དགུ་བཅུ་གསུམ་ཚོགས་པའི་སྐབས་༡༡པའི་སློབ་ཐོན་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡ཉིན། དེ་རིང་ཞོགས་པ་ཆུ་ཚོད་༩དང་ཕྱེད་ཀ་ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། ཚོགས་པས་གཉེར་བཞིན་པའི་སྐབས་༡༡པའི་སློབ་མའི་སློབ་ཐོན་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་གདན་འདྲེན་ཞུས་འདུག

མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་དང༌། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས། སློབ་སྤྱི་ལྷ་ཆབ་སྦྱིན་པ་ལགས། སློབ་གྲྭའི་དགེ་རྒན་༤། ཚོགས་པའི་ལས་བྱེད། མཐར་ཕྱིན་སློབ་མ་དང་གསར་ཞུགས་སློབ་མ། གསར་འགོད་པ་བཅས་ཁྱོན་མི་གྲངས་༤༠ཙམ་འདུ་འཛོམས་བྱས་འདུག སྐུ་མགྲོན་གཙོ་བོ་མཆོག་ནས་སློབ་ཐོན་སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་བ་དང༌། ཡིག་རྒྱུགས་ཨང་རིམ་དང་པོ་༡དང༌། གཉིས་པ་མི་༢། གསུམ་པ་མི་༡བཅས་ཁྱོན་མི་གྲངས་༤ལ་བྱ་དགའ་གནང་སོང་བས་མ་ཚད། ཐེངས་འདིར་སློབ་མ་དཀོན་མཆོག་དོན་ལྡན་ལགས་ལ་སྐབས་༡༡པའི་སློབ་མའི་ཁྲོད་བཟང་པོ་གསུམ་ལྡན་གྱི་བྱ་དགའ་གནང་སོང༌།

སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་གིས། དེང་སང་གི་དུས་ཚོད་འདིར་ང་ཚོའི་སྤྱི་ཚོགས་ནང་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་ཤིག་ལ་ཁེལ་ཡོད་པ་རེད། དཔེར་ན། ༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་དང༌། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པའི་གཙོས་བཀའ་ཤག་ལྷན་རྒྱས་གསར་དུ་ཕེབས་པ། བོད་མི་མང་སྤྱི་འཐུས་ཀྱང་སྐབས་༡༤པའི་དུས་ཡུན་རྫོགས་ནས་སྐབས་༡༥པ་ཕེབས་ཡོད་པ་བཅས་ང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད། དེ་བཞིན་དུ་བོད་ནང་ལ་ཆགས་བཞག་ནའང༌། གནས་སྟངས་ཧ་ཅང་གི་ཛ་དྲག་ཅན་ཞིག་ཆགས་ཡོད་པ་རེད།

འདས་པའི་དུས་ཚོད་ལ་ཆགས་བཞག་ན་ང་ཚོ་ཧ་ཅང་གི་སྡུག་རྩུབ་ཅན་གྱི་དུས་ཡུན་ཞིག་གི་ནང་འཚར་ལོངས་བྱུང་བ་ཞིག་རེད། ད་ལྟའི་དུས་ཚོད་ལ་ཆགས་བཞག་ནའང་ཕྱི་ལོ་༢༠༠༨ནས་བོད་ས་སྟོད་སྨད་བར་གསུམ་དུ་ཞི་རྒོལ་བྱུང་བ་དང་། དཔེར་ན་ཕྱི་ལོ་༢༠༡༡ལོའི་ཟླ་༣པའི་ཚེས་༡༦ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ནང་བྱུང་བའི་གནས་སྟངས་ཚུན་པའི་ལས་འགུལ་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་བྱུང་བ་རེད། དེར་བརྟེན་བོད་མི་རྣམས་རྒྱ་གཞུང་གིས་བཙོན་འཇུག་དང་བཙན་འཁྲིད། རྡུང་རྡེབ་བཅས་ཀྱིས་འཇིགས་སྣང་གི་འོག་གནས་དགོས་ཀྱི་ཡོད་པ་རེད། ཉེ་ཆར་ལའང་ཕྱི་ཟླ་༦པའི་ཚེས་༦ནས་བཟུང་སྟེ་ད་ལྟ་ཁམས་དཀར་མཛེས་ཁུལ་དུ་ཞི་རྒོལ་རྒྱུན་མི་ཆད་པ་དེ་འདྲ་ཡོང་གི་ཡོད་པ་རེད།

