དགོངས་ཚུལ།

ཡིག་ཆ་དཀར་པོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༨ཉིན། ཉེ་ཆར་རྒྱ་ནག་གཞུང་གིས་ཡིག་ཆ་དཀར་པོ་ཟེར་བ་ཞིག་བཏོན་ཡོད་པ་སྟབས། དེ་རིང་ཞོགས་པ་ཆུ་ཚོད་༡༡ཐོག དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དང༌། དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད།

སྐབས་དེར་བོད་མི་སོགས་ཕྱི་ནང་གི་གསར་འགོད་པ་༣༠ལྷག་ཙམ་འདུ་འཛོམས་བྱས་ཡོད་པ་དང༌། ཐོག་མར་ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཐོག་སྲིད་བྱུས་བཟང་ངན་ཇི་འདྲ་ཞིག་འཛིན་ཡོད་མེད་ཀྱི་མཐའ་མའི་ཐག་གཅོད་དེ་ནི་བོད་མི་ཚོས་བྱེད་རྒྱུ་ཞིག་རེད། ལོ་ངོ་དྲུག་ཅུའི་སྔོན་ཏེ་ཕྱི་ལོ་ ༡༩༥༡ ལོར་པེ་ཅིང་དུ་རྒྱ་ནག་གཞུང་གིས་བཙན་དབང་འོག་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་བཞག་པ་ནས་བཟུང་བོད་མི་ཚོས་དུས་དང་རྣམ་པ་ཀུན་དུ་ལུས་སྲོག་བློས་གཏོང་གིས་རང་གི་མངོན་འདོད་རྣམས་གསལ་སྟོན་བྱས་ཡོད།

ད་ཆ་རྒྱ་མིས་བོད་ནང་བཙན་འཛུལ་བྱས་ཏེ་མི་ལོ་ ༦༠ ཙམ་ཕྱིན་པ་དང་བོད་མི་ཚོས་རྒྱ་གཞུང་གིས་བཙན་འཛུལ་ལ་ཞི་བའི་སྒེར་ལངས་བྱས་པར་དྲག་གནོན་མུ་མཐུད་བྱས་ཏེ་ལོ་ངོ་ ༥༠ ལྷག་ཙམ་ཕྱིན་ཡོད། དུས་ད་ལྟའང་བོད་ཀྱི་ས་ཁུལ་མང་ཆེ་བར་ཕྱི་ཚུལ་ཙམ་ལས་དོན་དངོས་ཐོག་རྒྱ་མིའི་དྲག་པོའི་དམག་དཔུང་དང་སྐོར་སྲུང་བས་དམ་བསྒྲགས་འོག་གནས་ཡོད།  དེང་སྐབས་བོད་ཤར་ཕྱོགས་ཁམས་དཀར་མཛེས་ཁུལ་དང་བོད་བྱང་ཤར་ཨ་མདོ་རྔ་པ་ཁུལ་དུ་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པ་ནི་རྒྱ་ནག་གཞུང་གིས་ལོ་ངོ་དྲུག་ཅུའི་རིང་བོད་ལ་དབང་བསྒྱུར་བྱས་པར་མི་འདོད་པའི་དན་རྟགས་ཁ་གསལ་ཞིག་ཡིན་པ་བོད་མི་ཚོས་ཁུངས་སྐྱེལ་ར་སྤྲོད་གསལ་པོ་བྱས་ཡོད།

གནས་སྟངས་འདི་འདྲ་ཞིག་གི་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ཟླ་ ༧ ཚེས་ ༡༡ ཉིན་སླར་ཡང་བོད་ཐོག་ཡིག་ཆ་དཀར་པོ་ཟེར་བ་ཞིག་བཏོན་པ་དེས་རྒྱ་ནག་གཞུང་གིས་བོད་ནང་ད་ལྟའི་ཛ་དྲག་ཆེ་བའི་སྡུག་རྩུབ་ཀྱི་གནས་སྟངས་དེར་འགེབས་སྲུང་བྱེད་པའི་སྲིད་བྱུས་ཤིག་ཡིན་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད།  བོད་ནང་གི་གྲྭ་བཙུན་དང་རྩོམ་པ་པོ། སློབ་ཕྲུག་བཅས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་འབོད་སྒྲའི་རྦ་རླབས་འཕྱུར་བཞིན་ཡོད་པ་དེ་དག་ཡིག་ཆ་དཀར་པོ་བཏོན་པ་དེས་འགེབས་སྲུང་བྱེད་ཐབས་མེད།

