འཁྲུངས་སྐར་ཉིན་གཞིས་བྱེས་བོད་མི་ཡོངས་ལ་བསྩལ་བའི་བཀའ་སློབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༧ཉིན། ཁ་སང་ཕྱི་ཚེས་༦ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མི་ཡོངས་ལ་གལ་ཆེའི་བཀའ་སློབ་དང་ལམ་སྟོན་འདི་ལྟར་གནང་འདུག

སྐབས་དེར་༧གོང་ས་མཆོག་གིས་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལུས་པོར་རང་དབང་བྲལ་ཏེ་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། བསམ་བློའི་ནང་གངས་ཅན་པ་ཟེར་བའི་བསམ་བློ་བརྟན་པོ་བསྡད་ཡོད། ཁྱེད་ཚོས་ངའི་སྐྱེས་སྐར་ཉིན་དྲན་གསོ་བྱེད་ཀྱི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་དེ་ཁྱེད་ཚོས་སེམས་བཟང་པོ་བྱ་རྒྱུ་འདི་ཡིན་ཞེས་གསུངས་སོང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་བཀའ་སློབ་དེ་དག་ནང་ཐོག་མར་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་སྐོར་བཀའ་སློབ་གནང་དོན།

བོད་མི་ཚོར་སྔར་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐབས་ནས་ཐུན་མོང་མ་ཡིན་པའི་སོ་སོའི་ཡི་གེ་ཞིག་དང་། ཡི་གེ་དེ་དང་འབྲེལ་བའི་བོད་སྐད་ཅིག་ཡོད་པ་རེད། དེང་སང་འཛམ་གླིང་ཐོག་ནས་དོ་སྣང་གསར་པ་བྱེད་པའི་སངས་རྒྱས་ཀྱི་ཆོས་འདི་བོད་ཡིག་ནང་ཡོད་པ་དང་། ཆོས་དེའི་ནང་ཐེག་པ་ཆེ་ཆུང་སྔགས་དང་བཅས་ཆ་ཚང་ཡོད་ཚུད་ཡོད།  ཚན་རིག་པས་སངས་རྒྱས་ཀྱིས་མདོ་དང་བསྟན་བཅོས་ནང་གསུངས་བའི་སེམས་ཀྱི་རྣམ་གཞག་ཐོག་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། ནང་ཆོས་ལ་ཆ་བཞག་ན་འཛམ་གླིང་ཐོག་ནང་པའི་རྒྱལ་ཁབ་མང་པོ་ཡོད་པ་རེད་ལ། ནང་པའི་ཆོས་བྱེད་མཁན་ཡང་ས་ཡ་མང་པོ་ཡོད་པ་རེད།

ཡིན་ནའང་སངས་རྒྱས་ཀྱི་ཆོས་ཟབ་པ་དང་རྒྱ་ཆེ་བ་ཚད་མའི་གཞུང་དང་བཅས་ཡོད་པ་བོད་ཡིག་གཅིག་པུ་རེད། བོད་མི་ཚོས་རང་གི་མེས་པོ་ཚོས་དཀའ་ལས་བརྒྱབ་སྟེ་བསྒྲུབས་པའི་སྐད་ཡིག་ཕྱུག་པོ་འདི་ངེས་པར་དུ་རྒྱུན་འཛིན་དང་། དེའི་སྒང་ལ་དེང་དུས་ཤེས་ཡོན་ཚད་ལོངས་པ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་སྐད་ཡིག་གཞན་པའང་ཤེས་པ་ཙམ་མ་ཡིན་པར་དུས་རབས་ཉེར་གཅིག་པ་དང་མཐུན་ པའི་དེང་དུས་ཤེས་ཡོན་ཆ་ཚང་ཤེས་པ་དགོས་པས་གཞིས་བྱེས་སློབ་ཕྲུག་ཚང་མས་དེའི་ཐོག་ཤུགས་རྒྱག་དགོས།

