ལོ་འཁོར་དྲུག་ཅུའི་མཛད་སྒོའི་མདུན་གྱི་གཤིན་པོ་དྲུག་ཅུའི་སྐུ་ཕུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༠ཉིན། སྤྱིར་ན་མི་སེར་སྤེལ་མཁན་གྱི་བཙན་རྒྱལ་རིང་ལུགས་པ་དག་གིས། མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དང་ས་ཁུལ་གང་རུང་ནང་ང་ཚོ་སླེབས་པ་ནས་བཟུང་ཡུལ་ལུང་འདི་ཡར་རྒྱས་ཕྱིན་རབས་དང༌། གལ་སྲིད་ང་ཚོ་མེད་པ་ཡིན་ན། ཁྱོད་ཚོར་མཚར་སྡུག་འོད་སྟོང་འབར་བའི་དེ་རིང་གི་འཚོ་བ་འདི་མེད་རབས་དྲིལ་སྒྲོག་པ་ནི། བཙན་རྒྱལ་རིང་ལུགས་པ་དག་གི་ཐུན་མོང་གི་མཚུངས་ཆོས་ཡིན།

རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བ་ཟེར་བའི་དུས་དྲན་གྱི་བྱེད་སྒོ་དེའི་ཐོག རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ལྷ་སར་ཡོང་ནས། འཁྲབ་སྟོན་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་བཞིན་པར་བརྟེན། དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

གསར་འགོད་གསལ་བསྒྲགས་དེའི་ནང་སྤྱིར་ན་མི་སེར་སྤེལ་མཁན་གྱི་བཙན་རྒྱལ་རིང་ལུགས་པ་དག་གིས། མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དང་ས་ཁུལ་གང་རུང་ནང་ང་ཚོ་སླེབས་པ་ནས་བཟུང་ཡུལ་ལུང་འདི་ཡར་རྒྱས་ཕྱིན་རབས་དང༌། གལ་སྲིད་ང་ཚོ་མེད་པ་ཡིན་ན། ཁྱོད་ཚོར་མཚར་སྡུག་འོད་སྟོང་འབར་བའི་དེ་རིང་གི་འཚོ་བ་འདི་མེད་རབས་དྲིལ་སྒྲོག་པ་ནི། བཙན་རྒྱལ་རིང་ལུགས་པ་དག་གི་ཐུན་མོང་གི་མཚུངས་ཆོས་ཡིན་ལ།  དེ་རིང་གི་རྒྱ་དམར་བཙན་འཛུལ་བས་༼བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་དྲུག་བཅུ་འཁོར་བ༽ཟེར་བའི་བྱེད་སྒོའི་ཐོག་ཁྲ་ཁྲ་ཟང་ཟིང་བྱེད་ཀྱིན་པའང་ངན་སྲོལ་དེ་ལས་མ་འདས་པས། དེར་ཧ་ལས་ཧོན་འཐོར་བྱེད་མཁན་ཡོད་མི་སྲིད་ལ། ཡང་གཅིག་བཤད་ན། རྒྱ་གཞུང་གིས་སོ་སོའི་བྱས་ངན་ངོ་གསོར་འཁྱེར་ནས་དེ་ལྟར་དཀྲོག་རྐྱེན་སློང་བའང་ད་རེབས་གཅིག་བུ་ག་ལ་ཡིན།

མ་ཟད་རྒྱ་གཞུང་གིས་ལོ་དྲུག་ཅུའི་རིང་བོད་ལ་དྲག་པོའི་དབང་བསྒྱུར་བྱས་པའི་ངན་འབྲས་ས་རིས་ཐང་གསལ་ཆགས་ཡོད་ཀྱང༌། དེར་དྲངས་ཕྱོགས་ཀྱི་ངེས་ལེན་བྱེད་རྒྱུས་ཚབ་ཏུ།  ད་ཐེངས་ལོ་དྲུག་ཅུའི་དུས་དྲན་ཟེར་བའི་སྐབས་དང་བསྟུན་ནས།  མ་འགྲིག་མ་འཐུས་པ་ཚང་མ་༼ལ་ཕར་རྒྱབ་ཀྱི་ཏཱ་ལའི་རུ་ཚོགས༽   མགོར་གཡོག་བཞིན་པ་ནི་རྒྱུན་སྲོལ་ཙམ་དུ་འཁུམས་ཀྱང༌། ཆེས་བློ་ཕན་གྱི་རང་བཞིན་ནི། རྒྱ་དམར་གཞུང་གི་དཔོན་རབས་ལྔ་བར་བཤད་པའི་ཞི་ཅིན་ཕིང་སོགས་ཀྱང་སྔ་ཤུལ་སྔ་ལམ་དུ་ཞུགས་མཁན་རྐྱང་ཡིན་པའི་གདོང་རུས་དམར་རྗེན་དུ་མངོན་པ་དེ་རེད་ཅེས་གསུངས་སོང༌།

