དགོངས་ཚུལ།

ཁྲི་ཟུར་འཇུ་ཆེན་མཆོག་གི་སྐུ་ཕུང་ཞུགས་འབུལ་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༨ཉིན། ཟླ་འདིའི་ཚེས་ ༧ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མན་ཌི་རྫོང་ཁོངས་སྦིར་ཅོན་ཏ་ར་འཇུ་ཆེན་ཚང་གི་གཟིམ་ཤག་ཉེ་འགྲམ་དུ་དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་རེད།

སྐུ་ཕུང་ཞུགས་འབུལ་སྐབས་མེ་ཐབ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ་དང་།  ལྷོ་ཕྱོགས་སུ་འབོ་གངས་དཀར་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ།  ནུབ་ཕྱོགས་སུ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ། བྱང་ཕྱོགས་སུ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ་བཅས་ནས་རང་རང་སོ་སོའི་ལུགས་སྲོལ་བཞིན་སྦྱིན་སྲེག་གི་ཆོ་གའི་གཞུང་བསྲང་ནས་མཆོད་འབུལ་གནང་བ་དང་། རྫོང་སར་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རྫོང་སར་བཤད་གྲྭའི་དགེ་འདུན་བརྒྱ་ཕྲག་གཉིས་ལྷག་ནས་སྨོན་ལམ་གསུང་འདོན་གནང་།

ྋདཔལ་ས་སྐྱ་གོང་མ་སྒྲོལ་མ་ཕོ་བྲང་རིན་པོ་ཆེའི་བདག་མོ་མཆོག་དང། ྋདཔལ་རྒྱལ་དབང་ཀརྨ་རིན་པོ་ཆེའི་ལྕམ་སྲིང་མཆོག ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང༌། ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་རྣམ་གཉིས་ཀྱི་སྐུ་ཚབ། གཞན་ཡང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དུ་མའི་མཁན་པོ་དང་བླ་སྤྲུལ། ཕྱག་མཛོད་དང་སྐུ་ཚབ་བཅས་ཆེད་ཕེབས་ཀྱིས་ཐོས་གྲོས་དང། བར་དོའི་སྨོན་ལམ། གསོལ་འདེབས་བཅས་གསུངས་གནང་མཛད་པར་བསྙེན་བཀུར་རྒྱས་འབུལ་ཞུས།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་སོགས་དང། མདོ་སྟོད་སྨད་ཀྱི་སྤྱི་འཐུས་ཁག་ཅིག སྐུ་ཡི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ཕུན་ཚོགས་ར་ཡེ་ལགས། སྦིར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་དང་ལས་བྱེད། གཞིས་ཁག་དེ་དག་གི་ས་འཐུས་དང་རང་ཚོགས་འཐུས་མི། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་མཆོག་དང། རྡ་ས་སྟེང་ཤོད་གཉིས། སུ་ཇ། ཅོན་ཏ་ར་བཅས་ཀྱི་བོད་ཁྱིམ་དབུ་འཛིན་རྣམ་པ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་ཁག་ཅིག ས་གནས་ཁག་དུ་མའི་ཆུ་སྒང་ས་རྒྱུན་དང་མདོ་ཁམས་གྱི་ལུང་ཚན་མང་པོའི་འཐུས་ཚབ། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང། སྡེ་ཁག་སོ་སོའི་སྐུ་ཚབ།

དམ་པ་དེའི་སྲས་མོ་ལྔ་པོས་གཙོས་སྐུ་མཆེད་མིང་སྲིང་དང། ནང་མི་བུ་ཕྲུག ཚ་རྒྱུད་གཉེན་ཚན་བཅས་རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུལ་ཁག་མང་པོ་ནས་ཆེད་ཕེབས་གནང་བ་སོགས་མི་སྣ་བརྒྱ་ཕྲག་དུ་མ་མཉམ་འཛོམས་ཀྱིས་སྐུ་གཤེགས་དམ་པ་དེས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་བསྐྱོན་གནང་བའི་བཀའ་དྲིན་མ་ལུས་རྗེས་སུ་དྲན་པའི་སྒོ་ནས་གདུང་སེམས་མཉམ་བསྐྱེད་དང། གསོལ་འདེབས་སྨོན་ལམ་གྱིས་སྐུ་ཕུང་ཞུགས་འབུལ་གྱི་ལས་རིམ་གྲ་འགྲིག་ལ་འཐུས་སྒོ་ཚང་བ། དད་ལྡན་དྭངས་བ་འདྲེན་ཞིང་བཀའ་དྲིན་ཆེད་དུ་གསབ་པའི་བསོད་ནམས་ཀྱི་ཕུང་པོ་ཞིག་ཏུ་གྱུར་སོང་བ་བཅས་ཀྱི་གནས་བསྡུས་སུ།

སྐབས་དེར་དངོས་བཅར་བ་སྨོན་ལམ་མཐར་ཕྱིན་པས་མཁོ་སྤྲོད་གནང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
དཔལ་ལྡན་མི་རྗེ་མཆོག་གཤེགས་པར་བོད་སྤྱི་ལ་གྱོང་གུད་དང་། བོད་སྤྱི་ཡི་དོན་ལ་ཐུགས་ཁུར་ཅན་གྱི་རྣམས་ཀྱི་སྡུག་བསྔལ་ཞིགས་ལགས་ཀྱང་། ཕྱི་ནང་ལག་འབྲེལ་ཅན་དང་། སྐབས་འཚོལ་རིང་ལུགས་པ་རྣམས་ལ་ལྟོས་ན་ཁོ་ཚོས་སྒུགས་པའི་དོན་དེ་འགྲུབ་པ་རེད།
1 ༠༨༢༠༡༡༡༡༡༩
གསར་འགྱུར་དུས་ཐོག་བཀོད་གནང་བ་བཀའ་དྲིན་ཆེ་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།