བོད་རང་ཉིད་ཀྱི་སྐད་ཡིག་རྒྱུད་ནས་ཤེས་ཡོན་མང་པོ་ཞིག་ཡོད་པ་རེད། གཙོ་བོ་སེམས་ཀྱི་ཞི་བདེ་སྐྲུན་པའི་ཤེས་ཡོན་དེ་རེད། དེ་འདྲའི་ཤེས་ཡོན་དེ་སྤྱིར་འགྲོ་བ་མི་སྤྱི་ཡོངས་ཀྱི་ཆ་ནས་བཤད་པ་ཡིན་ནའང༌། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བདེ་སྐྱིད་ལྡན་པའི་དུས་རབས་ཉི་ཤུ་རྩ་གཅིག་པ་ཞིག་དགོས་ན་བྱམས་བརྩེ་དགོས་ཀྱི་ཡོད་པ་རེད།   འཆམ་མཐུན་དགོས་ཀྱི་ཡོད་པ་རེད། བྱམས་བརྩེ་དང་འཆམ་མཐུན་ཡོང་བར་ཡིད་ཆེས་དགོས་པ་རེད། ཡིད་ཆེས་ཡོང་བར་དྲང་བདེན་དགོས་པ་རེད། དྲང་བདེན་ཡོང་བར་ལྷག་བསམ་དགོས་པ་རེད།

དེ་འདྲའི་བསླབ་བྱ་དེ་ང་ཚོའི་བོད་སྐད་ཡིག་ནང་ཡོད་པ་ཞིག་རེད། ཆོས་དང་རིག་གཞུང་དེས་དངོས་གནས་དྲང་གནས་མིའི་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་དང༌། མི་ཡ་རབས་ཤིག མི་སྤྱོད་པ་བཟང་པོ་ཞིག མི་དྲང་བདེན་ཞིག་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། དེར་བརྟེན་དེ་ཚད་ལོངས་བ་ཞིག་དགོས་ཀྱི་ཡོད་པ་དེ་བྱེས་ཀྱི་སློབ་ཕྲུག་ཅིག་ཡིན་ནའང་འདྲ་གཞིས་ལུས་ཀྱི་གཞོན་སྐྱེས་ཚོ་ཡིན་ནའང་དེ་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་ནས་ཤུགས་རྒྱག་རོགས་ཞུ་རྒྱུ་ཡིན།

བྱས་ཙང་ང་ཚོའི་མི་རིགས་ཤིག་གི་དམིགས་བསལ་ལོ་རྒྱུས་ཡོད་པ་ཙམ་མ་ཡིན་པ། འཛམ་བུ་གླིང་སྤྱིར་ལ་ཆགས་བཞག་པ་ཡིན་ནའང་ང་ཚོའི་རིག་གཞུང་དེས་ཕན་ཐོགས་ཡོད་བསྡད་པ། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་དང་ཆབས་ཅིག བོད་པ་རང་ཉིད་ཀྱི་མི་རབས་ནས་མི་རབས་བར་ཡོད་པའི་ཆོས་དང་རིག་གཞུང་དེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བདག་པོ་རྒྱག་ཟེར་བ་དེ་དགོས་པ་རྒྱུ་མཚན་མཐོང་ནས་བདག་པོ་རྒྱག་དགོས་པ་རེད་མ་གཏོགས། དགོས་པ་རྒྱུ་མཚན་མ་མཐོང་ན་བདག་པོ་རྒྱག་དགོས་དོན་ཡོད་པ་མ་རེད། སངས་རྒྱས་བཅོལ་ལྡན་འདས་ལ་ཆ་བཞག་ནའང་ཨུ་ཚུགས་གང་ཡང་རྒྱག་ཡོད་པ་མ་རེད། ཚང་མ་རང་དབང་བཞག་ཡོད་པ་རེད།

འོན་ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་གནད་འགག་ཏོག་ཙམ་ཤེས་པ་ཡིན་ན། ཁོ་ཕན་ཐོགས་ཡོད་བསྡད་པ་ཞིག་དང༌། ལྷག་པར་དུ་སེམས་འཁྲུག་པའི་སྐབས་སུ་ཕན་ཐོགས་ཡོད་བསྡད་པ་ཞིག འཛམ་བུ་གླིང་མཐའ་མེད་པ་ཞིག་ལ་ཕན་ཐོགས་ཡོད་བསྡད་པ་ཞིག་ཡིན་དུས་ཤེས་པའི་ཐོགས་ནས་དད་པ་ཐོབ་པ་ཞིག་དང༌། རྒྱུ་མཚན་མཐོང་ནས་མོས་པ་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་སོ་ཆུད་དང་མི་ཉམས་གོང་འཕེལ་གཏོང་དགོས་པ་དེ་དངོས་གནས་རང་ཕན་ཐོགས་ཡོད་བསྡད་པ་ཞིག་དང་དགོས་མཁོ་ཡོད་བསྡད་པ་ཞིག་ཡིན་དུས་བཤད་ཀྱིན་ཡོད་པ་རེད་ཅེས་བཀའ་གནང་སོང༌།

