དགོངས་ཚུལ།

བོད་ཀྱི་གསར་འགོད་པས་རྒྱ་ནག་གཞུང་ལ་བཏོན་པའི་རེ་འབོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤པའི་ཚེས༠༡ཉིན་དྷ་རམ་ཤ་ལ་ནས་སྤེལ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤བའི་ཚེས༡ཉིན་དྷ་རམ་ཤ་ལ་ནས་སྤེལ། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ། བོད་ནང་དུ་རང་དབང་ལྡན་པའི་ཕྱི་རྒྱལ་གསར་འགོད་པ་འགྲོ་འོང་བྱ་ཆོག་པར་བཟོ་རྒྱུའི་རེ་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག ལོ་སྔོན་མའི་ཟླ་༣ པའི་ནང་བོད་ཁམས་ཡོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པར། རྒྱ་གཞུང་ནས་བོད་མི་ངོ་རྒོལ་བ་ཚོར་དྲག་གནོན་ཡ་ང་བ་བྱས་ཤིང༌། དེ་རྗེས་བོད་ནང་དུ་ཕྱི་རྒྱལ་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་འགྲོ་འོང་བྱེད་པར་བཀག་སྡོམ་དྲག་པོ་བྱས་ཡོད་འདུག

ཕྱི་ཟླ༣ པའི་ཚེས༢༩ ཉིན་རྒྱ་ནག་གཞུང་འབྲེལ་གྱི་ཞིན་ཧ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་དོན། རྒྱ་ནག་གིས་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་བ་ཡོང་ཆོག་པའི་སྒོ་མོ་ཕྱི་ལོ་་༢༠༠༩་ལོའི་ཟླ་་༤་པའི་ནང་ཕྱེ་རྒྱུ་ཡིན་ཟེར། དེའི་ཐད་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གསུངས་དོན། ང་ཚོའི་རེ་བར་རྒྱ་ནག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གི་བོད་མི་གསར་འགོད་པ་དང་ཕྱི་རྒྱལ་གསར་འགོད་པ་ཚོར་བོད་ནང་དུ་རང་དབང་གིས་གསར་འགོད་ལས་དོན་སྒྲུབ་ཏུ་འཇུག་རྒྱུ། ལྷག་པར་དུ་ཕྱི་ལོ་༢༠༠༨ལོའི་ཟླ་༣པ་ཚུན་ཆད་ནང་གི་ངོ་རྒོལ་བྱུང་ཡུལ་ཁག་ནས་གསར་འགྱུར་འཚོལ་བསྡུ་བྱ་རུ་འཇུག་རྒྱུའི་རེ་བ་ཡོད་ལུགས་འཁོད་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བརྗོད་དོན། ལོ་སྔོན་མའི་ཕྱི་ཟླ་༣ པའི་ནང་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་གིས་དམག་ཤུགས་བེད་སྤྱད་དེ་བོད་མི་ངོ་རྒོལ་བ་ཚོར་དྲག་གནོན་བྱས་ཡོད་པ་དང༌། དེ་རྗེས་བོད་མདོ་དབུས་མཐོ་སྒང་དེ་དམག་ཁྲིམས་ཀྱི་ནང་དུ་ཚུད་ཅིང༌། གསར་འགོད་པ་ཉུང་ཤས་ཤིག་དམ་དྲག་ཆེ་བའི་སྟངས་འཛིན་འོག་ད་གཟོད་རྒྱ་ནག་གིས་བོད་ནང་དུ་འགྲོ་རུ་བཅུག་ཡོད་པ་རེད་ཅེས་ཟེར།

