དགོངས་ཚུལ།

རྡོ་གདན་དུས་དབང་གོ་སྒྲིག་ཚོགས་ཆུང་གི་དྲ་རྒྱ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡ཉིན། དེ་རིང་གངས་སྐྱིད་བཀའ་ཤག་གསར་པའི་ཚོགས་ཁང་དུ་ཕྱི་ལོ་༢༠༡༢ལོའི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པའི་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་རེད། དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་བཅས་ཆེད་དུ་གདན་འདྲེན་ཞུས་འདུག

ཕྱི་ལོ་༢༠༡༡ཟླ་༡༢པའི་ཚེས་༣༡ནས་ཕྱི་ལོ་༢༠༡༢ཟླ་༡ཚེས་༡༠བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པ་བསྩལ་གནང་རྒྱུར་ཐུགས་གཏན་འཁེལ་བར་བརྟེན། དུས་དབང་གོ་སྒྲིག་ཚོགས་ཆུང་ནས་ www.kalachakra2012.org ཞེས་པའི་དྲ་རྒྱ་ཞིག་ཆེད་དུ་བཟོས་པར་དེ་རིང་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་ཡོད།

བཀའ་ཁྲི་མཆོག་གིས། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གིས། བོད་དང་རྒྱ་གར་འཕགས་པའི་ཡུལ། ནུབ་ཕྱོགས་ཀྱི་གླིང་ཆེན་ཁག་གི་ནང༌། དུས་ཚོད་དཀའ་ངལ་ཅན་ཞིག་གི་ནང་༧རྒྱལ་བ་སྐུ་ཕྲེང་ན་རིམ་ནང་མ་བྱུང་བའི་༧དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་པ་སོགས་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད།

ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པ་དེ་གནང་གཏན་འཁེལ་བ་དེ་རླབས་ཆེན་གྱི་དགོངས་བཞེས་ཤིག་རེད་བསམས་ཀྱི་ཡོད།

དེ་ སྔ་ཕན་ཆད་བྱོན་ཟིན་པའི་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་འཛིན་མཁན་གྱི་བླ་ཆེན་ནང་ནས། ཀུན་མཁྱེན་ཏཱ་ར་ཎ་ཐ་ཕུད་པའི་གཞན་བླ་ཆེན་སུས་ཀྱང་དུས་འཁོར་བཀའ་དབང་ཐེངས་༣དང་༤ལས་ལྷག་གནང་མ་མྱོངས་བ་ཞིག་རེད། ཐེངས་འདིར་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གིས་འཕྲིན་ལས་ཀྱི་འགྲོ་དོན་དུ་ད་སྔ་ཕན་ཆད་ཐེངས་༣༠གནང་གྲུབ་པ་རེད། ཐེངས་༣༡དེ་ཟླ་འདིའི་ནང་གནང་རྒྱུ་དང༌། ཐེངས་༣༢པ་དེ་འདི་ལོའི་ལོ་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ་གནང་རྒྱུ་ཡིན་པ་རེད།

ཕྱོགས་གཅིག་ནས་སྙིགས་མའི་རྒུད་ཚོགས་འདུ་བའི་འཇིག་རྟེན་འདི་ཧ་ཅང་ཛ་དྲག་གི་གནས་བབ་ཅིག་དུ་གནས་ཡོད་ནའང༌། ཕྱོགས་གཞན་པ་ཞིག་ནི་བླ་མ་དང་ཆོས་ཁྱད་པར་འཕགས་པའི་བཀའ་དྲིན་ལ་བརྟེན་ནས་གནང་རྒྱུའི་གོ་སྐབས་ཡོད་པ་དེ་ཧ་ཅང་གི་བསྐལ་བ་བཟང་པོ་དང་། བསོད་ནམས་ཆེན་པོ་ཡིན་སྟབས་འཇིག་རྟེན་གྱི་རྒུད་ཚོགས་མཐའ་དག་ཞི་བའི་རེ་བ་ཡོད་པར་སེམས་ཞེས་སོགས་བཀའ་གནང་ཡོད།

