དགོངས་ཚུལ།

ནང་ཆོས་ལ་རང་ཐག་རང་གཅོད་ཀྱི་རང་དབང་ཆ་ཚང་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༦ཉིན། འདི་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག ཆེད་དུ་རླུང་འཕྲིན་ཁང་དུ་གདན་འདྲེན་ཞུས་ནས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་སྒྲོལ་ལགས་ཀྱིས། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་སྐོར་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་རེད།

སྒྲོལ་དཀར།  རིན་པོ་ཆེ་མཆོག་ཐེངས་འདིར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཌི་སི་ནང་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་གིན་ཡོད་པ་རེད། རིན་པོ་ཆེ་མཆོག་ཆེད་མངག་དུས་འཁོར་དབང་ཆེན་ཞུ་བ་བཅར་ཡོད་ཀྱི་རེད་བསམས་ཀྱི་ཡོད། དེ་མིན་མཛད་འཆར་ག་རེ་ག་རེ་ཡོད་པ་ཡིན་ནམ།

ཀརྨ་པ་མཆོག ཐེངས་འདིར་ངོས་རང་ཨ་མི་རི་ཁར་བཅར་དོན་དེ། དང་ཐོག་སྔོན་མ་བྱས་ན་ཚན་རིག་གི་ཚོགས་འདུ་ཞིག་ཡོད་པ་རེད། Mind In Life ཟེར་བ་ཞིག་གཙོ་བོ་ཚན་རིག་གི་ཚོགས་འདུ་དེ་སྐྱབས་མགོན་རིན་པོ་ཆེས་ཧ་ཅང་གལ་ཆེན་པོ་བརྩིས་ནས་ང་རང་ཡང་ཚོགས་འདུ་དེར་ཐེངས་མང་པོ་བཅར་རྒྱུ་བྱུང་བ་རེད། བྱས་ཙང་ད་ལོ་ཁོང་ཚོས་ཁོར་ཡུག་སྐོར་གྱི་ཚོགས་འདུ་དེ་དྷ་རམ་ས་ལར་ཚུགས་གནང་བ་ཞིག་རེད། དེའི་སྔོན་འགྲོའི་ཚོགས་འདུ་དེ་ང་ཚོས་ཨ་རིར་ཚོགས་རྒྱུ་བྱས་པ་རེད། དེར་ཡོང་ན་ཡག་པོ་འདུག་ཟེར་ནས། འོན་ཀྱང་དེ་ཏག་ཏག་འདྲ་ཞིག་མ་བྱུང་བ་རེད། འོན་ཀྱང་ཐེངས་འདིར་མ་སྒྲིག་ལྷུན་འགྲུབ་ཟེར་ན་འདྲ་གང་ལྟར་སྐུ་མདུན་གྱིས་དུས་འཁོར་དབང་ཆེན་གནང་བཞིན་པ་དང་སྟབས་ཁེལ་བ་རེད། དེ་གལ་ཆེན་པོ་མཐོང་ནས་བཅར་བ་དང༌། འདི་ནས་གསུང་ཆོས་གྲུབ་མཚམས་སུ་ནེའུ་ཡོག་ཁུལ་དུ་ཁྱུག་ཙམ་འགྲོ་རྒྱུ་མ་གཏོགས་མཛད་རིམ་རྒྱས་པ་དེ་འདྲ་གང་ཡང་ཡོད་པ་མ་རེད།

སྒྲོལ་དཀར། རིན་པོ་མཆོག་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་འགོ་བཙུགས་པ་དང་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པ་རེད།་རིན་པོ་མཆོག་གཙོ་བོ་ནང་ཆོས་སློབ་གཉེར་ཆེད་ཆིབས་བསྒྱུར་གནང་བ་ཞིག་ཡིན་སྟབས། རིན་པོ་ཆེ་མཆོག་ནས་ནང་ཆོས་སློབ་གཉེར་གང་འདྲ་ཞིག་བྱུང་ཡོད་པ་ཡིན་ནམ།

ཀརྨ་པ་མཆོག གཞི་རྩའི་ཆ་ནས་རྒྱ་གར་ལ་སླེབས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བོར་གྱུར་པའི་ཚད་ལྡན་གྱི་བླ་མ་མང་པོ་ཞིག་གི་སྐུ་མདུན་ནས་དབང་ལུང་མན་ངག་གི་བརྒྱུད་པ་ཞུ་ཡ་དང༌། དགེ་བའི་བཤེས་གཉེན་མང་པོ་ཞིག་གི་དྲུང་ནས་གཞུང་ཆེན་མོ་ཁག་ལ་སློབ་སྦྱོང་བྱེད་ཡ།

