བདེ་སྐྱིད་ཡོད་ན་སྲོག་བློས་བཏང་ནས་ཡོང་དགོས་དོན་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༦ཉིན། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། གལ་སྲིད་བོད་ནང་དུ་རྒྱ་ནག་གཞུང་གིས་ཡར་རྒྱས་བཏང་ནས། བོད་མི་ཚོའི་འཚོ་བ་སྐྱིད་པོ་ཡོད་ན་བོད་མི་མང་པོས་སྲོག་བློས་བཏང་ནས་བཙན་བྱོལ་ལ་ཡོང་གི་མ་རེད་ཅེས་གསུངས་སོང་།

འདི་ནི་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སུ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་གསར་འགོད་པས། ཉེ་ཆར་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་ཅིག་བཏོན་ཡོད་པ་དེ་དང་། གཞན་ཡང་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནས་ཚུལ་གཞན་ཁག་ཅིག་བཅའ་འདྲི་ཞུས་ཡོད།

གསར་འགོད་པས་༧གོང་ས་མཆོག་དང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རང་བཙན་གྱི་འཐབ་རྩོད་བྱ་རྒྱུ་མིན། དབུ་མའི་ལམ་ནས་མ་འོངས་བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་སྡོད་རྒྱུ་ཡིན་གསུང་གིན་ཡོད་པ་རེད། འོན་ཀྱང་ད་དུང་ཡང་རྒྱ་ནག་དབུས་གཞུང་གིས་ངོས་ལེན་གྲོས་མོལ་མི་བྱེད་པའི་གནད་དོན་གང་ལ་ཐུབ་ཡོད་པ་རེད་བཅའ་འདྲི་ཞུས་པས་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། དེ་སྔོན་ཕྱི་ལོ་༢༠༠༥དང་༢༠༠༦གང་རུང་ཞིག་ཏུ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་ལ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཀྲུ་ཝན་ཆུན་ཟེར་བ་དེས། ཁྱེད་ཚོས་རང་བཙན་རྩོད་ཀྱིན་མེད་པ་ང་ཚོས་ཤེས་སོང་ཞེས་གསུངས་ཡོད་པ་རེད། འོན་ཀྱང་དེའི་རྗེས་སུ་རྒྱ་ནག་དེ་རྦད་དེ་འགྱུར་བ་ཕྱིན་ནས། ཁྱེད་ཚོས་རང་བཙན་རྩོད་ཀྱིན་འདུག རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་འདུག་ཅེས་བརྗོད་བཞིན་ཡོད་པ་རེད།

ངོས་ཀྱིས་བསམ་པར་ཁོང་ཚོས་གལ་སྲིད་གྲོས་མོལ་བྱུང་བ་ཡིན་ན་དེའི་གྲུབ་འབྲས་གང་འདྲ་ཞིག་ཐོན་མིན་དེ་ཚོད་མ་ཐིག་པ་ཞིག་ཡོང་གིན་ཡོད་ས་རེད་བསམས་ཀྱི་འདུག དཔེར་ན། མཁས་པ་ཁག་ཅིག་གིས་གལ་སྲིད་རྒྱ་ནག་གཞུང་གིས་བོད་དང་གྲོས་མོལ་བྱས་པ་ཡིན་ན། ནང་སོག་དང་ཤིན་ཅང་སོགས་ཀྱིས་ཀྱང་གྲོས་མོལ་དགོས་ཅེས་དགོས་ཡོད་དགོས་ཡོད་ལབ་མཁན་དེ་མང་དུ་མང་དུ་འགྲོ་ངེས་རེད་ཟེར་གྱི་ཡོད་པ་རེད་ཅེས་གསུངས་སོང་།

