ཨ་རི་དང་དབྱིན་ཇི་ཐའེ་ཝན་སོགས་སུ་འཁྲུངས་སྐར་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༥ཉིན། ཨ་རི་དང་དབྱིན་ཇི་ཐའེ་ཝན་བཅས་སུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་༧༦ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་གསལ་ལྟར་ན། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་རེས་གཟའ་སྤེན་པའི་གུང་སེང་དང་སྟབས་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན།  ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་གི་ཉེ་འཁྲིས་ཀྱི་ཚོགས་ཁང་ཞིག་ཏུ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད།

མཛད་སྒོ་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌།  བླ་སྤྲུལ་དགེ་བཤེས་རྣམ་པ།  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ།  ས་གནས་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བས་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག  སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་དོན།  སྐུའི་འཁྲུངས་སྐར་སྐབས་བོད་མི་ཚང་མས་མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་སྒྲུབ་ཐུབ་རྒྱུར་དོ་བདག་རང་ཉིད་ནས་སེམས་ནང་དམ་བཅའ་གསར་པ་འཇོག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད།  དཔེར་ན། བོད་མི་ནང་ཁུལ་སྔར་ལས་ཆིག་སྒྲིལ་བྱེད་རྒྱུ་ཙམ་མ་ཟད།  འཚེ་བ་མེད་པ་དང་བྱམས་དང་སྙིང་རྗེ་ལྡན་པའི་བོད་ཀྱི་རིག་གཞུང༌།  དེ་བཞིན་བོད་མིའི་གོམས་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་བཅས་གནད་དོན་དེ་གཉིས་ཀྱི་ཐོག་བོད་མི་ཚང་མས་སྔར་ལས་ལྷག་པའི་ཧུར་ཐག་བྱེད་ཀྱི་ཡིན་བསམ་པའི་དམ་བཅའ་ཞིག་འཇོག་ཐུབ་ན།  སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་དགོས་དོན་ཚང་བ་རེད་ཅེས་དང༌།

ཡང་ཁོང་གིས།  བོད་ཀྱི་བདེན་པའི་འཐབ་རྩོད་དེ་རྒྱལ་སྤྱིའི་ཐོག་ཚད་མཐོ་པོར་སླེབས་ཐུབ་པ་དེ་ ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་སྤྱི་དང༌། ཡང་སྒོས་གཞིས་ལུས་རྒྱ་ཆེའི་མི་མང་གི་འཇིགས་ཞུམ་མེད་པའི་སྙིང་སྟོབས་ལས་བྱུང་བ་དེ་ང་ཚོས་ག་དུས་ཡིན་རུང་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་མ་ཟད།  དེ་སྔ་སྐུ་ཚབ་དོན་གཅོད་ཁང་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང༌།  སྐྱིད་སྡུག་ཁག་གི་ཚོགས་འདུ་བསྐོངས་ནས་སྦག་ཁང་བཟུང་མཁན་བོད་མི་རེ་ཟུང་ཡོད་པ་དེ་དག་མཚམས་འཇོག་ཡོང་ཐབས་ལ་འབད་བརྩོན་དགོས་པའི་འབོད་སྐུལ་ཞུས་པ་ལྟར་བར་ལམ་སྦག་ཁང་བཞི་ཙམ་མཚམས་འཇོག་ཟིན་འདུག་པས་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་དོ་བདག་སོ་སོ་དང༌།  ལས་དོན་དེ་ལ་རྒྱབ་སྐྱོར་གནང་མཁན་ཚོགས་སྐྱིད་ལ་གོ་སྐབས་འདི་བརྒྱུད་བསྔགས་བརྗོད་དང༌།  ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ཀྱིས་གསུང་བཤད་གནང་སྐབས།  རང་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་དང༌།  རིག་གཞུང་ལ་ཐུགས་སྣང་དགོས་པ་མ་ཟད།  བོད་མི་རིགས་ཀྱི་ལ་རྒྱ་མི་ཉམས་རྒྱུན་འཛིན་དགོས་པའི་འབོད་སྐུལ་གནང་ཡོད་འདུག དེ་རྗེས་ནེའུ་ཡོག་དང༌།  ནེའུ་ཇར་སི་བོད་ཡིག་སློབ་གྲྭ་དང༌།  ཆོལ་གསུམ་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རོལ་དབྱངས་དང༌།  གཞས་སྣ་ཁག་འཁྲབ་སྟོན་གནང་ཡོད་པ་མ་ཟད།  སྐྱིད་སྡུག་ཁག་ནས་ཀྱང་རང་རང་སོ་སོའི་ཡུལ་ལུང་གི་གཞས་སྣ་འཁྲབ་སྟོན་གྱིས་ཉིན་གང་པོར་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག

ཡང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གིས་གསན་ཚུལ་བཏང་གསལ་ལྟར་ན། ཐེ་ཝན་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་ཐོག་ཐེ་ཝན་རྒྱལ་སྤྱིའི་ཚོགས་ཁང་གི་ཚོམས་ཆེན་ནང་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ རེས་གཟའ་ཉི་མའི་གུང་སེང་དང་སྟབས་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག

