ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭས་འཁྲུངས་སྐར་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༡ཉིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༦ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཡོད་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭས་གོ་སྒྲིག་འོག འཁྲུངས་སྐར་གྱི་མཛད་སྒོ་ཟབ་རྒྱས་ཤིག་སྲུང་བརྩི་ཞུས་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ ཚེས་ ༦ ནི་ྋསྤྱི་ནོར་༧གོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བདུན་ཅུ་དོན་དྲུག་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་ཞིག་ཡིན། སྐབས་དེར་བོད་མི་གནས་སྡོད་བྱ་ཡུལ་གྱི་ས་གནས་གང་སར་སྐུ་ཡི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད། དེ་ཡི་ནང་ཚན་མགོན་པོ་གང་གི་སྐྱབས་འོག་ནས་ནམ་ཡང་འབྲལ་བ་མེད་པ། དད་པ་དང་དམ་ཚིག་གཙང་བའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་ཀྱང་སྐུ་ཡི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ངང་ཞུས་ཡོད།

དེ་ཡང་ཕྱི་ཚེས་ ༦ ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་དགའ་ཤར་གྲྭ་ཚང་གི་སློབ་གྲྭས་གོ་སྒྲིག་གནང་ཐོག་སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་ཀྱི་གཞིས་འགོ་གཙོ་གཙོ་དཔོན་དཔལ་ལྡན་དོན་གྲུབ་མཆོག་དང༌། ཤར་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཀུན་མཁྱེན་མཆོག་དང༌། གྲྭ་ཚང་གི་མཁན་གདན་ཟུར། གྲྭ་ཚང་གི་སློབ་སྤྱི་དང་ཕྱག་མཛོད་ཁྲི་པ། སྡེ་ཚན་ཁག་གི་འགན་འཛིན། གྲྭ་ཚང་གི་ལྷ་རམས་དགེ་བཤེས་སོགས་དགེ་བཤེས་རྣམས་དང༌། སློབ་དགེ་དང་མཁས་དབང་རྣམ་པ། སློབ་ཕྲུག་འདུས་མང་དང་བཅས་པ་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད། དེ་ཡང་ཐོག་མར་གྲྭ་ཚང་གི་སློབ་སྤྱིའི་ལས་རོགས་མཆོག་ནས་མཛད་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང༌།

དེ་ནས་སྐུ་མགྲོན་གཙོ་བོ་ནས་༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་སྐུ་འདུན་དུ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་བཅས་སྐུ་མགྲོན་གཞན་རྣམས་ཀྱིས་རིམ་པར་མཇལ་ཁ་ཞུས། དེ་ནས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང༌། རྒྱ་གར་གྱི་རྒྱལ་གླུ་བཅས་གདངས་སྙན་དང་བཅས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་མཆོག་ནས་མངར་ཟས་ཕུད་ལེན་དང་སྦྲགས་སློབ་ཕྲུག་རྣམས་ཀྱིས་་་ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་་་ཞེས་པ་གདངས་སྙན་ལ་གྲ་འགྲིགས་པའི་སྒོ་ནས་བསྐྱར་ཟློས་བྱེད་བཞིན་ཚང་མ་དགའ་སྤྲོའི་རྣམ་པས་ཁེངས་ཞིང་སློབ་ཕྲུག་རྣམས་ཀྱིས་རིམ་བཞིན་མངར་ཟས་དང༌། འབྲས་སིལ། གསོལ་ཇ་སོགས་འགྲིམ་འབུལ་ཞུས། སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་མཆོག་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་དེ་སྔོན་གཞུང་གི་ལས་རིམ་ཁག་ལ་ཕྱར་གྲུ་མཉམ་འདེགས་དང་སེམས་ཤུགས་མཉམ་སྦྲིལ་གནང་བའི་བསྔགས་བརྗོད་དང་བཅས་༧གོང་ས་མཆོག་གི་མཛད་འཕྲིན་རྒྱ་ཆེ་བའི་སྐོར་ལས་བརྩམས་ཏེ་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང༌།