དེ་སྔོན་སྐུ་ཚབ་རྣམས་༧གོང་ས་མཆོག་གིས་མཚན་ཐོག་ནས་གཏོང་གིན་ཡོད་པ་རེད། ད་ཆ་༧གོང་ས་མཆོག་ཆབ་སྲིད་ཀྱི་སྐུ་དབང་ལས་བགྲེས་ཡོལ་གནང་ཚར་དུས། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་རྗེས་མར་སྐུ་ཚབ་གཏོང་བར་སྔར་ལས་དཀའ་ངལ་ཆེ་རུང་ཕྱིན་ཡོད་པ་རེད་དགོངས་ཀྱི་ཡོད་དམ། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ང་ཚོས་ཏཱ་ལའི་བླ་མ་སྐུ་སྒེར་སྐོར་གནད་དོན་ཞིག་ཡོད་པ་ལས།  དེ་མིན་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་དང༌། བོད་མིའི་གནད་དོན་ཟེར་བ་ཞིག་ད་ལྟ་ལྷག་མེད་ཚུལ་བརྗོད་ཀྱི་ཡོད་པ་རེད་ཅེས་བཀའ་འདྲི་ཞུས་པས།

ཁོང་གིས་ད་ལྟ་བར་དུ་ཁོང་ཚོས་ད་ལྟ་ཁྱེད་རང་གིས་གསུངས་པ་ནང་བཞིན། ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་ཁ་ཤས་ལས། བོད་ཀྱི་གནད་དོན་ཟེར་བ་ཞིག་རྒྱལ་སྤྱིའི་ནང་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད། འོན་ཀྱང་ཉེ་ཆར་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གང་ཉིད་ཀྱི་སྐུ་དབང་དེ་མི་མང་གིས་ཁ་ཐུག་འོས་འདེམས་བྱས་པའི་དབུ་ཁྲིད་ལ་མར་གནང་ཚར་བ་རེད། དོན་དག་དེའི་སྒང་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་ལ་མེད་ཟེར་བ་དེ་བདེན་པ་ཆགས་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རྟག་ཏུ་བོད་ཀྱི་གནད་དོན་དེ་ངོས་སྐུ་སྒེར་གྱི་གནད་དོན་ཞིག་མ་རེད། བོད་ཀྱི་གནད་དོན་ཟེར་བ་དེ་བོད་མི་ས་ཡ་དྲུག་དང་བོད་སྤྱིའི་གནད་དོན་ཞིག་རེད་ཅེས་གསུངས་ཡོད་པ་རེད།

དེར་བརྟེན་གལ་སྲིད་རྒྱ་ནག་གཞུང་དེ་བསམ་བློ་གུ་ཡངས་པོ་ཞིག་ཆགས་པ་ཡིན་ན། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་དང༌། བོད་ཀྱི་གནད་དོན་དེ་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན་པ་ཁས་ལེན་དགོས་ཐུག་ཀྱི་རེད། འོན་ཀྱང་ད་ལྟ་ནང་བཞིན་ལྟ་བ་མཁྲེག་པོ་བསྡད་པ་ཡིན་ན། བོད་མིའི་དཀའ་ངལ་དེ་སེལ་མི་ཐུབ་པས་མ་ཚད། དཀའ་ངལ་མུ་མཐུད་ནས་སྡོད་ཀྱི་རེད། ཕྱོགས་གཞན་ཞིག་ནི་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཕྱིན་པ་རེད། དེའི་སྐོར་ཁོང་ཚོས་རྣམ་འགྱུར་སྟོན་ཚར་བ་རེད། འོན་ཀྱང་རྗེས་སུ་ཁོང་ཚོས་ལས་ཀ་གང་འདྲ་ཞིག་བྱ་རྒྱུ་རེད་དམ་མ་རེད་ཟེར་བ་དེ་ཅུང་ཚོད་ཐིག་ཁག་པོ་རེད་ཟེར།

རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་རྒྱབ་ཤ་དཀར་པོ་ཟེར་བ་དང༌། ཉེ་ཆར་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བ་ཟེར་བའི་དུས་སྟོན་དེའི་ཐོག་ནས་ཀྱང་། ད་ཆ་བོད་མི་རྣམས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་གྲོལ་ཏེ། རང་ཁྱིམ་རང་དབང་དང༌། སྤྱི་ཚོགས་བརྟན་བརླིང། འཚོ་བ་བདེ་སྐྱིད། རིག་གནས་སྲུང་སྐྱོབ། སྣོད་བཅུད་འཛུགས་སྐྱོང༌། ཁོར་ཡུག་སྲུང་སྐྱོབ་བཅས་ལ་གྲུབ་འབྲས་ཆེན་པོ་ཐོན་ཏེ། ད་ཆ་བོད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་ཡོད་ཟེར་བ་དེར་ལན་འདེབས་གང་འདྲ་ཞིག་གནང་དགོས་པ་རེད་ཅེས་དྲིས་དུས།

ཁོང་གིས་གལ་སྲིད་དོན་དངོས་ཐོག་རྒྱ་ནག་གིས་བོད་ནང་དུ་ཡར་རྒྱས་བཏང་ཡོད་པ་ཡིན་ན། རྒྱ་ནག་གཞུང་གིས་ང་ཚོས་ཡར་རྒྱས་བཏང་ཡོད་ལབ་དགོས་ཀྱི་ཡོད་པ་མ་རེད། དངོས་གནས་ཀྱི་རྒྱ་གཞུང་གིས་བོད་མི་མང་ལ་བྱམས་པོ་དང༌། བོད་མིའི་ཆོས་དང་རིག་གཞུང་ཡར་རྒྱས་གཏོང་གིན་ཡོད་ན། བོད་མི་མང་གིས་ང་ཚོ་རྒྱ་ནག་གི་འོག་ནས་འཚོ་བ་སྐྱིད་པོ་འདུག ཡར་རྒྱས་གཏོང་གིན་འདུག་ལབ་ཀྱི་རེད། འོན་ཀྱང་ད་ལྟ་དེ་འདྲའི་གནས་སྟངས་ཆགས་ཡོད་པ་མ་རེད།

སོ་སོའི་སྲོག་བློས་བཏང་ནས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ག་ཚོད་ཅིག་ཡོད་པ་རེད། གལ་སྲིད་བོད་མི་མང་གིས་རྒྱ་ནག་གིས་ཡར་རྒྱས་གཏོང་གིན་འདུག་ལབ་པ་ཡིན་ན། རྒྱལ་སྤྱིས་རྒྱ་ནག་གིས་བོད་དེ་ཡར་རྒྱས་གཏོང་གི་ཡོད་པ་རེད། གང་ཡིན་ཟེར་ན་ཡར་རྒྱས་གཏོང་སའི་བོད་མི་མང་གིས་ལབ་ཀྱི་འདུག་ཅེས་བདེན་པར་འཛིན་གྱི་རེད། འོན་ཀྱང་དེ་ལས་ལྡོག་ཏེ་བོད་མི་མང་ལ་དེ་འདྲའི་རང་དབང་མེད་པ་དང༌། འཛུགས་སྐྲུན་དེ་བོད་མི་མང་ལ་ཕན་ཐོགས་མེད་པ་དེའི་རྐྱེན་པས་རྒྱ་ནག་གཞུང་གིས་༼རྒྱབ་ཤ་དཀར་པོ་༽ཟེར་བའི་དེབ་དེ་འདྲ་ཞིག་བཏོན་དགོས་ཐུག་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཚེས་༡༧ཉིན་ལྷ་ས་ནས་གུང་དཀར་བར་༼གནམ་ཐང་མྱུང་སྐྱོད་གཞུང་ལམ་ཤར་གཏོང་ཐུབ་པའི་མཛད་སྒོ་༽ཟེར་བ་ཞིག་ཚོགས་ཡོད་པ་དང༌། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཧའོ་ཕུང་གིས། དེ་སྔོན་བོད་རྙིང་པའི་སྐབས་སུ་བོད་ལ་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་ཡོད་པ་མ་རེད། འོན་ཀྱང་ལོ་ངོ་དྲུག་ཅུའི་རིང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅེས་བཤད་འདུག དེ་ལ་ལན་འདེབས་གང་འདྲ་གནང་རྒྱུ་ཡིན་ནམ་ཞེས་དྲིས་དུས།

སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གཞུང་ལམ་ཞིག་ཡོད་མེད་ཐོག་ལ་ཚད་བཞག་ནས་སྤྱི་ཚོགས་དེ་ཡར་རྒྱས་འགྲོ་མིན་བརྗོད་ཐུབ་ཀྱི་མ་རེད།  རྒྱ་ནག་གཞུང་གིས་གཞུང་ལམ་དེ་འདྲ་ཞིག་རྒྱག་དོན་ནི་རྒྱ་ནག་སོ་སོའི་ཁེ་བཟང་ལ་དམིགས་པ་ཞིག་རེད། གཞུང་ལམ་དེའི་ཐོག་ནས་དམག་མི་དང༌། གོ་མཚོན་རྣམས་མགྱོག་པོ་དབོར་འདྲེན་ཐུབ་ཆེད་རེད།

དངོས་གནས་འགྲོ་སྟངས་བྱས་པ་ཡིན་ན། འཛུགས་སྐྲུན་ཡར་རྒྱས་མ་གཏོང་བའི་སྔོན་དེར་འཛུགས་སྐྲུན་ཡར་རྒྱས་གཏོང་ཡུལ་ས་གནས་མི་མང་ལ་སྐད་ཆ་འདྲི་དགོས་ཀྱི་ཡོད་པ་རེད། ཁོང་ཚོར་དགོས་མཁོ་ག་རེ་འདུག་ཅེས་སྐད་ཆ་དྲིས་ནས་ཁོང་ཚོའི་འདོད་པ་གཞིར་བཟུང་འཛུགས་སྐྲུན་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

ཉེ་ཆར་རྒྱ་ནག་གི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བའི་དྲ་རྒྱ་དེའི་ནང་ཚེ་རིང་ཟེར་བ་ཞིག་གི་མིང་ཐོག་ནས། དེ་སྔོན་ཏཱ་ལའི་བླ་མས་ཁོང་ཉིད་ཆབ་སྲིད་ཀྱི་འགན་དབང་ལས་ཡོངས་སུ་དོར་ནས་ཆོས་ཀྱི་མཛད་པ་ཁོ་ན་སྐྱོང་རྒྱུ་ཡིན་ལུགས་གསུངས་ཡོད། འོན་ཀྱང་ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་ལ་ཁ་གཡར་ནས། བཀའ་བློན་ཟམ་གདོང་དང་བཀའ་བློན་གསར་པ་བློ་བཟང་སེངྒེ་གཉིས་ཀྱིས་གཡས་སྐྱོར་གཡོན་སྐྱོར་གྱིས། ཆབ་སྲིད་ཀྱི་བྱེད་སྒོ་མང་པོ་སྤེལ་ཡོད་སྟབས། དེའི་ཐོག་ནས་ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་བློས་བཏང་མེད་པ་གསལ་པོ་མཐོང་ཐུབ་ཅེས་བཤད་འདུག དེར་དགོངས་ཚུལ་གང་འདྲ་ཡོད་མེད་ཅེས་བཀའ་འདྲི་ཞུས་དུས།

