ཐའེ་ཝན་གྲོགས་པོ་ནི་རྟག་ཏུ་ཁྱེད་ཚོའི་རྒྱབ་ཏུ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

མ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༣ཉིན། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང་ཐའེ་ཝན་གྱི་སློབ་ཆེན་སློབ་མ་ཁག་ཅིག་དྷ་རམ་ས་ལར་འབྱོར་ནས། བདུན་ཕྲག་༢རིང་བོད་མིའི་རིག་གཞུང་དང་གནས་སྟངས་སྐོར་རྒྱུས་ལོན་བྱ་རྒྱུ་རེད་འདུག་ལ། ལྟ་སྐོར་ཚོགས་ཆུང་དེའི་ནང་ཐའེ་ཝན་གྱི་སློབ་ཆེན་ཁག་༢ནས་སློབ་མ་གྲངས་༡༨དང༌། དགེ་རྒན་༢། སྣེ་ཁྲིད་འགན་འཛིན་༡བཅས་ཁྱོན་མི་གྲངས་༢༡ཕེབས་འདུག

ལྟ་སྐོར་ཚོགས་ཆུང་དེ་ཟླ་འདིའི་ཚེས་༡༤ཉིན་དྷ་སར་འབྱོར་ཞིང༌། བདུན་ཕྲག་དང་པོར་བོད་ཀྱི་བུད་མེད་ལྷན་ཚོགས་དང༌། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཐེའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང༌། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས། དབུས་སྣེ་ལེན་ཁང༌། གཞན་ཡང་དགོན་སྡེ་གྲྭ་ཚང་དང་། སློབ་གྲྭ་ཁག་ཅིག་གི་ནང་ལྟ་སྐོར་བྱས་ཡོད་པ་དང་། བདུན་ཕྲག་༢པར་སློབ་མ་རྣམས་སྡེ་ཚན་༢དང་༣གང་རུང་ལ་ཆ་བགོས་ཀྱིས་སློབ་མ་སོ་སོའི་འདོད་མོས་བཞིན་ལས་འཆར་ཁག་ཅིག་བཀོད་སྒྲིག་བྱས་ཡོད་འདུག

ཐེངས་འདིར་ལྟ་སྐོར་དུ་ཡོང་མཁན་སློབ་མ་ཁྲའེ་ཧུན་ཚའེ་ཡིས། བོད་ནང་དུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དཀའ་ངལ་ཞིག་རེད། འོན་ཀྱང་ཐའེ་ཝན་ལ་མཚོན་ན་དེའི་དཀའ་ངལ་ཉུང་བ་ཡོད་པ་རེད་བསམས་ཀྱི་འདུག་ཅེས་དང༌། ཡང་ཁོང་གིས་རྒྱ་ནག་དང་ཐའེ་ཝན་དབར་གནས་ཚུལ་ཛ་དྲག་ཡིན་ལུགས་དང༌། བོད་མི་དང་ཐའེ་ཝན་མི་མང་དབར་ལས་དོན་མཉམ་དུ་བསྒྲུབ་རྒྱུར་འདོད་མོས་ཆེན་པོ་ཡོད་ལུགས་བཅས་འགྲེལ་བརྗོད་གནང་སོང༌།

སློབ་མ་ཁྲའོ་མིད་ཛི་ཡིས་ཁོང་མོའི་སློབ་གྲྭ་ནང་སློབ་གྲོགས་བོད་མི་ཞིག་ཡོད་པ་དང༌། ཁོང་དང་ལྷན་དུ་བོད་ནང་གི་གནས་སྟངས་སྐོར་བགྲོ་གླེང་ཐེངས་མང་གནང་མྱོང་ཡོད་ཅེས་དང༌། ཁོ་མོའི་ཁྱིམ་ཚང་ནི་ནང་པ་ཞིག་ཡིན་སྟབས་ཁོང་ཚོས་རྟགས་ཏུ་བོད་མིའི་གནས་སྟངས་སྐོར་གླེང་མོལ་བྱེད་ཀྱིན་ཡོད་འདུག ཡང་ཁོ་མོས་ཐའེ་ཝན་གྱི་སློབ་མ་མང་པོ་ཞིག་གིས་རྒྱ་ནག་གི་ལོ་རྒྱུས་ལ་སློབ་སྦྱོང་དང༌། བོད་པའི་སྐོར་དེབ་ཀློག་པ། ཁྲོམ་གཞུང་དུ་ཐོན་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སོགས་སྤེལ་གྱི་ཡོད་པ་རེད།  ཐེངས་འདིར་ང་ཚོ་དྷ་སར་ཡོང་དོན་ནི་བོད་མིའི་སྐོར་གནས་ཚུལ་དེ་ལས་མང་པ་ཤེས་རྟོགས་ཐུབ་ཆེད་ཡིན་ཞེས་གསུངས་སོང༌།

