དགོངས་ཚུལ།

ཀྲུང་གོའི་ཁྱད་ལྡན་དེང་རབས་ཅན་དང་བོད་ཀྱི་ཉམས་ཉེས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༤ཉིན། དེ་རིང་ཞོགས་པ་ཆུ་ཚོད་༡༠དང་ཕྱེད་ཀ་ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་པར་རྟེན་གཞི་བྱས་ཡོད་པའི་རྒྱ་གར་ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང༌། དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་མཉམ་སྦྲེལ་གྱིས་བཏོན་པའི་༼ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དང་བོད་ཀྱི་རིགས་གཞུང་ཉམས་ཉེས་༽ཞེས་པའི་བོད་གནས་ཉམས་ཞིབ་བྱས་པའི་ཤོག་གྲངས་༣༠༢ཅན་གྱི་དེབ་ཅིག་དབུ་འབྱེད་བྱས་སོང༌།

དཔེ་དེབ་དབུ་འབྱེད་མཛད་སྒོ་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཆེད་དུ་གདན་འདྲེན་ཞུས་འདུག་ལ། གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་དང༌། རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་ལྷན་ཚོགས་ཀྱི་ཚོགས་ མི་སྐུ་ཞབས་མཁས་དབང་ཨཱ་ནན་ཌ་ཀུ་མཱར་གཉིས་ལྷན་ཞུགས་གནང་འདུག

དྲིལ་བསྒྲགས་དྲུང་ཆེ་མཆོག་ནས་༼ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དང་བོད་ཀྱི་རིགས་གཞུང་ཉམས་ཉེས།༽ (Imposing Modernity With Chinese Characteristics:The fate  of Tibetan Civilization) ཞེས་པའི་དེབ་དེ་དབུ་འབྱེད་གནང་བ་དང༌། མཁས་དབང་ཨཱ་ནན་ཌ་ཀུ་མཱར་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་རྣམ་གཉིས་ཀྱིས། དཔེ་དེབ་ངོ་སྤྲོད་དང་འབྲེལ་རྒྱབ་ལྗོངས་གནས་ཚུལ་རྣམས་གསར་འགོད་པར་འགྲེལ་བརྗོད་གནང་སོང༌།

དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས།

རྒྱ་མིས་བསམ་བཞིན་དུ་བྱས་མིན་ལ་མ་ལྟོས་པར་བོད་ནང་དུ་བོད་ཀྱི་རིག་གཞུང་རྩ་མེད་འགྲོ་བཞིན་ཡོད་སྐོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་བཀའ་ཕེབས་བཞིན་ཡོད། ༧གོང་ས་མཆོག་གི་བཀའ་སློབ་དེར་གཙིགས་ཆེར་འཛིན་ཏེ་བོད་ཀྱི་རིག་གཞུང་རྩ་མེད་འགྲོ་བཞིན་པའི་གནས་ཚུལ་ཁུངས་སྐྱེལ་ར་སྤྲོད་མཚོན་ཆེད་སྙན་ཐོ་འདི་འདྲ་ཞིག་ཚོགས་པ་གཉིས་ཐུན་མོང་གིས་འབད་བརྩོན་གནང་སྟེ་བཏོན་ཐུབ་པ་ནི་གཟིད་བརྗིད་ལྡན་པའི་གྲུབ་འབྲས་ཤིག་རེད།

སྙན་ཐོ་འདི་རིགས་དེ་སྔ་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་རྒྱལ་སྤྱིའི་ཁྲིམས་རྩོད་ཚོགས་ཆུང་ཞིག་ཡོད་པ་དེ་ནས་ཕྱི་ལོ་ ༡༩༥༩ ལོའི་སྙན་ཐོ་ཞིག་བཏོན་ཡོད།  དེ་རྗེས་ཕྱི་ལོ་ ༡༩༦༠ ལོ་དང་དེ་ནས་སྙན་ཐོ་མཐའ་མ་དེ་ཕྱི་ལོ་ ༡༩༩༡ ལོར་བཏོན་ཡོད། ཕྱི་ལོ་ ༡༩༥༩ ལོའི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བསམ་བཞིན་དུ་བོད་རིགས་རྩ་མེད་གཏོང་བཞིན་ཡོད་པ་གསལ་ཡོད། སྙན་ཐོ་དེར་གཞི་བཞག་སྟེ་རིམ་བཞིན་ཕྱི་ལོ་ ༡༩༦༡ །༡༩༦༥ སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་གྲོས་ཆོད་བཞག་ཡོད་ཅེས་གསུངས་སོང༌།