ཁོང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གང་ཉིད་བོད་པ་ཞིག་ཡིན་སྟབས། བོད་པའི་གནད་དོན་དང༌། བོད་པའི་ཁེར་ཕན་སྲུང་སྐྱོབ་དང་ཁེ་ཕན་དར་རྒྱས་གཏོང་བར་༧རྒྱལ་བ་རིན་པོ་ཆེ་མཆོག་ཁོང་ཉིད་བོད་པའི་ཞིག་ཡིན་པའི་ཆ་ནས་འགན་འཁུར་ཡིན་གསུང་གི་ཡོད་པ་རེད། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་བཞག་པ་ཡིན་ནའང་སྔོན་མར་ཏཱ་ལའི་བླ་མ་ཟེར་དུས་བོད་དང་སོག་པོ་ཧི་མ་ལའི་རི་བརྒྱུད་ཀྱི་ནང་པ་ཚང་མའི་དབུ་ཁྲིད་ཅིག་ཆགས་བསྡད་ཡོད་པ་རེད། དེ་རིང་ཁ་སང་བོད་པ་དང༌། སོག་པོ། ཧི་མ་ལའི་རི་བརྒྱུད་ཙམ་མ་ཟད་པའི་འཛམ་གླིང་གི་མི་མང་ས་ཡ་མང་པོས་གུས་ཞབས་བྱེད་ས་འགོ་ཁྲིད་ཅིག་ཆགས་ཡོད་པ་རེད།

དེ་ཙམ་གྱི་གང་ཉིད་ལ་ཆེ་མཐོང་དང་གཟི་བྱིན་ཡོད་པ་རེད། དེའི་དབང་གིས་ད་ལྟ་བཀའ་བློན་ཁྲི་པ་གསར་པ་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཨ་རིའི་འགོ་ཁྲིད་ཚོར་ངོ་སྤྲོད་གནང་བ་དེ་༧རྒྱལ་བ་རིན་པོ་ཆེ་བོད་པ་ཞིག་ཡིན་པས་ལན་འགན་ཆགས་བསྡད་ཡོད་པ་རེད། གང་ཉིད་ཀྱིས་ད་ལྟའི་བཀའ་བློན་ཁྲི་པ་འདི་རེད། གསར་དུ་འོས་ཐོན་གྱི་བཀའ་བློན་ཁྲི་པ་འདི་རེད། སྤྱི་འཐུས་ཚོགས་གཙོ་འདི་རེད་ཅེས་ངོ་སྤྲོད་གནང་བ་ཙམ་རེད་མ་གཏོགས་བཀའ་བློན་ཁྲི་པར་ལས་ཀ་དེ་བྱོས་དེ་མ་བྱེད་ཅེས་བཀའ་གནང་གིན་ཡོད་པ་མ་རེད། ལམ་སྟོན་ཞུས་པ་ཡིན་ན་ངས་བསམས་འཆར་ཞུ་ཆོག་ཅེས་གསུངས་ཡོད་པ་ལས། གཞན་བཀའ་ཤག་གི་ལས་དོན་དང་སྤྱི་འཐུས་ཀྱི་ལས་དོན་དེ་འདྲ་བྱོས་འདི་འདྲ་བྱོས་ཞེས་གསུང་གིན་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།

རྒྱ་ནག་གིས་འདས་པའི་ལོ་ངོ་༧༠༠ལྷག་ཙམ་རིང་བོད་དེ་རྒྱལ་ཁབ་དང་རང་བཙན་གྱི་རྣམ་པ་ཞིག་རྩ་བ་ནས་ཆགས་མྱོང་ཡོད་པ་མ་རེད། མ་ཚད་འཛམ་གླིང་གི་སྲིད་གཞུང་ཁག་དང་རྒྱ་ཁབ་སུ་ཞིག་གིས་ཀྱང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་རེད་ཟེར། དེ་ལ་ལན་འདེབས་གང་འདྲ་གནང་དགོས་ཀྱི་ཡོད་པ་རེད་ཅེས་དྲིས་དུས།

