་དོན་སྒྲུབ་བཞིན་པའི་སྨན་པ་གྲངས་༡༢༥དང༌། རྩིས་པ་གྲངས་༩༠། ལས་བྱེད་གྲངས་༢༥༦། སློབ་ཕྲུག་གྲངས་༥༡། ལས་མི་གྲངས་༡༡༨བཅས་ཁྱོན་བསྡོམས་མི་གྲངས་ ༥༦༩ ཡོད་འདུག བོད་གཞུང་དབུས་སྨན་རྩིས་ཁང་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་འགྲམ་དུ་བརྟེན་གཞི་བྱས་ཡོད།

www.mentsee.org ༼སྨན་རྩིས་༽ཞེས་པའི་བོད་གཞུང་སྨན་རྩིས་ཁང་གི་བོད་ཡིག་གི་དྲ་ཚིགས་འདི་ནས་ཁྱེད་ཀྱིས་བོད་ཀྱི་གསོ་བ་རིག་པའི་བྱུང་རིམ་དང་། བོད་ཀྱི་སྨན་རྩིས། བཙན་བྱོལ་ནང་ཡོད་པའི་བོད་གཞུང་སྨན་རྩིས་ཁང་གི་ལོ་རྒྱུས་དང་ལས་དོན་བྱེད་ཕྱོགས་བཅས་ཀྱི་སྐོར་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཡོང་ངེས་ཡིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
གནས་ཚུལ་ཁ་གསལ་ལ་དོན་སྙིང་ལྡན་པ་ཡག་པོ་ཞིག་བཀོད་འདུག་པ་ཐུགས་རྗེ་ཆེ་ཞུ། སྨན་པ་རྟ་འགྲིན་ལགས་ནས་གནས་ཚུལ་བང་འགྲིགས་པོ་ཁ་གསལ་པོ་དེ་ལྟ་གནང་སྟངས་ལ་བལྟས་ན་བོད་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཅན་གྱི་མི་སྣ་དཔེར་བཟང་ཞིག་ཆགས་རྒྱུ་ངེས་འདུག མདོར་ན་སྨན་རྩིས་ཁང་ནི་གཞན་ཕན་སྒྲུབ་མཁན་གྱི་ཚོགས་པ་ཞིག་གི་ངོ་བོར་རྟག་ཏུ་གནས་ཐུབ་པ་བྱེད་དགོས།



བརྗོད་གཞི་གཞན་ཁག་ལ་གཟིགས།