རྡོ་གདན་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སློབ་དཔོན་བླ་མ་ངག་དབང་ནོར་བུ་མཆོག་ནས། ཕྱི་ལོ་༢༠༡༢ཕྱི་ཟླ་༡༢པའི་ཚེས་༣༡ནས་ཕྱི་ཟླ་༡ཚེས་༡༠བར་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་༣༢པ་བསྩལ་གནང་མཛད་རྒྱུར་ཐུགས་གཏན་འཁེལ་བར་བརྟེན། ད་ལམ་གནས་ཀྱི་ཁྱད་པ་བདག་ཅག་གི་སྟོན་པ་སངས་རྒྱས་པའི་གནས་དང༌། བླ་མའི་ཁྱད་པར་འཕགས་མཆོག་ན་ཕྱག་པད་མོ་སྐུ་དངོས་དང་ཆོས་ཀྱི་ཁྱད་པར་རྒྱུད་ཀྱི་ཡང་རྩེ་དཔལ་ལྡན་དུས་ཀྱི་འཁོར་ལོ་ལྟ་བུའི་ཁྱད་ཆོས་གསུམ་འཛོམས་ཀྱི་སྐལ་བཟང་གི་ཉིན་མོ་དེ་དང་སྟབས་བསྟུན། རིས་མེད་སྨོན་ལམ་དང་འབུམ་ཚོགས་ཕྱི་ཚེས་༡༠ཉིན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི། དོལ་རྒྱལ་དང་འབྲེལ་བ་མེད་པའི་དད་ལྡན་ཆོས་ཞུ་བ་མི་མང་ཐུན་མོང་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་འགྲོ་སྤྱིའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་རྒྱས་པ་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་པས། ༧གོང་ས་མཆོག་གི་སྐུའི་ཚེ་སྒྲུབ་ཀྱི་ཆེད་དུ་དད་ལྡན་ཆོས་ཞུ་བ་མི་མང་སྤྱི་དང༌། ཡང་དགོས་ཟ་ཁང་དང་ཟས་རིགས་ལས་གཉེར་བ་ཡོང་ནས་དུས་དབང་རིང་ཁ་ཟས་དཀར་སྐྱོང་ཁོ་ནར་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་གནང་འདུག

ཡང་རྡོ་གདན་དུས་དབང་གི་སྦྱིན་བདག་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདས་པོ་རྡོ་རྗེ་མཁའ་འགྲོ་མཆོག་གི་བུ། ཨ་རུ་ཎ་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་ནང་མི་ཐུན་མོང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། རིས་མེད་བླ་ཆེན་རྣམས་དང་ཆོས་སྡེ་ཁག་དེ་བཞིན་བོད་གཞུང་དམངས་རྣམས་ལ་ཕྱག་ཡིག་ཅིག་བསྐུར་གནང་ཡོད་འདུག

ཕྱག་ཡིག་དེའི་ནང་ད་ལམ་ཕྱི་ཟླ་༤པའི་ཚེས་༣༠ཉིན་གནམ་གྲུ་ལྡབ་སྐྱོན་ཤོར་བ་ནས་བཟུང་ཕྱི་ཟླ་༥པའི་ཚེས་༡༠སྐུ་ཕུང་སྦྱིན་སྲེག་མ་གྲུབ་ཀྱི་བར་དུ་༧གོང་ས་སྐྱབས་མགོན་ཆེན་པོས་གཙོས་བོད་གཞུང་དམངས་དང༌། དེ་བཞིན་ཆོས་སྡེ་ཁག་རྣམས་ནས་ཐུགས་ཁུར་ཆེ་བཞེས་ཀྱི་སོ་སོའི་སྤུན་མཆེད་ཀྱིས་བརྩེ་བའི་སྒོ་ནས་དཀོན་མཆོག་ལ་གསོལ་འདེབས་སྨོན་ལམ་དང་འབྲེལ་བའི་མཆོད་འབུལ་རྒྱ་ཆེ་གནང་བ་མ་ཟད་གུས་པ་ནང་མིའི་ཉེ་འཁོར་རྣམས་ལ་ཡང་ཡིག་ངག་གཉིས་ཀྱི་སྒོ་ནས་སེམས་གསོ་ཚད་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མ་འོངས་པར་ཡང་ཡབ་དམ་པ་དེ་ཉིད་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཇི་ལྟར་ཞུས་པ་དེ་ལྟར་གུས་ནང་མི་རྣམས་ནས་ཀྱང་དད་གུས་སོགས་ཚད་མེད་ཞུ་རྒྱུ་མ་ཟད་ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བརྟེན་ཅིང་མཛད་འཕྲིན་མཁའ་ཉམས་ཡོངས་ལ་ཁྱབ་པའི་སྨོན་འདུན་ཞུ་རྒྱུ་དང༌། དེ་བཞིན་དུ་བོད་གཞུང་དང་དམངས། ཆོས་སྡེ་ཁག་ལ་ཡང་ཡབ་དམ་པས་འབྲེལ་བ་ཇི་ལྟར་ཞུས་པ་དེ་བཞིན་དུ་གུས་པ་ནང་མི་རྣམས་ནས་ཀྱང་ཞུ་རྒྱུ་ལགས་ན་གུས་པ་ནང་མི་རྣམས་ལ་ཡང་སྔ་བཞིན་བྱ་བ་ལམ་ལྷོང་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་རྒྱ་ཆེ་གནང་རོགས་ཞུ་ཞེས་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཕ་བཟང་གི་བུ་ཟེར་བ་དེ་ངོ་མ་མི་འདྲ་གི་ཡ།



བརྗོད་གཞི་གཞན་ཁག་ལ་གཟིགས།