མཛད་སྒོའི་ཐོག་ཐེ་ཝན་གནས་སྡོད་བོད་མི་དང༌། ཐའེ་ཝན་ནང་ཡོད་པའི་ནང་པའི་ཆོས་ཚོགས་དང་བསྟི་གནས་ཁག་ནས་དགེ་འདུན་པ་༦༠ལྷག་ཙམ་དང༌། བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་མི་བཅས་ཁྱོན་མི་གྲངས་ ༤༠༠ བརྒལ་བ་མཉམ་འཛོམས་གནང་སྟེ་ཐོག་མར་ཐེ་ཝན་རྒྱལ་སྤྱིའི་བོད་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང༌། དེ་རྗེས་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་ཀྱིས་བོད་རིགས་ཚོགས་པའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་དང་སྦྲགས། ཐེ་ཝན་ནང་བོད་དོན་ཆེད་ལས་འགུལ་སྤེལ་བའི་པར་རིགས་ཁག་ཀྱང་མཉམ་དུ་འགྲེམས་སྟོན་གནང་འདུག དེ་ནས་ཐའེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྐུའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་གསུང་བཤད་གྲུབ་རྗེས། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་གསུང་འདོན་གནང་སྟེ་གསོལ་ཇའི་བར་སེང་དང༌། དེ་རྗེས་བོད་མི་དང་ཐེ་ཝན་མི་རིགས་ཀྱིས་བསྟོད་དབྱངས་ལེན།  དེ་བཞིན་ཐེ་ཝན་གྱི་མི་སྣ་ཞིག་གིས་ཉེ་ཆར་བོད་དཀར་མཛེས་ཁུལ་དུ་མཐོང་བའི་མྱོང་ཚོར་བརྙན་འཕྲིན་བསྟན་པ་དང༌། ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཟོ་སྐྲུན་གནང་བའི་བོད་མི་རྣམས་༼བཙན་བྱོལ་དུ་མི་ལོ་ལྔ་བཅུ་འདས་པའི་དངོས་བྱུང་གློག་བརྙན་༽བསྟན་ཏེ་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་འདུག

གཞན་ཡང་ཕྱི་ཟླ་ ༧ ཚེས་ ༢ ཉིན། ཐེ་ཝན་རྒྱལ་སྤྱིའི་བོད་ཀྱི་ནང་བསྟན་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་ཚོགས་པ་དང༌། མཛད་སྒོར་༧གོང་ས་མཆོག་གིས་བཀའ་སློབ་བཀའ་དྲིན་བསྐྱངས་པའི་བརྙན་འཕྲིན་སྟོན་གནང་འདུག་པ་དང༌། དེ་བཞིན་བོད་ཀྱི་ཆོས་ལུགས་རིས་མེད་དབུ་ཁྲིད་སྐྱབས་རྗེ་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང༌། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག སྐྱབས་རྗེ་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག སྐྱབས་རྗེ་སྨིན་གྲོལ་གླིང་མཁོ་སྤྲུལ་རིན་པོ་ཆེ་མཆོག་བཅས་ཀྱིས་གནང་བའི་འཚམས་འཕྲིན་ཁག་ཐེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་སྒྲོགས་སྦྱང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། མཐར་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང༌། འཇིག་རྟེན་ཞི་བདེ་ཡོང་སླད་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་འདུག

ཡང་དབྱིན་ཡུལ་དུ་ཡོད་པའི་བོད་རིགས་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕྱི་དྲོ་ཞིག་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༢༥༠ལྷག་ཙམ་ལྷན་འཛོམས་ཀྱིས། དམིགས་བསལ་བཞེས་ལག་གོ་སྒྲིག་དང་གཞས་དང་ཞབས་དྲོ་བརྒྱབ་པ་སོགས་བྱས་ནས་སྐུའི་འཁྲུངས་སྐར་ཟབ་རྒྱས་ཤིག་སྲུང་བརྩི་ཞུས་ཡོད་འདུག མཛད་སྒོ་འཚོགས་སའི་ཚོགས་ཁང་དེའི་ནང་བོད་ཀྱི་རྒྱལ་དར་དང་རླུང་རྟ་སོགས་སྒྲེང་འཛུགས་བྱས་པ་དང༌། ཚོགས་ཁང་གི་མདུན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཆེན་པོ་ཞིག་སྒྲོན་ནས། ལང་ལཱ་དང་མར་མེ་སོགས་ཀྱིས་མཆོད་འབུལ་བྱས་ཡོད་འདུག

ཐོག་མར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་དང༌། དབྱིན་ལན་སྐུ་ཚབ་དོན་གཅོད་སྐུ་ངོ་ཐུབ་བསྟན་བསམ་འགྲུབ་ལགས་ནས་ངོ་སྤྲོད་བཅས་ཀྱི་གསུང་བཤད་གནང་གྲུབ་རྗེས། ལོ་ན་༣ནས་༡༥བར་གྱི་བོད་ཕྲུག་རྣམས་དང་བོད་མི་བཅས་ནས་གཞས་སྣ་འཁྲབ་སྟོན་སོགས་དགའ་དགའ་སྤྲོ་སྤྲོའི་ངང་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག མཛད་སྒོ་ཐོག་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཟུར་པ་བསོད་ནམ་ཕེ་སི་ལགས་ནས། འདས་པའི་ལོ་ངོ་༡༠ཙམ་གྱི་རིང་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་བཞེས་པ་སོགས། མདོར་ན་དབྱིན་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་ཞབས་ཕྱི་མི་དམན་པ་ཞུས་པ་བཅས་ལ་བརྟེན། ཁོང་ལ་དམིགས་བསལ་གཟེངས་བསྟོད་ཅིག་ཕུལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།