གྲོས་མི་མཐུན་པ་༡༧དང་བཙན་གནོན་གྱི་ལོ་ངོ་༦༠།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༤ཉིན། རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༩༠འཁོར་བའི་དུས་དྲན་དང༌། བོད་མི་རྣམས་རྒྱ་ནག་གིས་བཙན་གནོན་འོག་ལོ་ངོ་༦༠འཁོར་བར་བོད་རང་དབང་སློབ་ཕྲུག་ཚོགས་པས་གོས་ནག་དང་དར་ནག་འཁྱེར་ནས་རྒྱལ་སྤྱིའི་རང་བཞིན་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད།

དེ་ཡང་ཁ་སང་ཕྱི་ཚེས་༡༤ཉིན་བོད་རང་དབང་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་དྷ་ས་གཙུག་ལག་ཁང་ནས་མེ་གྷན་ཉིན་སློབ་བར་བོད་མི་གཞོན་སྐྱེས་༡༠༠ལྷག་ཙམ་ཞིག་གིས་ལུས་ལ་གོས་ནག་དང༌། ལག་ནང་དར་ནག་འཕྱར་ནས་རྒྱ་གཞུང་གིས་༼བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བ་ཟེར་བ་དེ་ནི། དོན་སྙིང་བོད་མི་རྣམས་རྒྱ་ནག་གི་བཙན་གནོན་འོག་ལོ་ངོ་༦༠འཁོར་བའི་མྱ་ངན་གྱི་ཉིན་མོ་སྲུང་བརྩི་བྱས་སོང་།

སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་༼གྲོས་མི་མཐུན་པ་བཅུ་བདུན་༽ཞེས་པའི་ ༼ཆིངས་ཡིག་དོན་ཚན་བཅུ་བདུན་༽ཟེར་བ་དེ་ནི་བཙན་གནོན་དང༌།  ཇུས་ངན། རྫུན། ཁྲམ་པ། གཡོ་སྒྱུར། མནར་གཅོད། སྡུག་རྩུབ་བཅས་ལས་གྲུབ་པའི་དོན་ཚན་བཅུ་བདུན་ཞིག་ཡིན་ལུགས་དོན་ཚན་རེ་རེ་བཞིན་བོད་པའི་འདས་པའི་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་གནས་སྟངས་དག་དཔེ་མཚོན་དུ་བཀོད་ནས་བྲིས་ཡོད་པ་ཞིག་འགྲེམས་སྤེལ་བྱས་སོང༌།

མ་ཚད་བོད་རང་དབང་སློབ་ཕྲུག་ཚོགས་པའི་གསར་འགོད་གསལ་བསྒྲགས་ཤིག་དང༌། རྒྱ་གར་རྒྱལ་ཡོངས་བོད་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་དང༌། བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཇིགས་བྲལ་ལགས་གཉིས་ནས་དབྱིན་བོད་གཉིས་ཀྱི་ལམ་ནས་གཏམ་བཤད་རིམ་པར་བྱས་སོང༌།

རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། “བོད་ཞི་བས་བཅིངས་གྲོལ་བཏང་ནས་མི་ལོ་༦༠འཁོར་བ་ཟེར་བའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དེའི་དམིགས་ཡུལ་གཙོ་བོ་ནི། ཁྲིམས་མཐུན་མ་ཡིན་པའི་བོད་རྒྱལ་ཁབ་ཉིད་བཙན་འཛུལ་བྱས་པ་དེ་ཁོང་ཚོས་ཁྲིམས་མཐུན་དུ་བཟོ་འདོད་པ་དེ་རེད་ལ། བོད་མི་ཚོས་དུས་རྟག་ཏུ་བོད་ནང་གི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་བདག་དབང་ངོས་ལེན་གནང་མེད་པ་མ་ཟད། བཙན་དབང་དང་གཉའ་གནོན་ལ་ཕྱོགས་པའི་ངོ་རྒོལ་གྱི་མེ་ལྕེ་དེ་ས་བྱི་ཞི་རྒོལ་ནས་རིམ་བཞིན་བོད་ཆོལ་ཁ་གསུམ་ལ་ཡོངས་སུ་ཁྱབ་ཡོད།”ཅེས་བརྗོད་སོང༌།

རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཇིགས་བྲལ་ལགས་ཀྱིས། “བོད་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་ནང་ཁྱབ་བཞིན་པའི་ཞི་རྒོལ་གྱི་རྦ་རླབས་དྲག་པོ་དེ་དང་ལྷན་དུ་ང་ཚོས་རྒྱ་ནག་གཞུང་གི་དྲག་གནོན་དང་བཙན་དབང་ལ་ཕྱོགས་པའི་བོད་ནང་གི་བོད་མི་ཚོའི་གདོང་ལེན་གྱི་རྣམ་པ་གསར་པ་ཞིག་མཐོང་ཐུབ་ཀྱི་འདུག་ལ། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་ནང་གི་དྲག་གནོན་གྱི་ལས་འགུལ་གང་མགྱོག་མཚམས་འཇོག་བྱེད་དགོས་པ་མ་ཟད། ཉེ་ཆར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁྲོད་བཙོན་འཇུག་བྱས་པའི་བོད་མི་ཡོངས་རྫོགས་མྱུར་དུ་གློད་གྲོལ་གཏོང་དགོས།”ཞེས་ཐ་ཚིག་ནན་མོ་བསྒྲགས་སོང༌།

ཁ་སང་བོད་རང་དབང་སློབ་ཕྲུག་ཚོགས་པའི་གསར་འགོད་གསལ་བསྒྲགས་དེའི་ནང༌། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་སྐོར་ལ་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང༌། ལྷག་པར་བོད་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་ནང་གི་དྲག་གནོན་ལ་ངོ་རྒོལ། ངྷ་རམ་ས་ལ། ༢༠༡༡ ལོའི་ཟླ་༧ པའི་ཚེས༡༣ ཉིན། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་གཉིས་ཏེ། རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༩༠འཁོར་བའི་དུས་དྲན་དང༌། བོད་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང༌།

ཡང་གསར་འགོད་གསལ་བསྒྲགས་དེའི་ནང་རྒྱ་ནག་གཞུང་གིས་དུས་དྲན་སྲུང་བརྩིའི་གྲ་སྒྲིག་དང་ལས་གཞི་ཁག་གི་ཆེད་དུ་ཟླ་གཅིག་ལྷག་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་རང་སྐྱོང་ཟེར་བའི་ནང་འགྲོ་བསྐྱོད་ཆོག་པའི་མཐོང་ཆེན་སྤྲད་མེད་པ་དང༌། དེ་ཡང་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་མི་ལོ་༦༠་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ཟླ་༧་པའི་ཟླ་དཀྱིལ་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མི་སྣ་ཁ་ཤས་ཕྱི་རྒྱལ་གྱི་མགྲོན་པོ་ཚོ་དང་ལྷན་དུ་ལྷ་ས་ལ་སྐོར་བསྐྱོད་བྱེད་རྒྱུ་ཡིན་པ་དང༌། སྐབས་དེར་རྒྱ་ནག་གཞུང་གིས་དམག་མིའི་སྦྱོང་བརྡར་ཞིག་ཀྱང་བྱ་རྒྱུ་ཡིན་འདུག དེས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཤུགས་ཆེ་རུ་གཏོང་ངེས་རེད་ཅེས་གསུངས་སོང༌།

ཁ་སང་གི་ལས་འགུལ་དེའི་ཐོག་ཨ་མདོ་རྔ་བའི་ནང་གི་ཞི་རྒོལ་ལ་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་རྗེས། ཟླ་༤བའི་ཚེས་༢༡་ནས་ཁམས་དཀར་མཛེས་ནང་གི་ཞི་རྒོལ་གྱི་ལས་འགུལ་ཁག་ཀྱང་ཕྱི་ལོགས་སུ་ཁྱབ་སྤེལ་འགྲོ་བར་བཀག་སྡོམ་ཤུགས་ཆེར་བྱས་ཡོད་ལ། ས་ཁུལ་དེར་ཟླ་༦པའི་ཚེས་༦ནས་ཡང་བསྐྱར་རང་དབང་རང་བཙན་དགོས་པ་དང༌། ས་གནས་ཀྱི་བླ་ཆེན་ཁག་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་མཆོག་བོད་ནང་དུ་གདན་ཞུ་དགོས་པ་ལ་སོགས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།