དེ་བཞིན་དུ་སྔར་བོད་ནང་དང་མི་འདྲ་བ་རྒྱ་གར་ནང་སླེབས་དུས་སྤྱིར་སྟངས་བོད་པའི་རིག་གནས་དང༌། ཕྱི་རྒྱལ་གྱི་སྐད་ཡིག་འདྲ་མིན། ཚན་རིག་སོགས་ལའང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཆེན་པོ་ཐོབ་པ་རེད། ད་ཕ་ཆེར་དབང་རྒྱུད་ལུང་རྒྱུད་དེ་ཚོ་མང་ཆེ་བ་ཞུ་གྲུབ་པའི་བཟོ་འདྲ་ཞིག་རེད།

སྤྱིར་སྟངས་བྱས་པ་ཡིན་ན་ང་ཚོ་ནང་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱ་རྒྱུ་དེ་མི་ཚེ་གཅིག་གི་ཆ་བགོས་བཟོ་འདྲ་ཆགས་ཀྱི་ཡོད་དུས། དེ་དག་ལོ་ཁ་ཤས་ནང་གཙོ་བོ་ཆགས་ཀྱིན་མེད་པའི་བཟོ་འདྲ་ཞིག་རེད། འོན་ཀྱང་ད་ལྟ་བར་དུ་གང་ལ་གང་འཚམ་གྱི་གཞུང་ཆེན་སློབ་གཉེར་དང༌། དེ་བཞིན་དུ་དབང་ལུང་མན་ངག་ཞུ་ཡ་དེ་ཚོའི་ཐོག་ལ་གང་ལ་གང་འཚམ་གྱིས་ཚར་བའི་བཟོ་འདྲ་ཞིག་རེད། བྱས་ཙང་ཡག་པོ་ཞེ་དྲག་བྱུང་སོང་ཞུ་དགོས་པ་འདྲ།

སྒྲོལ་དཀར། བོད་ནང་ལ་ཡིན་ན་གཞོན་སྐྱེས་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག་ལ། དེང་སང་ཡང་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་དེ་དག་བརྒྱུད་ནས་བོད་ནང་བཞུགས་མཁན་བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་ནང་ཆོས་ལ་ཐུགས་སྣང་གནང་བ་དང༌། དམིགས་བསལ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང༌། ང་ཚོ་དེང་དུས་ཀྱི་ནང་པ་ཞིག་བྱེད་དགོས་སྐོར་གྱི་དེ་འདྲའི་བཀའ་སློབ་གནང་དུས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་ནང་ཆོས་ལ་ཐུགས་སྣང་ཆེན་པོ་གནང་གིན་འདུག དེར་བརྟེན་རིན་པོ་ཆེ་མཆོག་ནས་དམིགས་བསལ་ནང་ཆོས་སློབ་གཉེར་གྱི་ཐོག་ནས་བཀའ་སློབ་ག་རེ་གནང་ཡ་ཡོད་པ་ཡིན་ནམ།

༧ཀརྨ་པ་མཆོག ངས་དུས་རྒྱུན་༧སྐུ་མདུན་གྱིས་གསུང་བ་ནང་བཞིན་དུས་རབས་༢༡པའི་ཁྱད་ཆོས་ལྡན་པའི་ནང་པ་ཞིག་བྱེད་དགོས་རེད་གསུངས་ཡོང་དུས། དེ་ཧ་ཅང་གིས་དགོངས་པ་བཞེས་སྟངས་གཏིང་ཟབ་མོ་དང༌། དགོངས་པ་རྒྱ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། གང་ཡིན་ཟེར་ན་དུས་རྒྱུན་ང་ཚོས་ནང་ཆོས་སློབ་གཉེར་བྱོས་ལབ་དུས། སྲོལ་རྒྱུན་གྱི་ནང་ཆོས་སློབ་གཉེར་བྱེད་སྟངས་དང་ཉམས་ལེན་བྱེད་སྟངས་དེ་ག་རང་གི་ཐོག་ནས་བསམ་བློ་འཁོར་གྱི་ཡོད་པ་རེད།

