དགོངས་ཚུལ།

ཁེ་ན་ཌས་ལོ་༥ནང་བོད་མི་༡༠༠༠ཐམ་པ་བླང་གཏན་ཁེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༠ཉིན། ཕྱི་ལོ་༢༠༠༧ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་ཧར་ཕེར་མཆོག་ལ་རེ་སྐུལ་གནང་དོན་ལྟར། ཁེ་ན་ཌ་གཞུང་གིས་མ་འོངས་ལོ་༥ནང༌རྒྱ་གར་བྱང་ཕྱོགས་ཨ་རུ་ཎ་ཅལ་མངའ་སྡེ་ནས་བོད་མི་༡༠༠༠ཐམ་པ་སྐྱབས་བཅོལ་དུ་བླང་རྒྱུ་ཡིན་ལུགས་གསལ་བསྒྲགས་གནང་ཡོད་ལ། ཕྱི་ལོ་༢༠༡༠ཟླ་༡༢པའི་ཚེས་༡༨ཉིན་ཁེ་ན་ཌ་གཞུང་གིས་ལས་འཆར་དེའི་སྐོར་དངོས་སུ་ལག་བསྟར་གྲ་སྒྲིག་བྱེད་ཀྱིན་ཡོད་སྐོར་བརྗོད་ཡོད་སྟབས། ལས་དོན་དེའི་སྐོར་འདི་གའི་གསར་ཁང་གིས་ཁེ་ན་ཌ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཌེར་མོ་ཌི་ལགས་སུ་གནས་ཚུལ་ཁག་ཅིག་རྒྱུས་ལོན་བྱས་ཡོད།

སྐུ་ཞབས་ཌེར་མོ་ཌི་ལགས་ཀྱིས། ཕྱི་ལོ་༢༠༠༧ཟླ་༡༠ནས་བཟུང་སྟེ། ཁེ་ན་ཌ་གཞུང་དང་ཁེ་ན་ཌ་གནས་སྡོད་བོད་མི་དང་ཁོང་ཚོའི་རིག་གཞུང་དང་ལས་དོན་ཐད་བར་ཐག་ཉེ་རུང་བཏང་ཡོད་ལ། ལྷག་པར་དུ་ཁེ་ན་ཌ་གཞུང་གི་ལས་བྱེད་མི་སྣ་དང་རྒྱ་གར་གཞུང་སོགས་དང་ལྷན་དུ་གྲོས་སྡུར་མང་པོ་བྱས་ཡོད་ཅིང་འདས་པའི་ལོ་ངོ་༤རིང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་དོན་དེའི་ཐད་འབད་བརྩོན་གང་ཡོང་བྱས་ཡོད། དེར་བརྟེན་ང་ཚོས་ལས་འཆར་དེ་ལམ་ལྷོང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད་ལ། དེ་ནི་མི་སྒེར་སོ་སོའི་མི་ཚེ་ལའང་འཚོ་བ་གསར་པ་ཞིག་དང་གོ་སྐབས་བཟང་པོ་ཞིག་མཐོང་གིན་འདུག་ཅེས་གསུངས་འདུག