ཡང་ཁོང་གིས་པཎ་ཆེན་རིན་པོ་ཆེས་སྐུ་ཐོག་གོང་མས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་གསལ་ པོ་བྱས་ནས་ཐེར་འདོན་གནང་ཡོད་པ་རེད། དེའི་ནང་དུ་རྒྱ་མིའི་སྲིད་བྱུས་དེས་བོད་ཀྱི་རིག་གཞུང་ལ་ཕན་ཐོགས་ཀྱི་མེད་སྐོར་སྐུ་སྲོག་བློས་གཏོང་གིས་གསུངས་དགོས་བྱུང་བ་རེད། དེའི་རྐྱེན་གྱིས་ལོ་མང་པོའི་རིང་བཙོན་ཁང་དུ་བཅུག་པ་རེད། བཙོན་ནས་གློད་གྲོལ་བྱུང་རྗེས་ཕྱི་ལོ་༡༩༨༨ ལོར་པཎ་ཆེན་རིན་པོ་ཆེས་ཕྱོགས་བསྡོམས་གནང་ནས། རྒྱ་མི་བོད་ལ་ཡོང་ནས་བོད་ལ་ཕན་ཐོགས་བྱུང་འདུག ཡང་ན་གྱོང་རག་འདུག་ཅེས་པ་དེར། མཐའ་མ་དེར་རྒྱ་མི་བོད་ལ་ཡོང་བ་དེས་བོད་ལ་གྱོང་རག་འདུག་ཅེས་གསུངས་པ་རེད། དེ་ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་པ་ཚོས་ཁ་བདེ་པོ་བཤད་པ་དེ་འདྲ་རྩ་བ་ནས་མ་རེད། བོད་ནང་དུ་ཡོད་པའི་བོད་མི་གནད་ཡོད་མི་སྣ་ཚོས་བོད་ཀྱི་རིག་གཞུང་རྩ་བརླག་འགྲོ་གི་འདུག་ཅེས་གསུངས་པ་རེད། དེར་བརྟེན་ཚགས་པར་འགོད་མཁན་ཚོས་ཡིག་ཆ་འདིའི་རིགས་ལ་འགྲེལ་བཤད་གཏིང་རིང་པོ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང༌།

ཨཱ་ནན་ཌ་ཀུ་མཱར་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་འདུག་ཅེས་པའི་སྐྱོན་བརྗོད་དེ་རྒྱུ་མཚན་ལྡན་པའི་དངོས་ཡོད་གནས་ཚུལ་ཞིག་ཡིན་ནམ་ཡང་ན་འཁྱོག་བཤད་གང་ཡིན་འཚོལ་ཞིབ་བྱ་རྒྱུ་དེ་དཔེ་དེབ་འདིའི་དགོས་དམིགས་གཙོ་བོ་ཡིན། ཕྱི་ལོ་ ༡༩༦༠ ལོའི་ཕྱི་ཟླ་ ༨ ནང་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་ (International Commission of Jurist) ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པ་ར་སྤྲོད་བྱས་ཡོད།

དེ་སྔ་རྒྱ་ནག་གཞུང་གིས་བོད་དེ་ཞིང་བྲན་ལམ་ལུགས་ནས་བཅིངས་གྲོལ་བཏང་ཡོད་སྐོར་དང༌།  དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་མེ་འཁོར་གྱི་ལྕགས་ལམ་འཛུགས་སྐྲུན་དང་ཤེས་ཡོན་ལམ་ལུགས་གསར་གཏོད་བྱས་པ། བོད་མིའི་འབྲོག་པ་ཚོར་ཁང་པ་གསར་བཟོ་བྱས་པའི་དེང་རབས་འཛུགས་སྐྲུན་གྱི་འཚོ་བ་གསར་པ་ཞིག་སྦྱིན་པར་བརྟེན།  བོད་མི་ཚོ་བདེ་སྐྱིད་ཀྱི་དཔལ་ཡོན་ལ་རོལ་བཞིན་ཡོད་སྐོར་དྲིལ་བསྒྲགས་བྱས་དང་ བྱེད་མུས་ཡིན་པ་དེ་དོན་དངོས་ཐོག་དེང་སང་བོད་ནང་རྒྱ་མི་རིགས་སྤོ་ཤུགས་དང་བོད་མི་རིགས་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་གི་གནས་སྟངས། བཅས་དངོས་ཡོད་གནས་ཚུལ་ཐོག་ནས་ཧ་ཅང་ཛ་དྲག་དང་དཀའ་ངལ་ཆེན་པོའི་ནང་ལྷུང་ཡོད་ལུགས་སོགས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སྐུ་ཞབས་ཨཱ་ནན་ཌ་ཀུ མཱར་ལགས་ལ་དངོས་གནས་བོད་ཀྱི་མི་རིགས་རིག་གནས་དང་བཅས་པར་རྒྱ་དམར་པོའི་ལོག་སྤྱོད་འོག་ཇི་ལྟར་བྱུང་དང་བྱུང་བཞིན་པར་གསར་བོ་མཁྱེན་གྱི་འདུག་་བདེན་དོན་ལ་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ།། །།



བརྗོད་གཞི་གཞན་ཁག་ལ་གཟིགས།