ཚོགས་ཆུང་གི་འགོ་ཁྲིད་དབྱིན་ཝན་ཧུའེ་ཡིས། ཐེངས་འདིར་ཡོང་བའི་སློབ་མ་ཚོས་ཐའེ་ཝན་ལ་ཕྱིར་ལོག་རྗེས། དཔེར་ན་བོད་མི་ཆབ་སྲིད་བཙོན་པ་དེ་ཚོའི་ལོ་རྒྱུས་རྒྱ་ཡིག་ནང་སྒྱུར་རྒྱུ་ཐེ་བའི་དེབ་དང་གསར་འགྱུར་བརྒྱུད་ལམ་བཅས་ནས་བོད་དོན་རྒྱབ་སྐྱོར་ཐད་ལས་དོན་མུ་མཐུད་ནས་སྤེལ་རྒྱུ་ཡིན་ལུགས་བརྗོད་ཀྱི་འདུག་ཅེས་དང༌། ཡང་ཁོང་གིས། བདུན་ཕྲག་འདིར་སློབ་མ་རྣམས་དྷ་རམ་ས་ལའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་འཆར་ཁག་ཅིག་འགོ་འཛུགས་བྱས་ཡོད།

ལས་འཆར་དང་པོ། བོད་ནས་རྒྱ་གར་དུ་བྲོས་བྱོལ་ཡོང་མཁན་ཆབ་སྲིད་བཙོན་པ་རྩོམ་པ་པོ་ཞིག་དང༌། རྒྱ་གར་ནང་འཚར་ལོངས་བྱུང་བའི་རྩོམ་པ་གཅིག་བཅས་སློབ་མ་རྣམས་ཀྱིས་ཁོང་གཉིས་དང་ལྷན་དུ་བསམས་ཚུལ་སྤེལ་རེས་བྱ་རྒྱུ་དང༌། ལས་འཆར་གཉིས་པ། བོད་མིའི་ཁ་ལག་དང༌། ཁག་ལག་བརྒྱུད་ནས་བོད་མིའི་རིག་གཞུང་གི་ངོ་བོ་ཇི་ལྟར་མཚོན་གྱི་ཡོད་མེད་སྐོར་ཉམས་ཞིབ་སློབ་སྦྱོང་བྱ་རྒྱུ།

ལས་འཆར་གསུམ་པ། དྷ་རམ་ས་ལའི་བོད་མིའི་རོལ་དབྱངས་ཞབས་བྲོ་དང༌། བོད་ནང་གི་རོལ་དབྱངས་ཞབས་བྲོ་བཅས་ཀྱི་དབར་ཞིབ་བསྡུར་དང༌། རྒྱ་གར་གྱི་རིག་གཞུང་གིས་བོད་མིའི་སྒྱུར་རྩལ་དེ་དག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱིན་ཡོད་མེད། བོད་མིའི་སྤྱི་ཚོགས་ནང་བོད་མིའི་སྲོལ་རྒྱུན་གྱི་རིག་གཞུང་གཅེས་ཉར་བྱེད་པར་བོད་མི་གཞོན་སྐྱེས་དང་མི་རབས་རྒན་པ་དབར་གྱི་བར་ཁྱད་བཅས་ཀྱི་སྐོར་ཉམས་ཞིབ་སློབ་སྦྱོང་བྱ་རྒྱུ། གཞན་ཡང་སློབ་ཕྲུག་ཁག་ཅིག་གིས་བོད་ནང་དང་བཙན་བྱོལ་བོད་མིའི་ཆབ་སྲིད་དང༌། སྤྱི་ཚོགས། རིག་གཞུང༌། མི་ཚེའི་ལོ་རྒྱུས་བཅས་ཀྱི་སྐོར་ཉམས་ཞིབ་དང་རྒྱུས་ལོན་བྱ་རྒྱུ་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

ཡང་སློབ་མ་ཁྲའོ་མིད་ཛི་ཡིས། སློབ་མ་ཚོས་བཙན་བྱོལ་བོད་མིས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་འདུག་ཅེས་བརྗོད་ཀྱི་འདུག་ལ། སློབ་མ་ཚོའི་ནང་བསམ་ཚུལ་འདྲ་མིན་ཞིག་ཡོང་གི་ཡོད་པ་ནི། ཁག་ཅིག་གིས་རང་དབང༌དང་རང་བཙན། ཁག་ཅིག་གིས་ཏཱ་ལའི་བླ་མ་མཆོག་དང༌། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་དོན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གིན་འདུག