ཡང་ཁོང་གིས། ༧གོང་ས་མཆོག་གིས་རེ་སྐུལ་གནང་དོན་ལྟར་ཁེ་ན་ཌ་གཞུང་གིས་བོད་༡༠༠༠ཐམ་པ་དེ་རྒྱ་གར་བྱང་ཕྱོགས་ཨ་རུ་ཎ་ཅལ་མངའ་སྡེ་ཁོ་ན་ནས་ལེན་རྒྱུ་དང༌། བོད་མི་རྣམས་ཁྱིམ་ཚང་མཉམ་དུ་གཞིས་སྤོ་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། བོད་མི་དེ་དག་གི་གནས་ཚུལ་དང་ལོ་རྒྱུས་ཞིབ་འཇུག་གཙང་མའི་ཐོག ཕྱི་གསལ་ནང་གསལ་གྱི་ལས་དོན་སྤེལ་ནས། བོད་མི་༡༠༠༠ཐམ་པ་དེ་མ་འོངས་ལོ་༥ནང་གཞིས་སྤོ་གྲུབ་པ་བྱ་རྒྱུ་དང༌། ཁེ་ན་ཌ་བོད་རིགས་ཚོགས་པའི་ངོ་ནས་ལོ་རེར་བོད་མི་༡༠༠ནས་༣༠༠བར་རེ་བླང་རྒྱུའི་འབད་བརྩོན་གནང་གིན་ཡོད་ལ། ཐེངས་དང་པོ་དེ་ཕྱི་ལོ་༢༠༡༢ནང་བླང་རྒྱུ་དང༌། གལ་སྲིད་ཐོ་འགོད་བྱེད་མཁན་བོད་མི་༡༠༠༠ལས་མང་བ་ཡོད་ཚེ་རྒྱན་རྒྱག་གི་ལམ་ནས་འདེམས་སྒྲུབ་བྱ་རྒྱུ་རེད།

ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མི་དེ་དག་གཅིག་ནི་ས་ཐག་རིང་བ་དང༌། གཉིས་ནི་འཚོ་བའི་གནས་སྟངས་ཧ་ཅང་ཞན་པོ་ཡིན་སྟབས། ༧གོང་ས་མཆོག་གིས་ས་ཁུལ་དེར་གནས་སྡོད་བྱས་ཡོད་པའི་བོད་མི་རྣམས་ཁེ་ན་ཌ་གཞུང་ལ་གཞིས་སྤོའི་ཁོངས་སུ་ལེན་རྒྱུར་རེ་སྐུལ་གནང་བ་ཞིག་རེད། ས་ཁུལ་དེར་ཡོད་པའི་བོད་མི་མང་ཆེ་བ་སྐྱོ་པོ་ཡིན་པར་བརྟེན། བུ་ཕྲུག་ཁག་ཅིག་དྷ་རམ་ས་ལ་རུ་སློབ་སྦྱོང་བྱེད་ཀྱིན་ཡོད་ཀྱང༌། དགུང་སེང་སྐབས་ཁོང་ཚོར་ལྟ་རྟོགས་བྱ་རྒྱུ་ལའང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

འདི་ལོ་ལོ་སྟོད་དུ་ཁེ་ན་ཌ་བོད་རིགས་ཚོགས་པའི་ཚོགས་མི་ཁག་ཅིག་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གཉིས་ནང་ལྟ་སྐོར་དུ་བསྐྱོད་པ་དང༌། གཞིས་ཆགས་གཅིག་ལ་གནས་སྡོད་བྱེད་མཁན་བོད་མི་༣༠༠ཙམ་དང༌། གཞན་དེར་༤༠༠ཙམ་འདུག དོ་དངོས་སུ་ཁྱིམ་ཚང་རེ་ནས་མི་རེ་ལེན་རྒྱུར་གཏན་ཁེལ་བ་ཞིག་རེད།

ལས་འཆར་འདིའི་ཆེད་བོད་མི་དེ་ཚོར་རྒྱ་གར་གྱི་ Identity Certificate དེབ་སེར་པོའི་ཐོག་ནས་འགོ་འཛུགས་བྱ་རྒྱུ་ཡིན་པ་དང༌། གལ་སྲིད་ཁོང་ཚོར་ཁེ་ན་ཌའི་ནང་གཏན་སྡོད་ཆོག་པ་བྱུང་ཚེ། ལོ་ངོ་༣གྱི་རྗེས་ནས་ཕྱིར་རྒྱ་གར་ལ་འགྲོ་སྐྱོད་བྱེད་པའི་ཆོག་མཆན་ཐོབ་རྒྱུ་དང༌། གལ་སྲིད་ཁོང་ཚོར་ཐོབ་ཐང་དེ་མ་རག་ཚེ་གོ་སྐབས་དེ་ཐོབ་རྒྱུ་ཁག་པོ་ཆགས་སྲིད་ཅེས་འགྲེལ་བརྗོད་གནང་འདུག