དཔལ་འབྱོལ་དང་དཔལ་འབྱོར་དང་འབྲེལ་བའི་བོད་པའི་སྤྱི་ཚོགས་ནང་གི་གནད་དོན་ཁག་ཅིག་གསུངས་དོན། ང་རང་ཚོར་དཔལ་འབྱོར་ཡར་རྒྱས་དང་ཚགས་ཚུད་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།  གཞིས་བྱེས་བོད་མི་མང་ཚང་མས་དཔལ་འབྱོར་འདུ་འགོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཡང་དཔལ་འབྱོར་གང་འཚམ་ཡག་པོ་ཆགས་དུས་༼དོན་མེད་ཀྱི་རྒྱན་པོ་འཛུགས་ནས་རྩེད་མོ་རྩེ་ཡ་དང༌། ཆང་རག་ཚོད་མེད་བཏུང་ཡ། དགོས་མེད་ཀྱི་རྒྱན་ཆ་འདྲ་མིན་བཟོ་ནས་བཏགས་པ། ནང་ལ་ཤེས་བྱ་ཡོན་ཏན་མེད་པ་ཞིག་ལ། ཕྱིའི་རྒྱན་ཆ་རྫིག་པོ་ཞིག་བཏགས་ནས་འགྲོ་བསྡད་ན་ཕན་ཐོགས་ཀྱི་མི་འདུག་ཨ།

སྔོན་མ་ནས་ངས་བཤད་ཀྱིན་ཡོད། ང་རང་ཚོར་དཔལ་འབྱོར་ཡར་རྒྱས་ཨོ་ཙམ་སོང་རྗེས། ངེས་པར་དུ་ཤེས་ཡོན་ཡར་རྒྱས་གཏོང་དགོས་པ་རེད། འཕྲོད་བརྟེན་ཡར་རྒྱས་གཏོང་ཡ། གཞིས་ལུས་ལ་ཆགས་བཞག་ན་ཞིང་འབྲོག་ས་ཁུལ་ཏུ་ཡར་རྒྱས་དེ་ཙམ་མ་ཕྱིན་པ་རྣམ་པ་ཞིག་དང༌། ང་རང་ཚོས་རང་དོན་རང་གཅེས་བྱས་ནས་དེར་ཤུགས་རྒྱག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང༌།

ནང་ཆོས་ཉམས་ལེན་བྱེད་ཕྱོགས་སྐོར་བཀའ་སློབ་གནང་དོན། ང་ཚོ་གཞིས་བྱེས་གང་ཡིན་རུང་བོད་པའི་སྤྱི་ཚོགས་ནང་ལ་དགོན་པ་ཆེ་ཆུང་གྲངས་མེད་པ་ཞིག་ཡོད་པ་མ་རེད། ང་ཚོའི་དགོན་སྡེ་རབ་བྱུང་ཕོ་མོ་དང༌། དེ་བཞིན་སྔགས་འཆང་བཅས་དགེ་འདུན་འདུས་སྡེ་ག་པ་ཡིན་ནའང་དེ་སྔའི་ང་ཚོའི་ལུགས་སྲོལ་ཆོལ་ག་ཕྱག་ལེན་འདྲ་པོ་ཞིག་གཏོན། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་གང་འདྲ་ཡིན་པ། གཞིའི་གནས་ཚུལ་གང་འདྲ་ཡིན་པ། འབྲས་བུའི་གནང་ཚུལ་གང་འདྲ་ཡིན་པ་དེ་ཚོར་སློབ་སྦྱོང་མ་བྱས་པར། གང་ཡང་མ་ཤེས་པ་བྱས་ནས་ང་ཚོའི་ཕ་མེས་ཀྱི་ལུགས་སྲོལ་ཡིན་མདོག་མདོག་འདྲ་བྱེད་ནས་བསྡད་པ་ཡིན་ན་འགྲིག་གི་མི་འདུག ངས་ནམ་རྒྱུན་ནང་པའི་ཆོས་བྱེད་མཁན་ཚང་མར་ཤོད་ཀྱིན་ཡོད། རྒྱ་རིགས་ཡིན་ནའང་འདྲ། ཉི་ཧོང༌། ཀོ་རི་བ། ཝི་ཊི་ནམ་ནིང་སི། སོག་པོ། དེ་བཞིན་དུ། ཤྲིལངྐ། ཐའེ་ཝན་ཌི་གང་ལྟར་ནང་པ་ཚང་མར་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་པ་རེད་ད།