སྤྱི་ཡོངས་ཀྱི་ཆ་ནས་སློབ་མ་མང་ཆེ་བས་བོད་མིས་སོ་སོའི་ཆོས་དང༌། རིག་གཞུང༌། ཐོབ་ཐང་བཅས་སྲུང་སྐྱོབ་བྱེད་པར་རང་བཙན་རྩོད་ལེན་བྱེད་དགོས་ལུགས་དང༌། ཞི་བདེ་དང་གུས་བརྩི་ཡིན་ནི་དེ་ལས་ཀྱང་ཧ་ཅང་གི་གལ་གནད་ཆེ་བ་ཡིན་ལུགས་གསུང་གིན་འདུག ངོས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། འོན་ཀྱང་གལ་སྲིད་བོད་མི་ཚོས་ཁོང་ཚོའི་རིག་གཞུང་དང་ཐོབ་ཐང་སྲུང་སྐྱོབ་ཐུབ་ན། ཐབས་ལམ་གཉིས་ཀ་ཡག་པོ་འདུག་བསམས་ཀྱི་འདུག་ཅེས་གསུངས་སོང༌།

ཁྲའེ་ཧུན་ཚའེ་ཡིས་དབུ་མའི་ལམ་ནང་བོད་མི་ཚོར་ས་ཆ་དང་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད་པ་རེད། དེར་བརྟེན་རྒྱ་ནག་ལ་བོད་པའི་ས་ཆ་དང་རང་བྱུང་ཐོན་ཁུངས་དེ་དགོས་ཀྱི་ཡོད་སྟབས། ཁོང་ཚོས་དབུ་མའི་ལམ་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། རྒྱ་ནག་གིས་བོད་མི་ཚོར་རོགས་རམ་བྱེད་བཞིན་ཡོད་བསམས་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཁོང་རང་གི་ཁེ་བཟང་ནི་ཇེ་མང་ནས་ཇེ་མང་དང༌། བོད་མིར་ཐོབ་བྱ་ནི་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་སོང༌།

ཐའེ་ཝན་གྱི་སློབ་མ་ཚོས། འཛམ་གླིང་མི་མང་གིས་བོད་མིའི་ཁྱད་ནོར་ངོས་འཛིན་ཐོག བོད་པའི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་གིན་ཡོད་པ་དང། བོད་མི་སོ་སོས་རེ་བ་མ་བརླག་པར་རེ་བ་མུ་མཐུད་ནས་ཉར་དགོས་སྐོར་སོགས་སེམས་ཤུགས་སྤེལ་བ་དང༌། སྐབས་དེར་ལཱན་ཕི་ཡུས་ཀྱིས་སློབ་མ་ཚོས་བོད་པའི་མ་འོངས་འཐབ་རྩོད་དང༌། བོད་པའི་སྐོར་རྒྱུས་ལོན་མང་ཙམ་གནང་དགོས་སྐོར་གསུངས་ཡོད།

སློབ་མ་ཁྲུན་ཨན་ཁྲན་གྱིས། ཁྱེད་རང་ས་ཆ་གང་དུ་སྡོད་ཀྱང་གནད་འགག་མེད། གལ་ཆེ་ཤོས་ཁྱེད་རང་གི་སྐད་ཡིག་དང༌། ཆོས་ལུགས། ལོ་རྒྱུས། རིག་གཞུང་བཅས་མ་བརྗེད་པ་བྱེད་དགོས་ལ། ཁྱེད་ཀྱིས་བོད་རང་བཙན་འཐབ་རྩོད་བྱེད་དུས། སེམས་ནང་གི་ཞི་བདེ་དེ་ཡང་བརྗེད་མི་ཉན་ཞེས་དང༌། ཡང་སློབ་མ་ཡུ་ཝན་ཧུའེ་ཡིས། བོད་དེ་ག་རེ་ཡིན་མིན་དང༌། ཁྱེད་རང་སུ་ཡིན་མིན་ག་དུས་ཡིན་རུང་མ་བརྗེད་པ་བྱེད་དགོས། འཐབ་རྩོད་ལ་སྐྲག་མི་དགོས་ལ།  འཐབ་རྩོད་བློས་གཏོང་མི་ཉན། ཐའེ་ཝན་གྲོགས་པོ་ཚོ་ནི་རྟག་ཏུ་ཁྱེད་ཚོ་དང་ལྷན་དུ་ཡོད་པ་རེད་ཅེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༥༢༠༡༡༢༠༠༠
དངོས་ནས་ཡག་པོ་ཞི་གྲག་འདུག་ཐ་ཝེན་སྤུན་ཟླ་ཚོ།།



བརྗོད་གཞི་གཞན་ཁག་ལ་གཟིགས།