དོན་དངོས་ཐོག་རྒྱ་མིས་བཙན་དབང་འོག་བོད་མི་ཚོས་དཀའ་སྡུག་ཆེ་ཤོས་མྱངས་དང་མྱོང་བཞིན་ཡོད་པའི་མུན་ནག་གི་དུས་སྐབས་དེ་ཡིག་ཆ་དཀར་པོ་ཟེར་བ་དེས་འགེབས་སྲུང་བྱེད་པའི་ཐབས་ལམ་ཞིག་ཡིན། བོད་ནང་རྒྱ་གཞུང་གིས་བཙན་འཛུལ་བྱས་པ་ནས་ཟུང་བོད་མིའི་ངོ་བོ་རྩ་བརླག་ཏུ་བཏང་བ་མ་ཟད། ཕྱི་ལོ་ ༡༩༨༤ བར་བོད་མི་ས་ཡ་ ༡།༢ ལྷག་དངོས་ཤུགས་བརྒྱུད་གསུམ་ནས་རྐྱེན་འདས་སུ་བཏང་ཡོད།

གཞན་ཡང་ཡིག་ཆ་དཀར་པོ་ཟེར་བ་དེར་ཡ་མཚན་དགོས་པའི་གནད་དོན་གཞན་ཞིག་ནི་མྱུར་ཚད་དེ་ཡིན།  མང་ཚོགས་ཀྱིས་འོས་འདེམས་བྱས་པའི་རང་དབང་ཅན་གྱི་སྤྱི་ཚོགས་ཤིག་ཡིན་ན་གཞུང་འཛིན་ཚོགས་པ་སུ་འདྲ་ཞིག་ཡིན་ཡང་ཡིག་ཆ་དཀར་པོ་དེ་རིགས་ཡང་ཡང་འདོན་རྒྱུའི་བཙན་བཀའ་གཏོང་མི་ཐུབ། མང་གཙོའི་སྤྱི་ཚོགས་ཁྲོད་མི་མང་ཚོར་གསར་འགྱུར་རང་དབང་ཡོད་པར་བརྟེན་རང་གི་རྣམ་སྤྱོད་ཐོག་ནས་ཆབ་སྲིད་འགོ་ཁྲིད་རྣམས་འོས་འདེམས་བྱེད་ཐུབ། འོན་ཀྱང་རྒྱ་ནག་གཅིག་བསྡུས་རིང་ལུགས་ནང་དེ་འདྲ་མེད། དྲ་རྒྱའི་དུས་སྐབས་འདིར་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་སོང་ཕོན་ཆེ་བཏང་སྟེ་གསར་འགྱུར་རང་དབང་ལ་དམ་བསྒྲགས་བྱས་པ་དེ་ནི་རྒྱ་ནག་མི་དམངས་རྣམས་རྨོངས་མུན་དུ་འཇུག་རྒྱུའི་སྲིད་བྱུས་ཤིག་ལས་མ་འདས། དེ་ལྟར་ནའང་རྒྱ་རིགས་དཔའ་བོ་དཔའ་མོ་ཚོས་རྒྱ་ནག་ནང་མང་གཙོ་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དང༌། བོད་མི་ཚོས་བོད་ནང་རང་དབང་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དེ་དག་རྒྱ་ནག་གཞུང་གིས་ཡིག་ཆ་དཀར་པོའི་ཤོག་བུ་བསྐྱར་བཏོན་ཡང་བཏོན་ཇི་ཙམ་བྱས་ཀྱང་འགོག་ཐབས་མེད།