མཁན་ཚབ་ནས་༧གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང༌། སློབ་སྤྱི་མཆོག་ནས་༧གོང་ས་མཆོག་གི་མཛད་འཕྲིན་གྱི་སྐོར་དང༌། མགོན་པོ་མཆོག་གྲྭ་ཚང་འདི་ཉིད་དང་དད་དམ་འགྱུར་བ་ནམ་ཡང་མེད་པའི་སྐོར་སོགས་གསུང་བཤད་གནང༌།  སློབ་དགེའི་འཐུས་མི་ནས་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུས་ཀྱི་གསུང་བཤད་གནང་བ་དང་བཅས་མཛད་རིམ་རྣམས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་སོང༌།

གནས་ཚུལ་མཁོ་གཏོང་བ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭའི་སློབ་སྤྱི་མཆོག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
༢༠༠༨ སྔོན་ཤར་རྩེ་གྲྭ་ཚང་ནས་ཕྱག་ལས་གང་ཞིག་གནང་ཀྱང་མི་ཚོས་བལྟ་ཚུལ་མི་འདྲ་བ་ཞིག་ཟུང་ཀྱང་ ༢༠༠༨ ནས་ཟུང་ད་བར་ཤར་རྩེ་གྲྭ་ཚང་གི་བདེན་རྟགས་ངོ་མ་དེ་སྟོན་ཡོད་ལ་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིར་ཟུང་སྒྲུབ་མཁན་གྱི་གདོང་རིས་ངོ་མ་བོད་རྒྱ་ཆེ་མི་མང་གིས་མིག་ལམ་དུ་ཁྲ་ལྷམ་མེར་སྟོན་ནས་སུས་ཀྱང་ཡིད་ཆེས་མི་ཐུབ་པའི་རྫུ་འཕྲུལ་ལྟ་བུ་ཞིག་ཏུ་འགྱུར། ༢༠༡༡ གི་ལོ་འགོར་༸རྒྱལ་བ་རིན་པོ་ཆེས་ཆེད་མངགས་མོན་གྷོར་ཞབས་སོར་འཁོད་ནས་ཤར་རྩེ་གྲྭ་ཚང་གི་འདུ་ཁང་ནང་དུ་གསུང་ཆོས་བཀའ་དྲིན་བསྩལ་སྐབས་སེར་སྐྱ་མི་མང་རྣམས་དེ་བས་ཧང་སང་བར་འགྱུར། མི་མང་རྣམས་དགའ་སྐྱོ་གཉིས་ལྡན་གྱི་ཤར་རྩེ་གྲྭ་ཚང་ལ་བཀའ་ཆོས་སྒྲུབ་པའི་སྐབས་གད་ཕྱིས་རྒྱབ་རྒྱུ་དང་ཕྱག་རོགས་གནང་རྒྱུ་སོགས་ཧ་ལས་པའི་སེམས་ཤུགས་ཆེན་པོས་ངང་གནང་པ་ངས་དངོས་སུ་མཐོང་ཐོས་བྱུང་། གོང་གི་འཁྲུངས་སྐར་གནས་ཚུལ་ནང་འཁོད་དོན། མགོན་པོ་གང་གི་སྐྱབས་འོག་ནས་ནམ་ཡང་འབྲལ་བ་མེད་པ། དད་པ་དང་དམ་ཚིག་གཙང་བའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་བརྗོད་ཀྱང་བརྗོད་རིན་ཆོག་པ་ཞིག་དང་། བརྗོད་པའི་སྤོབས་པ་ཡང་ཡོད། ངའི་རེ་བར་ཤར་རྩེ་གྲྭ་ཚང་ནས་བསྐལ་པ་ཇི་སྲིད་ཀྱི་བར་དུ་༸རྒྱལ་བ་དོན་གྱི་བདག་པོའི་ཞབས་རྗེས་སུ་ནམ་ཡང་འབྲལ་བ་མེད་པར་གནས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླར་ཡང་ཁྱེད་རྣམ་པས་དུས་དྲན་གང་ཞིག་སྲུང་བརྩི་ཞུས་ཀྱང་དགའ་བསུ་ཞུ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག བོད་རྒྱལ་ལོ།།



བརྗོད་གཞི་གཞན་ཁག་ལ་གཟིགས།