དེ་ག་རེ་རེད་ཟེར་ལབ་ན། སངས་རྒྱས་ཀྱི་ཆོས་ཀྱི་ཁྱད་ཆོས་དེ་རྒྱུ་མཚན་དང་དགོས་པ་རིག་པའི་ལམ་ནས་གཏན་ལ་ཕབ་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་དེ་ཚོ་ཚང་མ་ཤེས་པའི་ཐོག་ནས་སངས་རྒྱས་དང༌། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་མཆིའོ་ལབ་པ་ཡིན་ན། ཤེས་ནས་དད་པ་ཐོབ་པའི་སྐྱབས་འགྲོ་རེད། དངོས་གནས་སངས་རྒྱས་ཀྱི་ཆོས་མཚན་ཉིད་ཚང་བ་ཞིག་ཆགས་ཀྱི་ཡོད་པ་རེད། སངས་རྒྱས་གང་ཡིན་པ་མ་ཤེས་པ་དང༌། ཆོས་གང་ཡིན་པ་མ་ཤེས་པ། དགེ་འདུན་གང་ཡིན་པ་མ་ཤེས་ན་མཚན་ཉིད་ཚང་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ངེས་པར་དུ་སློབ་སྦྱོང་ཐོག་ནས་ཤེས་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་རིང་ཁ་སང་བོད་ནང་དུ་ཆོལ་ག་ཕྱག་ལེན་ཙམ་མ་གཏོགས་པའི་གཞུང་ཆེན་དེ་ཚོར་དོ་སྣང་གསར་པ་ཞིག་བྱེད་ཀྱིན་ཡོད་པ་འདྲ། དེ་ཚོ་ཧ་ཅང་ཡག་པོ་རེད་ཅེས་གསུངས་འདུག

བོད་པའི་ཡ་རབས་བཟང་སྤྱོད་སྐོར་བཀའ་སློབ་གནང་དོན། བོད་པའི་གཤིས་ཀ་དེ་ཡང་འཛམ་བུ་གླིང་འདིའི་ཐོག་བོད་པ་རྒྱུས་ཡོད་མཁན་མང་པོ་ཞིག་དང༌། རྒྱ་རིགས་གྲོགས་པོ་དེ་ཚོས་ཀྱང་བོད་པའི་གཞིས་ཀ་དེ་གཉོམ་ཆུང༌། སེམས་པ་བཟང་པོ་རེད་འདུག་ཅེས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་འདུག་ཨ། དེ་འདྲའི་ང་ཚོ་བོད་པའི་གོམས་གཤིས་བཟང་པོ་དེ། ཉོ་རྒྱུ་ཡོད་པ་མ་རེད། བཟོ་གྲྭའི་ནང་བཟོ་རྒྱུ་ཡོད་པ་མ་རེད། ང་རང་ཚོའི་ཕ་མེས་ནས་མར་གོམས་གཤིས་འཇགས་བསྡད་པ་ཞིག་རེད། དེར་ཁྱད་ནོར་ཡིན་པ་ངོ་ཤེས་ནས་བདག་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་རེད།