སྐུ་ངོ་ལགས་ཀྱིས་དེ་སྔོན་ཕྱི་ལོ་༨༢༡དང་༨༢༢གང་རུང་ཞིག་ལ་དེའི་སྐབས་སུ་ཁྲི་སྲོང་གི་སྐབས་སུ་བོད་དང་རྒྱ་ནག་དབར་ རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་ཆིངས་ཡིག་བཞག་པ་རེད། དེ་རྒྱལ་ཁབ་གཉིས་དབར་འདྲ་མཉམ་གྱི་ཐོག་ནས་བཞག་པ་ཞིག་རེད། ཕྱིས་སུ་ཕྱི་ལོ་༡༩༡༤ལོར་རྒྱ་ནག་གོ་མིང་ཏང་གཞུང་དང༌། རྒྱ་གར་དབྱིན་གཞུང༌། བོད་བཅས་ཀྱི་དབར་བོད་རང་བཙན་གྱི་ངོ་བོ་ཐོག་ནས་ཤིང་སྟག་སིམ་ལའི་ཆིངས་ཡིག་དེ་བཞག་རེད། ཆིངས་ཡིག་ཟེར་བ་དེ། ང་ཚོས་རང་བཙན་ཡིན་པ་ངོས་ལེན་བྱེད་ཀྱི་མེད། འོན་ཀྱང་ཆིངས་ཡིག་འཇོག་པར་ཤོག་ཟེར་གྱི་མ་རེད། ང་ཚོར་རྒྱལ་ཁབ་ཅིག་གི་དབང་ཚད་ཆ་ཚང་ཡོད་པར་ངོས་འཛིན་བྱས་ནས་འདྲ་མཉམ་ཐོག་ཆིངས་ཡིག་བཞག་པ་ཞིག་རེད།

དེ་རིང་ཁ་སང་གོ་ཐོས་ལྟར་ན། ཕྱི་ལོ་༡༩༡༣ལོར་བོད་དང་སོག་པོ་དབར་ཆིངས་ཡིག་ཅིག་བཞག་ཡོད་པ་གོ་རྒྱུ་འདུག ཕྱིས་སུ་ཆིངས་ཡིག་དོན་ཚན་༡༧ཟེར་བ་དེ་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད། གལ་སྲིད་བོད་དེ་རྒྱ་ནག་གི་མངའ་འོག་ལ་ཡོད་པ་ཡིན་ན་ཆིངས་ཡིག་དེ་འདྲ་བཞག་དགོས་པ་ཡོད་པ་མ་རེད། དེ་ནི་ཁོང་ཚོས་བཙན་འཛུལ་བྱས་རྗེས་བཙན་འཛུལ་དེ་ཁྲིམས་ཐོག་ནས་ཁྲིམས་མཐུན་སྒྱུར་ཆེད་དུ་བོད་དང་ཆིངས་ཡིག་བཞག་པ་ཞིག་རེད། བོད་དེ་སྔར་ཁྲིམས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ན། ཆིངས་ཡིག་བཞག་དགོས་པ་ཡོད་མ་རེད་ཅེས་གསུངས་སོང་།

རྒྱ་ནག་གཞུང་གིས་ཆིངས་ཡིག་དོན་ཚན་༡༧ཟེར་བ་དེ་ཏང་ཀྲུང་དབྱང་སྲིད་གཞུང་དང༌། བོད་ས་གནས་སྲིད་གཞུང་གཉིས་དབར་གཉིས་མོས་ཀྱི་ཐོག་ནས་བཞག་པ་རེད་ཟེར། དེ་གཉིས་མོལ་གྱི་ཐོག་ནས་བཞག་པ་ཞིག་ཆགས་ཀྱི་ཡོད་པ་རེད་དམ་ཞེས་བཀའ་འདྲི་ཞུས་པས།

སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་སྐབས་དེར་ཆིངས་ཡིག་བཞག་དུས་ངག་ཕོད་ངག་དབང་འཇིགས་མེད་སོགས་ལ་རྒྱ་ནག་གཞུང་གིས་སྡིག་ར་སྐུལ་བ་རེད། ཁྱེད་ཚོར་དྲག་པོ་བཅིངས་འགྲོལ་དགོས་སམ་ཡང་ན་ཞི་བས་བཅིངས་འགྲོལ་དགོས་ཞེས་བཤད་པ་རེད། དྲག་པོའི་བཅིངས་འགྲོལ་དགོས་སུས་ཀྱང་ལབ་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།