བོད་ཀྱི་བུད་མེད་བཙན་གཡེམ་མཚམས་འཇོག་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༥ཉིན། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་ཕྱོགས་ལྷུང་མཚམས་འཇོག་གི་ལྷན་ཚོགས་ཐེངས་༤༩པའི་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། བལ་ཡུལ་ཉེན་ཏོག་པས་བོད་པའི་བུད་མེད་འཛིན་བཟུང་བཀག་ཉར་སྐབས། གང་བྱུང་བཙན་གཡེམ་རིགས་འཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་ཟླ་འདིའི་ཚེས་༡༡ ནས་ ༢༩ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐབས་ ༤༩ པའི་༼བུད་མེད་ལ་དབྱེ་འབྱེད་ཕྱོགས་ལྷུང་མཚམས་འཇོག་༽ཅེས་པའི་ལྷན་ཚོགས་ཞིག་འཚོགས་བཞིན་འདུག་པ་དང༌། ཐེངས་འདིའི་ཚོགས་ཆེན་སྟེང་ཨ་ཧྥི་རི་ཀའི་གླིང་ཕྲན་དང་དབུས་ཨ་མི་རི་ཀ ཨེ་ཤེ་ཡའི་གླིང་ཕྲན་གྱི་བལ་ཡུལ་དང་ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་ ༡༠ ལྷག་གི་སྐུ་ཚབ་མཉམ་ཞུགས་བྱས་ཡོད་འདུག

སྐབས་དེར་ཡུལ་གྲུ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བུད་མེད་ཀྱི་ཐོབ་ཐང་གི་ཐད་ནས་རྒྱལ་ཁབ་སོ་སོའི་གནས་ཚུལ་ཁག་ཚོགས་ཐོག་ཏུ་སྙན་ཐོ་སྙན་སྒྲོན་ཞུ་བཞིན་ཡོད་འདུག་པ་དང༌། བཙན་བྱོལ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་ལྟར། བལ་ཡུལ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་འགྱུར་མེད་ལགས་ཀྱིས། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བུད་མེད་ཀྱི་ཐོབ་ཐང་སྐོར་གྱི་ཤོག་ངོས་༡༠ཅན་གྱི་སྙན་ཐོ་ཞིག་སྐབས་དེར་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྙན་ཐོ་དེའི་ནང་བལ་ཡུལ་ནང་གི་བུད་མེད་སྤྱིའི་གནས་སྟངས་དང་ལྷག་པར་དུ་བལ་ཡུལ་ཉེན་རྟོག་པས་བོད་པའི་བུད་མེད་ཚོ་འཛིན་བཟུང་བཀག་ཉར་བྱེད་སྐབས་གང་བྱུང་དུ་བཙན་གཡེམ་བྱེད་ཀྱིན་ཡོད་སྐོར་དང༌།  བལ་ཡུལ་ཉེན་རྟོག་བོད་པའི་བུད་མེད་བཙོན་པ་ཚོར་ལྟ་སྟངས་ཡག་པོ་མེད་ཁར། བུད་མེད་སྐྱབས་བཅོལ་བའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་སྐོར།

དེ་བཞིན། བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་གྱི་བོད་མི་ཚོ་བལ་བོད་ས་མཚམས་ནས་ཕྱིར་ལོག་གཏོང་གིན་ཡོད་སྐོར་སོགས་བརྗོད་ཡོད་པས་མ་ཚད།  མ་འོངས་པར་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་པའི་བུད་མེད་ཚོར་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བཞིན་པའི་རིགས་མཚམས་འཇོག་དང་བཙན་གཡེམ་བཏང་བའི་གྱོད་གཞི་ཁག་ལ་རྟོག་ཞིབ་མཐིལ་ཕྱིན་བྱ་དགོས་པའི་དགོས་འདུན་སོགས་བཀོད་ཡོད་འདུག

བཙན་བྱོལ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ལ་ཕུལ་བའི་ཞུ་སྙན་དེའི་ནང༌། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང༌། རྒྱལ་ཚོགས་ཀྱི་བུད་མེད་ཐོག་དབྱེ་འབྱེད་མཚམས་འཇོག་གི་ལྷན་ཚོགས་གཉིས་ནས་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་བའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བསྡུ་སྒྲིག་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།