དེ་རིང་ཁ་སང་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོའི་ནང་ང་ཚོ་བོད་པའི་བཟང་པོ་དང་ཡ་རབས་ཀྱི་སྤྱོད་པ་དེ་ག་ལེ་མར་ཉམས་ཆགས་འགྲོ་བཞིན་པའི་རྣམ་འགྱུར་དེ་འདྲ་ཕྲན་བུ་ཕྲན་བུ་ཐོན་ཡོང་གི་འདུག་ཨ། བོད་ནང་ལའང་དེ་དེ་བཞིན་རེད། དེ་གཞིས་ལུས་མི་མང་དང་བྱེས་ཀྱི་མི་མང་ལ་ཞུ་རྒྱུ་ཡིན། ནམ་རྒྱུན་དེར་ངོས་ཀྱི་སྐྱེས་ཚེས་ཀྱི་དུས་ཆེན་དེར་དོ་སྣང་ཡང་བྱེད་ཀྱིན་མེད། དེ་རིང་འདིར་མཛད་སྒོ་དེ་འདྲ་ཞིག་འཚོགས་དུས་མང་པོ་ཞིག་མཇལ། དེར་བརྟེན་ནམ་རྒྱུན་ང་རང་གི་སེམས་ནང་ཡོད་པ་དེ་བཤད་འདོད་བྱུང་ཞེས་གསུངས་སོང༌།

བོད་པའི་ཆབ་སྲིད་དང་རྩ་དོན་སྐོར་བཀའ་སློབ་གནང་དོན། དུས་ད་ལྟ་བར་ལོ་ངོ་༥༠དང་༦༠ཕྱིན་པའི་རིང་ལྷག་པར་དུ་གཞིས་ལུས་མི་མང་དེ་ཚོའི་སྙིང་སྟོབས་ཞུམ་པ་མེད་པ་བྱས་ནས་བསྡད་པ་རེད། དེར་བསྔགས་བརྗོད་ཡོད། དེ་དང་ཆབས་ཅིག བར་སྐབས་འགྱུར་བ་ཞིག་ཕྱིན་ཡོད་པ་རེད། དགེ་འདུན་རྒྱལ་མཚོ་ནས་༧རྒྱལ་དབང་གི་བླ་བྲང་དགའ་ལྡན་ཕོ་བྲང་ཆགས་ནས་ཧ་ལམ་ལོ་༦༠༠ཙམ་ཕྱིན་པ་རེད། སྐུ་ཕྲེང་གོང་མ་བཞིའི་རིང་དགའ་ལྡན་ཕོ་བྲང་ཆོས་ཕྱོགས་ཁོ་ན་ལས། ཆབ་སྲིད་ཀྱི་མཛད་འགན་ཡོད་པ་མ་རེད། ༧གོང་ས་ལྔ་པ་ཆེན་པོ་ནས་བཟུང་སྟེ་ལོ་༤༠༠ཙམ་རིང་ཕྱིན་ཡོད་པ་རེད། དེའི་ཕྱིན་ཆད་ཆབ་སྲིད་ཀྱི་དབུ་ཁྲིད་བྱས་ནས་བསྡད་པ་རེད། དེ་ཆབ་སྲིད་སྤྱི་ཡོངས་ཀྱི་གནས་སྟངས་མང་པོ་ཞིག་ལ་བལྟས་ཡོང་དུས་དེ་དུ་ཚོད་ཡོལ་ཟིན་པ་ལྟ་བུ་ཞིག་ཆགས་འདུག

སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་ཐག་ཆོད་པ་རེད། འགྱུར་བ་འགྲོ་རྒྱུ་དེ་འགྱུར་བ་མི་གཏོང་ཀ་མེད་ཅིག་གི་སྒང་ནས་ཕྱིན་པ་ཡིན་ན་དེར་དགའ་བ་སྐྱེ་རྒྱུ་མི་འདུག་ཨ། ད་ལྟའི་དུས་ཚོད་འདི་ང་ལྟ་བུ་ཞིག་གིས་སྐྱེ་ཕྲེང་༡༤པའི་མིང་ཐོག་ནས་ཧ་ལམ་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་ང་ལ་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། འཛམ་བུ་གླིང་འདི་སྒང་ལ་ཡིན་ནའང་ཕ་ཆེར་མི་ས་ཡ་འགའ་ཤས་ཀྱིས་ངོས་ངོ་ཤེས་ནས་དགའ་པོ་བྱེད་ཀྱིན་ཡོད་པ་རེད། དེ་འདྲ་ཞིག་གི་འོག་ནས་གཞན་རྐྱེན་གྱིས་འགྱུར་བ་བཏང་བ་ཞིག་མ་ཡིན་པ། རང་དབང་གི་ཐོག་ནས་རང་གི་མོས་པས་དང་དུ་བླངས་ནས་སྔར་གྱི་ལུགས་སྲོལ་དེ་དུས་ཚོད་ཡོལ་ཚར་བ་དེ་དགའ་ཞིང་སྤྲོ་ཞིང་སྤོབས་པའི་ཐོག་ནས་འགྱུར་བ་གཏོང་བ་དེ་ཤིན་ཏུ་འོས་ཤིང་འཚམ་པ་ཞིག་མཐོང་གི་འདུག