དངོས་གནས་བྱས་ན་ནང་ཆོས་ཟེར་བ་དེ་ཕྱོགས་གཅིག་ནས་གཏིང་ཟབ་མོ་ཞེ་དྲག་རེད་ལ། ཕྱོགས་གཅིག་ནས་གུ་ཡངས་མོ་ཞེ་དྲག་ཡོད་པ་ཞིག བྱས་ཙམ་ནང་ཆོས་སློབ་གཉེར་བྱེད་མཁན་དེ་དང་པོ་ནས་དཀོན་མཆོག་གསུམ་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཞུས་ནས་སློབ་གཉེར་བྱེད་དགོས་པ་ཞིག་མ་ཡིན་པ། དང་པོར་རྒྱུ་མཚན་མཐོང་བ་དང་གནས་ལུགས་དེ་ཡག་པོ་ར་སྤྲོད་བྱུང་བ་ཡིན་ན་གཞི་ནས་སོ་སོས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཀྱི་འདུག་གམ་མི་འདུག ནང་པ་སངས་རྒྱས་པ་དངོས་གནས་ཤིག་ཆགས་ཀྱི་འདུག་གམ་མི་འདུག དེ་སོ་སོས་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་པ་ཞིག་རེད།

དེའི་གནད་འགག་དེ་ང་ཚོས་མ་ཤེས་པའང་ཡང་ན་ནམ་རྒྱུན་སྲོལ་རྒྱུན་གྱི་འགྲོ་སྟངས་དེ་ཁོ་ནའི་སྒང་ནས་འགྲོ་དུས། དེའི་སྒང་ནས་ནང་ཆོས་སློབ་གཉེར་བྱེད་དགོས་པ་རེད་ཟེར་དུས་གཞོན་སྐྱེས་ཚོ་ལ་ཚོར་སྣང་དེ་ཏོག་ཙམ་མ་བདེ་བ་འདྲ་པོ་ཞིག་དང་གནོན་ཤུགས་ཀྱི་ཚོར་བ་འདྲ་པོ་ཞིག་ཡོང་གིན་ཡོད་པ་འདྲ།

བྱས་ཙམ་ང་ཚོ་དུས་རབས་༢༡པ་རེད། དུས་རབས་༢༡པ་དེ་ང་ཚོས་ཤེས་རིག་དང་རྣམ་དཔྱོད་ཀྱི་རྩལ་འདོན་པའི་དུས་ཚོད་ཅིག་ཡིན་དུས། དེའི་སྐབས་སུ་ང་ཚོས་སྲོལ་རྒྱུན་གྱི་ལམ་ལུགས་སྲོལ་ལྟར་ཡིན་ཤག་ཤག་དང༌། དེ་བཞིན་དུ་དད་པ་བྱེད་ཤག་ཤག་མི་བྱ་བར། སྔོན་ལ་ནང་ཆོས་དེ་ཤེས་ཡོན་ལྟ་བུ་ཞིག་དང༌། ཡང་ན་སློབ་གསོ་ཞིག་ལ་ངོས་འཛིན་བྱེད་ནས། དང་པོ་དེ་ལ་སློབ་སྦྱོང་བྱེད་གཞི་ནས་རྨང་གཞི་གཏིང་ཟབ་བྱུང་བ་ཡིན་ན། ཕ་ཆེར་དེར་ཉམས་ལེན་རྣམ་དག་ཞིག་བྱེད་ཆོག་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

སྒྲོལ་དཀར། ད་ལྟ་བོད་ནང་གི་གཞོན་སྐྱེས་ཚོར་ཕྱོགས་གཅིག་ནས་ནང་ཆོས་དང་རིག་གཞུང་ལ་དོ་སྣང་ཞིག་ཡོང་གིན་འདུག འོན་ཀྱང་ཕྱོགས་གཅིག་ནས་བོད་ནང་དུ་རྒྱ་མི་རིགས་ཀྱི་མི་འབོར་མང་དུ་འགྲོ་བཞིན་ཡོད་སྟབས། བོད་པའི་གཞོན་སྐྱེས་ཚོས་རང་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་གྱི་ཐོག་ལ་རིན་པོ་ཆེས་དགོངས་པ་གང་འདྲ་ཞིག་བཞེས་ཀྱིན་ཡོད་དམ།