ཡང་གསར་འགོད་གསལ་བསྒྲགས་དེའི་ནང༌།  དེ་ཡང་གཞུང་ལུགས་ཀྱི་ཆ་ནས་དབྱེ་ན། མི་སེར་སྤེལ་མཁན་གྱི་གཞུང་ལ་རྣམ་གྲངས་གཉིས་དགར་སྲོལ་ཡོད་པ་ནི། འཛུགས་སྐྲུན་རང་བཞིན་གྱི་མི་སེར་སྤེལ་མཁན་གཞུང་དང༌། གཏོར་སྐྱོན་རང་བཞིན་གྱི་མི་སེར་སྤེལ་མཁན་གཞུང་གཉིས་པོ་དེ་ཡིན་ན། རྒྱ་དམར་གཞུང་ནི་ཕྱི་མ་ཡིན་པ་དང༌།   དེའི་སྒྲུབ་བྱེད་ཚད་དང་ལྡན་པ་ཞིག་ནི། རྒྱ་གཞུང་གིས་བོད་ནང་ཐོག་མར་བཙན་འཛུལ་བྱེད་སྐབས།      བོད་ཀྱི་མི་གྲངས་ས་ཡ་དྲུག་ལྷག་གི་ནང་ནས་ཆིག་འབུམ་ཉིས་ཁྲི་ལྷགས་དུས་མིན་རྐྱེན་ལམ་དུ་སོང་བ་དེ་ལས་གསལ་བོ་མཚོན་ཞིང༌། མདོར་ན་མི་དྲུག་གི་ནང་ནས་གཅིག་དང་གྲངས་ཆུང་གཉིས་བསད་པ་དང་༼རྐྱེན་ཤི་བྱུང་བ་ནི༽དེང་གི་རྒྱལ་སྤྱིའི་ཁྲིམས་སྲོལ་ལ་རིགས་རྒྱུད་རྩ་མེད་རིང་ལུགས་ཀྱི་སྲིད་ཇུས་དང་སྒོ་ཀུན་ནས་མཐུན་ལ། ཡང་དེ་སྔར་རྒྱ་གཞུང་གི་གསང་ཡིག་འགར། རྒྱ་དམར་གཞུང་གིས་༼བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཆེད་༽ཉིང་རྡུལ་དྲག་དམག་དཔུང་སྡེ་བོད་ལ་བཏང་བའི་སྐོར་ཀྱང་ཐོན་ཡོད་ཚོད་འདུག    སྤྱིར་བོད་ཀྱི་ཡུལ་ནས་རྡུལ་ཕྲན་ལས་རིགས་ཀྱི་བཟོ་གྲྭ་འདྲ་མིན་བཙུགས་དང་འཛུགས་བཞིན་པ་རྩོད་མེད་ཡོངས་གྲགས་ཀྱི་གནད་དོན་ཞིག་རེད།

དེ་བས་ཀྱང་བློ་ཕམ་པ་ཞིག་ལ། རྒྱ་གཞུང་གིས་བོད་ནང་ཐོག་མར་བཙན་འཛུལ་བྱེད་སྐབས། བོད་ནི་ཆེས་ཀླ་ཀློ་དང༌། ཆེས་མུན་ནག  ཆེས་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ཡིན་རབས་བརྗོད་ནས་བཙན་འཛུལ་ལ་ཁ་གཡོགས་ས་བཙལ་བ་མ་ཟད། དེ་རིང་ད་དུང་ངན་བཤད་དེ་ཁ་ལ་སྐྱོར་ནས་ཁོ་པ་ཚོས་བོད་ནང་བཙན་འཛུལ་བྱས་པ་ཁྲིམས་མཐུན་དང༌། ཁོང་ཚོ་བཅིངས་གྲོལ་གཏོང་མཁན་ཡིན་སྐོར་འུད་ཞོབ་བརྒྱག་བཞིན་ཡོད། སྐབས་དེར་བོད་དང་རྒྱ་ནག་གི་སྤྱི་ཚོགས་ཁྱོན་ཡོངས་ནས་བསྡུར་ན།  སུ་ཀླ་ཀློ་དང༌།   སུ་མུན་ནག་ཡིན་མིན་ནི་བཤད་ཚོད་དཀའ་ཞིང༌། འདི་ནི་གཟུ་བོར་གནས་པའི་ཉམས་ཞིབ་པ་དག་གི་ལས་ཀ་ཡིན་པ་ལས། ཆབ་སྲིད་ཀྱི་ཞེ་འདོད་ལྟར་ཁྱོས་ང་རྗེས་ལུས་ཡིན་རབས་དང༌། ངས་ཁྱོད་མུན་ནག་ཡིན་རབས་བརྗོད་པ་ནི་སུ་གང་གིས་ཚད་མར་མི་འཛིན་མི་སྲིད་ཅེས་གསུངས་སོང༌།