ང་ཚོ་བོད་མི་ཁྲོད་ཆགས་བཞག་ནའང་མང་གཙོའི་གོ་རྟོགས་ཧ་ཅང་ཡག་པོ་རེད། འདས་པའི་ལོ་༡༠ལྷག་ཙམ་རིང་ང་ཚོས་ཕྱིའི་ཆབ་སྲིད་ཀྱི་འགན་འཁུར་མཁན་དེ་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་དེ་བྱས་ནས་ངའི་གནས་སྟངས་དེ་ཕྱེད་རྒན་ཡོལ་ལྟ་བུ་བསྡད་ཡོད་པ་རེད། ད་ཆ་ལོ་༥རེའི་མཚམས་སུ་འོས་བསྡུ་བྱས་ནས་ཐེངས་༣པར་སླེབས་ཡོད་པ་རེད། དེ་རིང་ཆབ་སྲིད་ཀྱི་འགན་འཁུར་མཁན་འོས་བསྡུ་བྱས་དུས། གཞོན་པ་རྒྱ་གར་ནང་སྐྱེས་ནས་ རྒྱ་གར་ནང་འཚར་ལོངས་བྱུང་བའི་སློབ་སྦྱོང་དེང་རབས་ཀྱི་ཤེས་ཡོན་ཆ་ཚང་བ་ཡོད་མཁན་ཞིག་ལ་མང་མོས་འོས་ཤོག་ཐོབ་པ་ཧ་ཅང་ཡག་པོ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་མིའི་བསམ་བློའི་གནས་སྟངས་དེ་གང་འཚམ་ཡར་ཚད་མཐོ་པོར་སླེབས་ཡོད་པའི་རྟགས་ཧ་ཅང་གསལ་པོ་རེད།

དེར་བརྟེན་གང་ལྟར་ལོ་༤༠༠ལྷག་ཙམ་ཕྱིན་པའི་དགའ་ལྡན་ཕོ་བྲང་དེ་ཆབ་སྲིད་ཀྱི་འགན་བཞེས་རྒྱུ་དེ་མཚམས་བཞག་དགོས་པ་དེ་འོས་པོ་དང་དུས་ཚོད་ཏག་ཏག་ཅིག་ལ་སླེབས་ཡོད་པ་མཐོང་གིན་འདུག ཕྱི་ལོ་༡༩༥༡དང་༥༢དེ་ཚོའི་ནང་ངས་ཆབ་སྲིད་ཀྱི་འགན་འཁུར་ནས་ལེགས་བཅོས་ཚོགས་ཆུང་བཙུགས་རྒྱུ་དེ་དུས་ནས་ཐག་བཅད་པ་ཡིན། མཐའ་མར་༡༩༥༩ལོར་ང་ཚོ་བཙན་བྱོལ་བ་ཆགས་ཚར་དུས་སུ་ཞིག་ལ་སྟབས་བསྟུན་བྱེད་དགོས་ཀྱི་ཡོད་པ་མ་རེད། དེར་བརྟེན་བཙན་བྱོལ་ནང་སླེབས་ནས་ལོ་༡ནང་མང་གཙོ་སྒྱུར་བཅོས་གཏོང་རྒྱུ་དེ་འགོ་བཙུགས་པ་རེད། དེ་ནས་ཕྱི་ལོ་༢༠༠༡ལོ་ནས་ཆབ་སྲིད་ཀྱི་འགན་དེ་འོས་བསྡུ་བྱས་པའི་མི་དེས་འཁྱེར་ནས་ངོས་རང་ལ་ཚུར་སྐད་ཆ་འདྲི་བ་ཞིག་བྱུང་ནས་གོ་སྡུར་བྱས་པ་ལས་གཞན་འགན་མེད་པ་ལྟ་བུ་བྱས་ནས་བསྡད་པ་རེད། འཐུས་ཤོར་གང་ཡང་ཕྱིན་ཡོད་པ་མ་རེད།