ང་ཚོ་ཞི་རྒོལ་བྱེད་མཁན་དེ་ཚོས་ཟ་རྒྱུ་མེད། འཐུང་རྒྱུ་མེད། སྡོད་ས་མེད་ཅེས་པའི་དེ་འདྲ་གནས་སྟངས་ཤིག་རེད་མི་འདུག དེ་ཚོ་འགྲིག་འགྲོ་གི་ཡོད་པ་རེད་དེ། མི་ཟེར་བ་དེར་སོ་སོར་རང་དབང་ཞིག་དགོས་ཀྱི་ཡོད་དུས། ད་ལྟའི་ཆར་བོད་ནང་དུ་རང་དབང་མེད་པ་དེ་གསལ་པོ་རེད། དེར་བརྟེན་རྣམ་པ་ཚོ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་གི་འོག་འདིར་ཕེབས་པ་ཡིན་དུས། རྒྱུན་དུ་དེ་ཚོའི་ཐོག་དོ་སྣང་དང་སྤྱི་ཚོགས་ནང་མི་རེ་ཟུང་གི་དཀྲོགས་གཏམ་ལ་སོགས་པར་རྟགས་དཔྱད་དང་དེ་ཚོའི་ཐོག་གཟབ་གཟབ་བྱེད་དགོས་པ་རེད་ཅེས་དང་། མ་ཚད་སློབ་མ་གསར་པ་ཚོར་རྒྱུན་དུ་དགེ་རྒན་ཚོར་གུས་ཞབས་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་སློབ་གནང་སོང༌།

དེ་རྗེས་དགུ་བཅུ་གསུམ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས། དེ་རིང་འདིར་ནས་སློབ་མཐར་ཕྱིན་པའི་སློབ་མ་རྣམས། བོད་ནང་དུ་སོ་སོའི་རྒྱུ་ནོར་ལོངས་སྤྱོད་དང༌། ཕ་མ་སྤུན་མཆེད་རྣམས་ཡོངས་སུ་བློས་བཏང་ནས། ༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་ལ་བློ་ཡིད་གཏད་ནས་མི་ཡུལ་ལུང་པར་སླེབས་པ་ཞིག་རེད། ད་ལྟའི་ཆར་སྤྱི་ཚོགས་ནང་ཆབ་སྲིད་བཙོན་པ་ལབ་དུས་ཏོག་ཙམ་གླེང་སློང་ཡོད་པ་ཞིག་ཆགས་ཀྱི་འདུག འོན་ཀྱང་ཁྱེད་རྣམ་པ་ཚོ་མ་འོངས་སྤྱི་ཚོགས་ནང་འགྲོ་དུས་སོ་སོས་སོ་སོར་གདེང་ཚོད་དང་སྤོབས་པ་སྦྱིན་ནས། ད་ལྟ་སྐུ་མགྲོན་གཙོ་བོ་མཆོག་གིས་གསུངས་པ་ལྟར། ང་ཚོ་བོད་ནང་དུ་ཡོད་དུས་ཟ་རྒྱུ་མེད་འཐུང་རྒྱུ་མེད་ནས་འདིར་ཡོང་བ་ཞིག་མ་རེད། དེར་བརྟེན་མ་འོངས་ས་ཆ་གང་དུ་ལས་ཀ་ཅི་ཞིག་བྱེད་ཀྱང་སོ་སོ་མི་གཞན་དང་མི་འདྲ་བ་ཆབ་སྲིད་བཙོན་པ་ཞིག་ཡིན་ཨ་བསམས་པའི་གནས་བབ་དེ་བསམ་བློའི་ནང་ནམ་ཡང་སེམས་ནང་ལ་བཞག་རོགས་ཞེས་རེ་སྐུལ་གནང་སོང་།