མཇུག་མཐར།  མདོར་ན། ཁྱོད་ཚོའི་འགོ་འཁྲིད་ཏིང་ཞོ་ཕིང་གིས་བཤད་པ་ལྟར། ལག་ལེན་ནི་གཞུང་ལུགས་ཀྱི་ཚད་གཞི་ཡིན་ན། འདི་ནས་དམར་ཤོག་རུ་ཚོགས་༼ཏང་༽གིས་བོད་ནང་ནག་ཉེས་གནམ་སར་མི་ཤོངས་བ་བསག་པའི་ལག་ལེན་དངོས་ཀྱི་མཚོན་དོན་དུ། མི་གསོད་ཁྲག་སྦྱོར་བྱས་པའི་དཔང་རྟགས་ཟུར་འདོན་བྱས་ཡོད་ལ། ང་ཚོས་བསམ་ན། བྱ་བ་ཀུན་ཀྱི་མགོ་རྩོམ་ས་དང༌།  གཞི་འཛུགས་ས་མིའི་ཚེ་སྲོག་ཡིན་ལ། འཇིག་རྟེན་འདིར་མིའི་ཚེ་སྲོག་ལས་རིན་ཐང་ཆེ་བ་ཞིག་མེད་སྟབས།    དེ་རིང་རྒྱ་དམར་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཟེར་བ་ཚོགས་བཞིན་པའི་ཁ་ཐུག་འདིར།    ངེད་ཅག་གིས་ཀྱང་དུས་དྲན་དེར་ཁ་གསབ་ཀྱི་ཆེད་དུའམ། ཡང་ན་རྟེན་འབྲེལ་མཚོན་ཆེད་འདི་ནས་བོད་རྒྱལ་ཁབ་རྒྱ་གཞུང་གི་ལོག་སྤྱོད་དབང་བསྒྱུར་འོག་ལོ་ངོ་དྲུག་ཅུར་ལྷགས་པའི་རིང་ལ། བོད་མི་དམར་གསོད་བཏང་བ་དང༌། རྐྱེན་འདས་སུ་གྱུར་བའི་མཚོན་དོན་དུ་མི་གྲངས་དྲུག་བཅུ་ཐམ་པའི་མཚན་དང༌།   སྐྱེས་ལོ། འདས་ལོ་བཅས་པ་ཁ་གསལ་བྲིས་ནས་བསྐུར་ཡོད་ལ། གཤམ་ཀྱི་ཚེ་འདས་རྣམས་ཁ་ཐུག་བསད་པ་དང༌། ཡང་ན་བཙོན་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་མྱང་ནས་གྲོངས་པ། དེ་མིན་ན་བཙོན་ནས་ནད་གཅོང་བཟོས་སྟབས་དྲགས་རྐྱེན་མ་བྱུང་པར་འདས་པ་བཅས་ཡོད་ལ། འདི་ནི་མཚོན་དོན་ཙམ་ལས་རྒྱ་གཞུང་ནས་བོད་པ་བསད་པའི་གྲངས་འབོར་དང་བསྡུར་ན་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཡིན་པ་ང་ཚོས་མ་བཤད་ཀྱང་རྣམ་པ་ཚོས་གསལ་བོར་མཁྱེན་ངེས།

ཡང་གཅིག་བཤད་ན་འདི་ནི་ད་ཐེངས་བོད་ཕྱི་ལོགས་ནས་རྒྱ་དམར་གཞུང་༼ཏང་ཀྲུང་དབྱིང་༽གི་སྐུ་ཚབ་ཚོགས་གཙོ་ཞི་ཅིན་ཕིང་གཙོས། ཚོགས་མི་ཡོངས་ལ་ལོ་འཁོར་དྲུག་ཅུའི་ལེགས་སྐྱེས་ཡིན་ལ།  དེ་ནི་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དེང་སྐབས་རྒྱ་དམར་གཞུང་གི་བཙོན་འོག་ན་མི་སྤྱོད་ལས་འདས་པའི་མནར་སྡུག་མྱང་བཞན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྟོང་ཕྲག་བརྒལ་བ་རྣམས་དང༌།   ཕྱི་ལོག་གི་བཙོན་ཟུར་འདས་གསོན་ཡོངས་ཀྱི་ཚབ་བྱས་ནས་ཕུལ་བ་ཞིག་ཀྱང་ཡིན་ཞེས་གསུངས་སོང༌།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།