ད་ལྟ་ངོས་ཀྱིས་དགའ་ལྡན་པོ་བྲང་གི་ཆབ་སྲིད་འགན་ད་མཚམས་བཞག་ནས། ཆབ་སྲིད་ཀྱི་འགན་འཁུར་དེ་འོས་བསྡུ་བྱས་པའི་མི་དེས་གཙང་མ་ཞིག་འཁུར་རྒྱུ་བྱས་ཡོང་དུས། ང་ཚོར་རྒྱ་མི་གུང་ཁྲན་གྱི་ལས་བྱེད་པ་ཁག་ཅིག་གིས་བོད་ཀྱི་གནད་དོན་དེ་མི་བྱེ་བྲག་པ་ཅིག་ལ་ཐུག་ཡོད་པ་རེད། དེ་མེད་པ་ཆགས་དུས་བོད་ཀྱི་གནད་དོན་དེ་མེད་པ་ཆགས་འགྲོ་ངེས་རེད་ཟེར་བའི་སྐད་ཆ་དེ་བདེན་པ་མ་རེད་ཁུངས་མེད་རེད།

༧རྒྱལ་བ་རིན་པོ་ཆེ་ཡོད་རུང་མེད་རུང་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་དེ་འོས་བསྡུ་བྱས་པའི་མི་དེས་ཆ་ཚང་འཁྱེར་དུས། ཕྱོགས་གཅིག་ནས་ང་ཚོའི་མང་གཙོ་དེ་བརྒྱ་ཆ་བརྒྱ་ཐམ་པ་མཚན་ཉིད་ཚང་བ་ཞིག་ཆགས་བསྡད་ཡོད་པ་རེད། གཉིས་ནས་ཧ་ཅང་གཏན་པོ་ཞིག་ཆགས་པ་རེད། བར་སྐབས་འགྱུར་བ་བཏང་བ་དེ་ངོས་རང་ཆུང་ཆུང་ཆགས་པ་དང་བོད་དོན་གྱི་རེ་བ་བརླགས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། དེ་བཞིན་དུ་ང་ཚོས་བཙན་བྱོལ་གཞུང་ཟེར་ནས་བོད་སྐད་ནང་གཞུང་ལབ་ན་ཏག་ཏག་འགྲོ་བཞིན་ཡོད་པ་རེད། བླ་བྲང་གཞུང་ཟེར་བ་དང་ཆོས་ཀྱི་གཞུང་ཟེར་བ། མི་ཚང་གཞུང་ཟེར་བ། བོད་གཞུང་ཟེར་བ་དེ་ད་ལྟ་དངོས་གནས་རང་མང་གཙོ་མི་མང་གི་འོས་བསྡུ་བྱས་ནས་འགྲོ་བཞིན་པའི་འགོ་ཁྲིད་ཅིག་ཆགས་པ་རེད། དབྱིན་ཇིའི་ནང་ Prime Minister

སྔོན་མ་ནས་ལབ་ཀྱིན་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ལབ་ན་འདྲ། གང་ལྟ་བོད་གཞུང་ཟེར་ནའང་འདྲ། དུས་ཡུན་རིང་པོར་གཏན་པོ་གནས་ཐུབ་ཐབས་སུ་སྒྱུར་བཅོས་ཤིག་བཏང་བ་རེད་མ་གཏོགས། བོད་གཞུང་བསྡུ་གསོག་བརྒྱབ་པ་ཡང་མ་རེད། བོད་གཞུང་མིང་མེད་བཟོས་པ་ཡང་མ་རེད། དེ་སྔ་ཕན་ཆད་ལ་ཏཱ་ལའི་བླ་མ་ཟེར་བ། ཏཱ་ལའི་བླ་མའི་ Institution ༧རྒྱལ་བ་རིན་པོ་ཆེའི་བླ་བྲང་ཟེར་བ་དེ་འདྲ་ཞིག་གི་མིང་གི་འོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་བསྡད་པ་རེད། དེ་དབྱེ་བ་གསལ་པོ་ཕྱེ་ཡོང་དུས་དེ་ལ་བབ་པའི་བྱེད་ཐབས་ཤིག་མ་བྱུང་ན་སྐྱོན་ཡོང་གི་རེད། གཙོ་ཆེ་ཤོས་རྒྱ་གར་གཞུང་རེད། དེ་བཞིན་དུ་ལུང་པ་མང་པོའི་ནང་དཀའ་ངལ་འཕྲད་པ་དེ་འདྲ་ཡོང་སྲིད་ཀྱི་རེད།