དེ་རྗེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གཉེར་བཞིན་པའི་སློབ་གྲྭའི་སློབ་སྤྱི་ལྷ་ཆབ་སྦྱིན་པ་ལགས་སུ། འདས་པའི་ལོ་ངོ་གཅིག་རིང་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་ལ་གཞིགས་ན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གཉེར་བཞིན་པའི་སློབ་གྲྭའི་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་དུས་ཡུན་ལོ་གཅིག་དེ་ཏག་ཏག་ཅིག་བསྡད་ཡོད་མེད་བཀའ་འདྲི་ཞུས་དུས། ཁོང་གིས། སྤྱིར་ང་རང་གི་བསམས་པར་དུས་ཡུན་ལོ་གཅིག་དེ་ཐུང་དྲག་འདུག་བསམས་ཀྱི་ཡོད། འོན་ཀྱང་སྔོན་མ་སྐབས་༦པ་དང་༧པའི་སྐབས་སུ་དུས་ཡུན་ལོ་༢དང་༣བར་བཟོ་རྒྱུའི་ཚོད་བལྟ་བྱས་དུས། འདིའི་ནང་ཡོང་བཞིན་པའི་སློབ་མ་ཚང་མ་ལོ་རྒན་པ་ཡིན་པ་དང༌། མ་ཚད་རིགས་འདྲ་མིན་ཡོད་པ། དཔེར་ན། ནད་པའི་རིགས་དང༌། སོ་སོའི་གནས་བབ་ཐོག་མདུན་ལམ་མ་འཚོལ་བ་ཡིན་ན་ལོའི་སྒང་ནས་མ་འགྲིག་པ་སོགས་ཀྱིས། ལོ་༢དང་༣ལ་འགྱུར་བ་མ་ཐེབས་པ་དུས་ཡུན་ལོ་༡དེ་རང་འཇགས་སུ་གནས་པ་ཞིག་རེད་ཅེས་གསུངས་སོང༌།

ཡང་ཁོང་ལ་འདིའི་ནང་ཡོང་བའི་སློབ་མ་ཚོས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སྦྱོར་བཞིན་པའི་མཐུན་རྐྱེན་དེ་དོན་དང་ལྡན་པ་ཞིག་བེད་སྤྱོད་གཏོང་ནས་སློབ་སྦྱོང་བྱེད་ཀྱི་འདུག་བསམས་པ་ཞིག་ཡོང་གི་འདུག་གམ། ཡང་ན་སྐབས་རེར་འཐུས་ཤོར་འདྲ་འགྲོ་བཞིན་པའི་རྣམ་པ་ཞིག་མཐོང་གི་འདུག་ཅེས་དྲིས་དུས། ཁོང་གིས། ཏག་ཏག་ཡོང་གི་འདུག་བསམས་ཀྱི་འདུག ངས་བསམས་པར་འདིའི་ནང་ཡོང་མཁན་ཕྱོགས་གཅིག་ནི་ཆབ་སྲིད་བཙོན་པ་དང༌། གང་ལྟར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་དཀའ་ལས་བརྒྱབ་ནས་ཡོང་བ་ཤ་སྟག་རེད། ཕྱོགས་གཞན་ཞིག་ནང་ཁོང་ཚོ་ཚང་མ་ལོ་ཆེན་པོ་རྐྱང་རྐྱང་རེད།