ཀརྨ་པ་མཆོག རིག་གཞུང་གཅེས་འཛིན་བྱེད་པར་རྨང་གཞི་གཙོ་བོ་དེ་སྐད་ཡིག་ཆགས་ཡོད་པ་རེད། སྐད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང༌། དེ་བཞིན་དུ་ཉམ་གུད་འགྲོ་བར་ལའང་ལས་སླ་མོ་ཞིག དེར་བརྟེན་འཛམ་བུ་གླིང་གི་ཐོག་ལ་གདོད་མའི་མི་རིགས་ཀྱི་སྐད་ཡིག་མང་པོ་ཞིག་ཆབ་སྲིད་ཀྱི་གནས་སྟངས་དང༌། དཔལ་འབྱོར་གྱི་གནས་སྟངས། སྤྱི་ཚོགས་ཀྱི་གནས་སྟངས་བཅས་ཀྱི་ཐོག་ནས་ཉམ་གུད་དུ་ཕྱིན་པའི་སྣང་ཚུལ་མང་པོ་ཞིག་ཡོང་གིན་ཡོད་པ་རེད།

དེ་བཞིན་དུ་བོད་གངས་ཅན་གྱི་ལྗོངས་ཀྱི་གངས་ཅན་པའི་སྐད་ཟེར་ན་འདྲ། བོད་སྐད་དེ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་སྐད་ཡིག་ཕྱུག་པོ་ཞིག་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་ནང་ཆོས་སློབ་སྦྱོང་བྱེད་ཡ་ཟེར་ན་འདྲ། ནང་ཆོས་ངོ་སྤྲོད་བྱེད་པར་བོད་ཀྱི་སྐད་ཡིག་དེར་དམིགས་བསལ་ཁྱད་ཆོས་ཡོད་པ་ཞིག་རེད་ཅེས་མཁས་པ་མང་པོས་གསུང་གིན་ཡོད་པ་རེད།

དེ་འདྲའི་སྐད་ཡིག་དེ་དེང་སང་བོད་ནང་དུ་རྒྱ་ནག་གུང་ཁྲན་ཏང་གི་སྲིད་བྱུས་ཐོག་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་བྱེད་པར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱིན་ཡོད་པ་རེད། དེ་བཞིན་དུ་སྤྱི་ཚོགས་ནང་ལའང་བོད་པའི་སྐད་ཡིག་གཅིག་པུར་བརྟེན་པ་ཡིན་ན། ཕ་ཆེ་འཚོ་བ་སྐྱེལ་ཐབས་མེད་པ་ལྟ་བུ་ཞིག་དང༌། ལས་ཀ་ཡང་རག་གིན་མེད་པ་སོགས་ཀྱི་གནས་སྟངས་མང་པོ་ཞིག་ཆགས་ཀྱི་ཡོད་པ་རེད།

འོན་ཀྱང་ཕྱོགས་གཅིག་ནས་བོད་པ་ཚོས་སོ་སོའི་སྐད་ཡིག་ལ་ཞེན་པ་ཆེན་པོ་དང་དེ་བཞིན་དུ་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད་ལབ་དུས། སོ་སོའི་དེ་གཅིག་པུར་མགོ་འཁོར་ནས་རིག་གནས་གཞན་དག་དང་མི་རིགས་གཞན་དག་གི་རིག་གཞུང་ལ་དོ་སྣང་ཉུང་དྲག་པའི་བཟོ་འདྲ་ཞིག སོ་སོའི་རིག་གཞུང་དང་སྐད་ཡིག་དེ་དུས་རབས་ཀྱི་རྗེས་མ་ཟིན་པ་ཆགས་པ་དང༌། དེ་བཞིན་མི་རིགས་གཞན་དག་དང་གོམ་པ་མཉམ་སྤོ་བྱེད་ནས་འགྲོ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད།

དེར་བརྟེན་བོད་པའི་སྐད་ཡིག་དེ་ནི་བོད་པའི་ཆོས་དང་རིག་གཞུང་མཐའ་དག་གི་སྲོག་སྙིང་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། བོད་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཁོར་ཡུག་སྐྲུན་རྒྱུ་དང༌། དེ་བཞིན་དུ་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱེད་པར་ནང་ཆོས་དེ་ཧ་ཅང་ཕན་ཐོགས་པོ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་སྒྱུར་རྩལ་གྱི་ཐོག་ནས་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད།