དེར་བརྟེན་ང་ཚོ་མཐུན་འགྱུར་རྒྱབ་སྐྱོར་བྱེད་མཁན་ཚོར་དཀའ་ངལ་མི་འཕྲད་ཆེད་དང༌། ང་ཚོ་བོད་པའི་ངོས་ནས་ཀྱང་ཕྱི་ལ་གཅག་དང་ནང་ལ་གཅིག་དེ་འདྲ་མིན་པར་ཕྱི་བསལ་ནང་བསལ་ཞིག་གི་འོག་ནས་ཐེངས་འདིར་འགྱུར་བ་གསར་པ་དེ་འདྲ་རེད།  དེར་བརྟེན་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེ་མི་མང་ཡིན་ནའང་འདྲ། བཙོན་བྱོལ་ནང་ཡོད་པའི་བོད་པ་ཞིག་ཡིན་ན་འདྲ་ཚང་མ་བློ་བདེ་པོ་སེམས་ལྷོད་ལྷོད་བྱེད་ནས་བཞུགས་ཨ། གོ་ཡག་པོ་ཞིག་མ་ཚུད་པར་སྲང་ལམ་ཁྲོད་ཀྱི་སྐད་ཆ་ལྟར་ཡར་མར་མདའ་དཀྲུག་ཕུགས་དཀྲུག་བྱས་ན་ཡག་པོ་མི་འདུག ལྷག་པར་དུ་གཞིས་ལུས་རྒྱ་ཆེ་མི་མང་གིས་གནས་ཚུལ་བཟང་བ་དང་གཏམ་སྙམ་པ་ག་རེ་ཞིག་གོ་རྒྱུ་ཡོད་ན་སྙམ་ནས་སྒུག་བསྡད་པའི་སྐབས་སུ། གོ་མ་ཚུད་པའི་དཀྲོག་གཏམ་དེ་འདྲ་བཤད་པ་ཡིན་ན། ཕན་ཐོགས་མི་འདུག་ཨ།

ཡང་ན་བདེན་པ་ཡོད་ན་རྒྱུ་མཚན་གཅིག་དང་གཉིས་རེ་ཟེར་ནས་བཤད་དགོས་པ་རེད། དེ་འདྲ་མེད་པའི་འཆལ་གཏམ་དང་འུ་ཤོབ་ལྟར་སྒྲོག་པ་ཡིན་ན་ཡག་པོ་མི་འདུག དེ་ཁྱེད་རང་ཚོ་ཚང་མས་ངེས་པར་གྱིས། དེར་བརྟེན་བར་སྐབས་ངས་འགྱུར་བ་བཏང་བ་དེ་དགོས་པ་རྒྱུ་མཚན་ཡོད་པ་ཞིག་དང༌། དུས་ཚོད་ཏག་ཏག་རན་པ་ཞིག དེ་ཡང་ལོ་ལྔ་བཅུ་དྲུག་ཅུའི་རིང་བསམ་བློའི་ནང་ཡོད་བསྡད་པ་ཞིག་རེད། ཚུར་ཙམ་དེར་དགའ་ལྡན་ཕོ་བྲང་ལ་ཆགས་བཞག་པ་ཡིན་ན། དགའ་ལྡན་ཕོ་བྲང་གི་གནས་སྟངས་དེ་བརྟན་དུ་ཕྱིན་པ་རེད། ༧རྒྱལ་བ་སྐུ་ཕྲེང་རིན་བྱོན་ཡོང་བར་བརྟན་དུ་ཕྱིན་པ་རེད། དེར་བརྟེན་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད་ནས་བཞུགས་རོགས། བཀྲིས་བདེ་ལེགས་ཞེས་བཀའ་བསྩལ་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།