ཧ་ལས་དགོས་པའི་གནས་ཚུལ་གཞན་ཞིག་ནི་ཡིག་ཆ་དཀར་པོ་ཟེར་བ་དེ་རྒྱ་ནག་ནང་གྲངས་ཉུང་མི་རིགས་མང་པོ་ཞིག་ཡོད་པའི་ཁོངས་ནས་བོད་ཐོག་ཐེངས་མང་ཤོས་བཏོན་དགོས་བྱུང་བ་དེ་ཡིན། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱི་ནང་གི་རྒྱ་རིགས་ཤེས་ཡོན་ཅན། རྒྱ་རིགས་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་བཅས་ཀྱིས་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་གདུང་སེམས་མཉམ་སྐྱེ་ཀྱིས་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་གདོང་ལེན་བྱེད་ཐབས་ཀྱིས་ཡིག་ཆ་དཀར་པོའི་ཆེད་ཤོག་བུ་དང་སྣག་ཚ་ཕངས་མེད་ཐོག་ཆུད་ཟོས་སུ་བཏང་བ་ཞིག་ཕལ་ཆེར་ཡིན་ནའང༌། ཡིག་ཆ་དཀར་པོ་ཟེར་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་བསླུ་བྲི་ནམ་ཡང་བྱེད་མི་ཐུབ།

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཐོག་ཡིག་ཆ་དཀར་པོ་ཟེར་བ་དེ་ནམ་ཞིག་འདོན་མི་དགོས་པའི་དུས་ཤིག་ཤར་ཚེ་གུང་ཁྲན་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཁ་ཞེ་གཉིས་མེད་ཆགས་རྒྱུ་ཡིན་ཞེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྐབས་འདི་བརྒྱུད་པེ་ཅིང་ལ་ཞུ་རྒྱུ་ཡིན། གལ་ཏེ་བོད་མི་ཚོའི་བསམ་ཚུལ་ལ་རྒྱ་ནག་གཞུང་གིས་དང་ལེན་དང་བོད་མིའི་མངོན་འདོད་རྣམས་ལག་བསྟར་བྱས་ཚེ་གུང་ཁྲན་ཏང་གིས་རྩོལ་བ་མི་དགོས་པར་བོད་མི་ཚོས་རང་མོས་ཀྱིས་ཡིག་ཆ་དཀར་པོ་པེ་ཅིང་ལ་འབུལ་གྱི་རེད། བོད་མིའི་རང་མོས་ཀྱི་ཡིག་ཆ་དཀར་པོ་ཞིག་དགོས་ན་རྒྱ་ནག་གཞུང་གིས་བོད་མི་ཚོར་སྨྲ་བརྗོད་རང་དབང་སྤྲོད་དགོས། འཁྱོག་བཤད་ཀྱིས་ཆབ་སྲིད་དྲིལ་བསྒྲགས་ཇི་ཙམ་བྱས་ཀྱང་མི་རྒྱུ་གཉིས་ཀྱི་ནུས་ཤུགས་ཆུད་ཟོས་ཙམ་ལས་འཛམ་གླིང་མི་མང་ཚོ་བསླུ་བྲིད་བྱེད་མི་ཐུབ། དེ་ལས་གནད་དོན་གཞན་ཐོག་རྒྱ་ནག་གུང་ཁྲན་གཞུང་གིས་མི་རྒྱུའི་ནུས་པ་བེད་སྤྱོད་བཏང་ཐུབ་ན་དགེ་མཚན་ཆེ།

རྒྱ་ནག་གཞུང་ཕྱོགས་ནས་བོད་ཐོག་བཏོན་པའི་ཡིག་ཆ་དཀར་པོ་ཟེར་བའི་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ལ་འཁྱོག་བཤད་བྱས་པ་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྗེས་སུ་ལན་འདེབས་ཞིབ་ཕྲ་འདོན་རྒྱུ་ཡིན་ཞེས་གསུངས་ཡོད། མཇུག་མཐར་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱི་ཆེད་དབྱིན་སྐད་ཀྱི་ལམ་ནས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།