དཔེར་ན་དེང་སང་བོད་སྐད་ཡིག་ཐོག་ནས་གཞས་བཏང་བ་དང༌། བོད་སྐད་ཡིག་ཐོག་ནས་རྩོམ་རྒྱག་ཡ་དེ་ཚོའི་སྒང་ལ་དོ་སྣང་གསར་པ་འདྲ་པོ་ཞིག་སླེབས་འདུག་ཨ། དེ་ཚོ་ངོས་རང་གིས་ཧ་ཅང་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་སྲོལ་རྒྱུན་གྱི་རིག་གནས་དེ་ཚོ་རྨང་གཞི་དགོས་པ་ཙམ་དུ་མ་ཟད། དེང་དུས་ཀྱི་ཤེས་ཡོན་དང་རིག་རྩལ་དེ་ཚོ་དགོས་པའང་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དེ་གཉིས་མཉམ་དུ་འཛོམས་ན་མ་གཏོགས་སྲོལ་རྒྱུན་དེ་ཧ་ཅང་གལ་ཆེན་པོ་ཡིན་ལབ་ནས་དེ་གཅིག་པུ་འགྲོ་ཐུབ་ཡ་མེད་པ་བཟོ་འདྲ་ཞིག་རེད།

སྒྲོལ་དཀར། རིན་པོ་ཆེ་མཆོག་ད་ལྟ་ང་ཚོའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་འདི་བཙུགས་ནས་ལོ་༡༥ཏག་ཏག་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་རིན་པོ་ཆེ་མཆོག་ནས་ང་ཚོའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་འདི་བཙུགས་ནས་ལོ་༡༥འཁོར་བའི་མཚམས་འདིར་བཀའ་སློབ་ཤིག་གནང་རོགས་ཞུ་རྒྱུ་ཡིན།

ཀརྨ་པ་མཆོག བཀའ་སློབ་ཟེར་བ་དམིགས་བསལ་དེ་འདྲ་མེད་པའི་བཟོ་འདྲ་ཞིག་རེད། ང་རང་བོད་ནང་དུ་བསྡད་ཡོད་དུས། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་རྒྱང་སྲིང་དེ་ཉན་ནས་འཚར་ལོངས་བྱུང་བ་ལྟ་བུ་ཞིག་རེད། དེར་བརྟེན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་སོ་སོའི་མི་ཚེའི་ནང་ཧ་ཅང་བརྒྱུད་རིམ་ལྡན་པའི་འབྲེལ་བ་ཞིག་ཆགས་ཀྱི་འདུག་བསམས་ཀྱིན་འདུག དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ངོས་ནས་སྤྱིར་སྟངས་བོད་དོན་དང་བོད་ཀྱི་གནས་སྟངས་དེ་ཚོ་ཐད་ཀར་རྒྱག་སྲིང་ཞུ་ཐུབ་པ་དང༌། བོད་ཕྱི་ནང་གི་བོད་མི་ཙམ་དུ་མ་ཟད་པའི་གང་ལྟར་དོན་གཉེར་ཅན་ཚང་མས་གསན་བཞེས་ཐུབ་ཀྱི་ཡོད་དུས། ཕྱོགས་གཅིག་ནས་ང་ཚོའི་གཏམ་བརྗོད་རང་དབང་ཙམ་དུ་མ་ཟད་པའི་དངོས་ཡོད་གནས་ཚུལ་མང་པོ་ཞིག་མཁྱེན་རྟོགས་ཡོང་བ་དང༌། དེའི་ཐོག་ནས་རྒྱུད་སྐུལ་ཡང་མང་པོ་ཞིག་ཡོང་གིན་ཡོད་དུས་ལོ་༡༥དེ་ཧ་ཅང་གི་གཟི་བརྗིད་ལྡན་པ་དང༌། འོད་ཟེར་འབར་བཞིན་པའི་ལོ་ངོ་༡༥ཞིག་མཐོང་གིན་ཡོད། དེའི་རིང་ལ་ཕྱག་ལས་གནང་མཁན་གྱི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགོ་ལས་བྱེད་ཡོངས་དང་ལྷག་པར་དུ་བོད་སྐད་སྡེ་ཚན་གྱི་འགོ་ལས་བྱེད་པ་ཡོངས་ལ་ང་རང་རླུང་འཕྲིན་ཉན་པ་པོ་ཞིག་གི་ངོས་ནས་ཧ་ཅང་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།