བོད་མི་དེ་དག་ཁེ་ན་ཌར་འབྱོར་རྗེས། ཁེ་ན་ཌ་བོད་རིགས་ཚོགས་པས་གཞིས་སྤོ་བོད་མི་རྣམས་ཀྱི་ཆེད་སྦྱིན་བདག་རོགས་རམ་བྱེད་མཁན་སྡེ་ཚན་ལས་འཆར་ཁག་༥ལ་བགོས་ཡོད་ཅིང༌། གསར་དུ་འབྱོར་བའི་བོད་མི་རེར་རོགས་པ་བྱེད་མཁན་ཁག་༥དང༌། ཡང་ཁེ་ན་ཌའི་མི་མང་རང་ངོས་ནས་རོགས་པ་བྱེད་མཁན་ཡང་ཡོང་ནས། ཁོང་ཚོར་དཔལ་འབྱོར་ཐད་སྡོད་ཁང་དང་ལས་ཀ་འཚོལ་རོགས་བྱེད་པ་དང་། བྱིས་པ་རྣམས་སློབ་སྦྱོང་བྱེད་སའི་སློབ་གྲྭ་འཇུག་རྒྱུ་སོགས་ལ་རོགས་རམ་གང་ཐུབ་གནང་འཆར་ཡོད་འདུག

ཁེ་ན་ཌ་བོད་རིགས་ཚོགས་པས་གཞིས་སྤོ་རུ་ཡོང་མཁན་བོད་མི་དེ་ཚོ་ཞིང་ལས་དང༌། ལག་ཤེས་ཀྱི་སྒང་ནས་ལས་རིགས་འདྲ་མིན་བྱེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་འདུག་ལ། མ་ཚད་ཁོང་ཚོའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཐད་ལའང་གང་ཐུབ་རོགས་རམ་གནང་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་ཡོད་འདུག

ད་ལྟའི་ཆར་ཁྱོན་བོད་མི་༥༠༠༠ཙམ་ཁེ་ན་ཌའི་མངའ་སྡེ་ཨོན་ཊ་རེའོ་ནང་གནས་སྡོད་བྱས་ཡོད་ཅིང༌། ཐོག་མར་ཕྱི་ལོ་༡༩༦༧ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཡུལ་སྡེ་ཁག་ལ་བོད་མི་སྐྱབས་བཅོལ་བ་ལེན་རྒྱུར་རེ་སྐུལ་གནང་ཡོད་སྟབས། ཕྱི་ལོ་༡༩༧༡ལོར་ཁེ་ན་ཌ་གཞུང་གིས་བོད་མི་༢༢༨སྐྱབས་བཅོལ་དུ་བླངས་ཡོད། སྐབས་དེར་ལོ་ངོ་༣རིང་ཁེ་ན་ཌ་གཞུང་གིས་སྐྱབས་བཅོལ་བོད་མི་རྣམས་ཀྱི་ཟས་གོས་དང་འགྲིམ་འགྲུལ་བཅས་ཀྱི་ཆེད། ཨ་སྒོར་༥༥༥༠༠༠ཙམ་རོགས་རམ་གནང་ཡོད། Canada Tibetan www.youtube.com གོང་གི་དྲ་ཐག་འདིའི་བརྒྱུད་ཁེ་ན་ཌ་བོད་མིའི་སྐོར་གནས་ཚུལ་དེ་ལས་མང་བ་ཁྱེད་ཀྱིས་ཤེས་རྟོགས་ཡོང་ངེས་ཡིན་པས་དེ་དོན་དགོངས་འཇགས་འཚལ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།