ཁམས་དཀར་མཛེས་ས་ཁུལ་ལ་མཚོན་ན་ད་ཆ་རྒྱ་ནག་གཞུང་གི་ཤུགས་ཆེའི་དམ་དྲག་འོག་གནས་ཡོད་པ་མ་ཟད། ས་གནས་དེར་ཞིབ་བཤེར་ས་ཚིགས་གང་མང་བཙུགས་ཏེ་བོད་མི་ཚོར་རྒྱ་ནག་གི་ཐོབ་ཐང་ལག་ཁྱེར་དང་སྡོད་གནས་ལག་ཁྱེར་སོགས་སྟོན་དགོས་པའི་དགོས་འདུན་འདྲ་མིན་བཏོན་ནས། བོད་མི་ཚོའི་འགྲོ་སྡོད་ལ་དོགས་ཟོན་དང་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་པ་རེད། དེ་རིང་གི་ལས་འགུལ་དེ་རྒྱ་གར་ནང་གཅིག་པུ་ཙམ་མ་ཡིན་པར། ཨ་རི་དང༌། ཡོ་རོབ། ཁེ་ན་ཌ། ཉི་ཧོང་གཙོའི་འཛམ་གླིང་གི་གང་མང་ཞིག་གི་ནང་དུ་སྤེལ་ཡོད་འདུག

ལྷག་པར་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཟུར་བ་ཇོ་ཚི་ན་(jyotsna)ལགས་ཀྱིས་སྣེ་ཁྲིད་འོག་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་དང་བོད་པའི་སློབ་ཕྲུག་ཁ་ཤས་ཀྱིས་མི་ལོ་དྲུག་ཅུའི་རིང་གི་བོད་མི་ཚོའི་དཀའ་སྡུག་གིོ་ལོ་ཟླ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་ལ་ངོ་རྒོལ་མཚོན་ཆེད་རྒྱ་གར་སྒོ་ཆེན(INDIAGATE) གྱི་མདུན་ཐང་དུ་ཞི་བའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་འདུག

སྐབས་དེར་ལོ་ངོ་དྲུག་ཅུའི་རིང་ལ་རྒྱ་ནག་གཞུང་གི་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་བོད་མི་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ལས་འགུལ་ཁྲོད་ཀྱི་འཛུལ་ཞུགས་པ་ཡོངས་ནས་༼བོད་རང་བཙན་༽ཞེས་འཁོད་པའི་གཅིག་གྱུར་གྱི་སྟོད་ཐུང་ནག་པོ་གྱོན་པ་དང་ལག་ལ་དར་ཆ་ནག་པོ་རྐྱང་རྐྱང་བསྣམས་ནས་ཁྲོམ་སྐོར་དེ་དབུ་འཛུགས་ཞུས་ཡོད་འདུག དེ་མ་ཚད་རྒྱ་ནག་གཞུང་གི་བཙན་གནོན་འོག་མྱངས་དང་མྱོང་བཞིན་པའི་བོད་མི་ས་ཡ་དྲུག་གི་དཀའ་སྡུག་གི་མི་ཚེ་དང་མུན་ནག་གི་ལོ་ཟླ་མཚོན་ཆེད“བཙན་དབང་འོག་གི་ལོ་ངོ་དྲུག་ཅུ། གཉན་གནོན་འོག་གི་ལོ་ངོ་དྲུག་ཅུ་”ཞེས་འཁོད་པའི་འཕྲེད་དར་དཔྱངས་པ་དང་ཁྲོམ་སྐོར་མདུན་གྲལ་གྱི་བོད་མི་དྲུག་གི་ལུས་པོ་ཡོངས་རྫོགས་རས་ནག་པོས་གཡོགས་ཤིང༌། མཐའ་མར་མ་འོངས་པའི་མི་རབས་གསར་པས་ང་ཚོའི་རང་བཙན་གྱི་རྨི་ལམ་མངོན་འགྱུར་བྱེད་ངེས་ཡིན་པ་མཚོན་ཆེད་བོད་པའི་ཕྲུ་གུ་དྲུག་གིས་མི་དྲུག་པོ་དེའི་ལུས་པོ་སྒང་གི་རས་ཆ་ཚང་རལ་ནས་རང་བཙན་དང་བོད་ཀྱི་རྒྱལ་དར་ཡོད་པའི་སྟོད་གོས་ཕྱིར་ མངོན་དུ་བཅུག་པ་དང་ལྷན་བོད་ཀྱི་རྒྱལ་དར་རེ་རེ་ཁོང་ཚོ་ལ་རྩིས་སྤྲོད་བྱས་ ཡོད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ལ། ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ ཚོགས་པ་ཞིག་ཡིན་ལ། ཤེས་ཡོན་དང༌། འཚེ་མེད་ཞི་བའི་ལས་འགུལ། གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་ལ། ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ། ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན་ཞེས་བཀོད་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གནས་ཚུལ་མཁོ་གཏོང་བ་གཅན་སྣང་བ་ཚེ་རིང་བཀྲ་ཤིས། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།