ཁོང་གིས་མུ་མཐུད་དུ་བརྗོད་དོན། རྒྱ་ནག་གིས་ཁ་པར་དང༌། གློག་ཀླད་དྲ་རྒྱ། སྐུད་མེད་ཡོ་ཆས་སོགས་ཀྱི་ཚོད་འཛིན་ལ་བརྟེན་ཏེ། བོད་ནང་གི་གནས་ཚུལ་དག་ཕྱི་ལོག་ཏུ་མི་ཁྱབ་པར་ཐབས་ཤེས་གང་ཡོད་བཀོད་བཞིན་ཡོད་པ་རེད། འོན་ཀྱང་བོད་ནང་འབྱུང་བཞིན་པའི་གདུག་རྩུབ་ཀྱི་བྱ་སྤྱོད་དང༌། ངོ་རྒོལ། བོད་མི་འཛིན་བཟུང་ཐད་ཀྱི་གནས་ཚུལ་རྣམས་བརྒྱུད་ལམ་འདྲ་མིན་བརྒྱུད་ནས་ཕྱི་རོལ་ཡུལ་གྲུ་ཁག་ཏུ་འབྱོར་འདུག ད་ལྟ་བོད་ནང་གི་གནས་སྟངས་ག་འདྲ་ཡིན་ཐད་ཀྱི་གནས་ཚུལ་རེག་རྒྱུ་དང་གནས་ཚུལ་དེ་རིགས་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཧ་ཅང་ཁག་པོ་འདུག་ཅེས་འཁོད་ཡོད་པ་རེད།

བཙན་བྱོལ་ནང་གི་བོད་མི་གསར་འགོད་པ་ཚོས་ཉེ་ཆར་རྒྱ་ནག་གི་དྲག་ཆས་ཉེན་རྟོགས་པ་ཞིག་གིས་བོད་མི་བསྟན་དར་ལ་ཉེས་རྡུང་ཚད་མེད་བྱས་པའི་བརྙན་ཕབ་དེ་ཡུའུ་ཊུབ་ཅེས་པའི་དྲ་གནས་ཐོག་ལྟ་མི་ཆོག་པར་བཟོས་པར་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་ཡོད་ལུགས་གསུངས་ཡོད་པ་རེད།

བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཀུན་དགའ་ཚེ་དབྱངས་དང༌། མགོ་ལོག་འཇིགས་མེད། དཀོན་མཆོག་ཚེ་འཕེལ། དོན་འགྲུབ་དབང་ཆེན། འཇམ་དབྱངས་སྐྱིད་སོགས་ཀྱི་བོད་མི་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་དང་སྙན་ངག་སོགས་དྲ་ཐོག་ཏུ་འགྲེམས་སྤེལ་བྱས་པར་ཁག་རྐྱེན་བྱས་ཏེ་འཛིན་བཟུང་བཀག་ཉར་བྱས་པར་རྒྱ་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་དང༌། དེ་ཚོ་མྱུར་དུ་གློད་གྲོལ་བྱ་དགོས་པའི་རེ་འབོད་ཀྱང་ཞུས་ཡོད་པ་རེད།

ཉེ་ཆར་རྒྱ་གཞུང་གིས་རྒྱ་ཁབ་༡༠༣ ལྷག་ནང་གི་ཕྱི་འབྲེལ་དང་འབྲེལ་བའི་གློག་ཀླད་ནང་ཉར་ཚགས་བྱས་ཡོད་པའི་་ཡིག་ཆར་དྲ་ཐོག་ནས་ལྐོག་ལྟ་དང་སྔོག་བཤེར་གྱིས་གསང་བའི་ཡིག་ཆ་བརྐུ་འཁྱེར་བྱས་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་གི་གསང་བའི་ཡིག་འབྲེལ་དག་ཀྱང་སྟངས་འཛིན་བྱས་ཡོད་འདུག གློག་ཀླད་ཀྱི་གསང་གྲངས་གཏོར་ཏེ་ཡིག་ཆ་ལྐོག་ལྟ་སྔོག་བཤེར་དང་བརྐུ་འཁྱེར་བྱས་པ་འདིས༌། རྒྱ་ནག་གིས་མཚམས་ཆད་མེད་པར་གསར་འགྱུར་རང་དབང་དང་དྲང་བདེན་ལ་གུས་མེད་ཀྱིས་རྡོག་རོལ་གཏོང་བཞིན་པ་གསལ་པོར་མཚོན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།