དགོངས་ཚུལ།

ཆེས་ཐོག་མའི་དྲ་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐངས་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༦ཉིན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པས་རྒྱབ་སྐྱོར་འོག ཁ་སང་ཕྱི་ཚེས་༡༥ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་སྐོར་བགྲོ་གླེང་གནང་ནས། དེང་རབས་ཀྱི་འཕྲུལ་ཆས་ Google + གྱི་བརྙན་པར་གླེང་མོལ་བརྒྱུད་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཡོད།

གསར་འགོད་ལྷན་ཚོགས་དེའི་སྐབས་ཉེ་བའི་ཆར་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་ངོ་༦༠འཁོར་བའི་མཛད་སྒོ་སྐབས། ལྷ་ས་ཐེ་བའི་བོད་ནང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོངས་སུ་བཀག་སྡོམ་དང་། མདོ་སྟོད་སྨད་ཁུལ་དུ་བོད་མི་འཛིན་བཟུང་སོགས་ཀྱིས་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་སྐོར་སོགས་ལ་བགྲོ་གླེང་གནང་ཡོད།

བགྲོ་གླེང་གནང་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་དང༌། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བསྟན་འཛིན་འཇིགས་མེད་ལགས་བཅས་མཉམ་ཞུགས་གནང་ཡོད།

བསྟན་འཛིན་འཇིགས་མེད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཨ་མདོ་ཁུལ་དང༌། དེ་བཞིན་ཁམས་ཁུལ་དུ་བཙན་གནོན་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་རུང༌། བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བ་ཟེར་བའི་བྱེད་སྒོ་དེའི་ཐོག ལྷ་ས་ཁུལ་དུ་པར་རིས་འགྲེམས་སྟོན་དང༌། དཔེ་དེབ་བཀྲམས་པ་སོགས་ནི་ཕྱི་ཕྱོགས་ལ་དམིགས་པའི་དྲིལ་བསྒྲགས་རྫུན་མ་ཞིག་རེད། དོན་དངོས་སུ་བོད་མིའི་ཁྱིམ་ཚང་དང་དགོན་པ་དེ་དག་ནང་ལྟ་བར་འགྲོ་ན་ད་གཟོད་དངོས་ཡོད་གནས་ཚུལ་རྟོགས་ཀྱི་རེད་ཅེས་གསུངས་འདུག

བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ཉེ་བའི་ཆར་ཁམས་ནང་ཆེན་ཁུལ་དུ་བོད་མི་ཚོས་རྒྱ་རིགས་སྔོ་ཚལ་ཚོང་པའི་ས་ནས་སྔོ་ཚལ་དང་ཤིང་ཐོག་རིགས་ཉོ་རྒྱུ་མཚམས་འཇོག་བྱས་པ་རེད། ལས་འགུལ་དེ་ཐོག་མ་ས་ཁུལ་བྱེད་བྲག་པ་ཞིག་ནས་བྱུང་བ་ཞིག་དང་། ས་གནས་བོད་མི་སོ་སོས་སྔོ་ཚལ་ཚོང་ཁང་ཆུང་ཆུང་དེ་འདྲ་སྒོ་ཕྱེས་ནས། ལས་འགུལ་དེ་ལམ་ལྷོང་བྱུང་ནས་རིམ་བཞིན་གཡས་གཡོན་གྱི་ས་ཁུལ་གཞན་ལའང་རྒྱ་ཁྱབ་ཏུ་ཕྱིན་པ་ཞིག་རེད། དེའི་རྐྱེན་གྱིས་རྒྱ་མིའི་ཚོང་ཁང་ཁག་སྒོ་རྒྱག་དགོས་ཐུབ་པ་དང༌། ལས་འགུལ་དེའི་རིགས་ནི་འཚེ་མེད་ཞི་བའི་ལམ་ནས་བོད་མིའི་གཞི་རྩའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

ཡང་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། རྒྱལ་སྤྱིས་རྒྱ་ནག་ལ་བོད་ནང་དུ་དྲག་པོའི་དམག་དཔུང་ཕྱི་འཐེན་དང༌། འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམ་གློད་བཀྲོལ་དགོས་པ། དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་བོད་ནང་གི་གནས་སྟངས་ལ་དོ་སྣང་དང་བསྒྲགས་གཏམ་སྤེལ་བ་དང་། གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་བོད་ནང་དུ་འགྲོ་འཇུག་རྒྱུ། མི་རབས་རྗེས་མའི་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་ནང་གི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་བཅས་རྒྱ་ནག་དང་རྒྱལ་སྤྱི་གཉིས་ཀར་འབོད་སྐུལ་ཞུས་ཡོད།

བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས། གནས་ཚུལ་གང་ཞིག་ཡིན་རུང་གལ་ཆེ་ཤོས་དེ་སྐབས་ཐོག་ཏུ་ལག་བསྟར་དང་ལས་འགུལ་སྤེལ་རྒྱུ་དེ་རེད་ཅེས་དང༌། ཡང་ཁོ་མོས་གལ་ཆེ་ཤོས་གཞན་ཞིག་ནི་བོད་ནང་དུ་འགྲོ་སྐྱོད་བྱེད་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོས། རྒྱ་ནག་གཞུང་ལ་བོད་ནང་དུ་ཡོད་པའི་བཙན་ཁང་དེ་དག་ནང་ལྟ་སྐོར་དུ་འགྲོ་སྐྱོད་ཆོག་པའི་རེ་སྐུལ་ཞུ་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཞིག་མཐོང་གིན་འདུག་ཅེས་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།