འདིར་ཡོང་དུས་ཁོང་ཚོས་དུས་ཚོད་དེ་འཐུས་ཤོར་མི་གཏོང་བ་དང༌། སོ་སོས་དུས་ཚོད་དམ་འཛིན་བྱེད་པ་སོགས་ང་རང་སློབ་སྤྱི་ཞིག་གི་ངོས་ནས་བརྗོད་ན་ད་ལྟ་བར་དུ་ཁོང་ཚོ་ཕུན་སུམ་ཚོགས་པ་དང་ཡག་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང༌། ཡང་ཐེངས་འདིར་སྐབས་༡༡པའི་སློབ་མཐར་ཕྱིན་པའི་སློབ་མའི་ནང་ཡིག་རྒྱུགས་རྩེ་ཕུད་དང༌། བཟང་པོ་གསུམ་ལྡན་གྱི་བྱ་དགའ་ཐོབ་མཁན་སློབ་མ་དཀོན་མཆོག་དོན་ལྡན་ལགས་སུ། འདས་པའི་དུས་ཡུན་ལོ་གཅིག་རིང་སློབ་སྦྱོང་བྱེད་པར་གྲུབ་འབྲས་ག་ཚོད་ཅིག་ཐོན་སོང་ཞེས་དྲིས་དུས། ཁོང་གིས་གྲུབ་འབྲས་ཆེན་པོ་ཐོན་སོང༌། གང་ཡིན་ཟེར་ན། དང་པོ་ཡོང་དུས་གློག་ཀླད་ཡག་པོ་ཞིག་ཤེས་ཀྱི་མེད། མ་ཚད་དབྱིན་ཡིག་ཀྱང་དེ་ཙམ་ཤེས་ཀྱི་མེད། ལོ་གཅིག་སློབ་སྦྱོང་བྱས་ནས་ཕྱོགས་གང་ཐད་ཡག་པོ་བྱུང་སོང༌ཟེར།

ཡང་ཁོང་ལ་མ་འོངས་པར་ལས་ཀ་ག་རེ་བྱ་རྩིས་ཡོད་ཅེས་དྲིས་དུས། ཕྱིར་དགོན་པར་ལོག་ནས་རང་གིས་གང་ཤེས་པ་དེ་གཞན་ལ་སློབ་རྩིས་ཡོད་ཅེས་གསུངས་བྱུང་། སློབ་མ་དཀོན་མཆོག་དོན་ལྡན་ལགས་ནི་ཕྱི་ལོ་༡༩༩༧ལོར་རྒྱ་གར་དུ་འབྱོར་ནས་མི་ལོ་༡༤ཙམ་འགོར་འདུག་ལ།ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དགའ་ལྡན་ཤར་རྩེའི་གྲྭ་ཚང་ནང་བསླབ་པར་སློབ་གཉེར་གནང་བཞིན་པ་ཞིག་རེད་འདུག  དགུ་བཅུ་གསུམ་ནང་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭ་གཞན་ནས་སློབ་ཁྲིད་བྱེད་སྟངས་དབར་མི་འདྲ་བ་གང་ཞིག་ཡོད་མེད་ཅེས་བཀའ་འདྲི་ཞུས་དུས། ཁོང་གིས་ངོས་རང་དགོན་པ་ལས་གཞན་སློབ་གྲྭ་དེ་འདྲར་འགྲོ་མྱོངས་མེད། དགོན་པ་ནང་ཡིན་ན་མང་ཆེ་བ་སོ་སོ་རང་ངོས་ནས་སྦྱོང་དགོས་པ་དང༌། འདིར་ནས་སློབ་ཚན་གཞིར་བཟུང་དགེ་རྒན་གྱིས་སློབ་ཁྲིད་བྱེད་ཀྱི་ཡོད་དུས། ཁོར་ཡུག་དང་ཕྱོགས་མང་པོའི་ཆ་ནས་གཅིག་པ་རེད་མི་འདུག་ཅེས་གསུངས་སོང༌།

ཡང་སློབ་མ་ཚོའི་སློབ་སྦྱོང་བྱེད་སྟངས་ཐད་བཀའ་འདྲི་ཞུས་དུས། ཁོང་གིས་སྤྱིར་སློབ་མ་ཚང་མས་གང་ཡོང་ཅི་ཡོང་འདྲ་བྱེད་ཀྱི་འདུག འོན་ཀྱང་འཐུས་ཤོར་ཡང་ཏོག་ཙམ་འགྲོ་བཞིན་འདུག དེར་བརྟེན་མ་འོངས་པ་སློབ་ཕྲུག་དང་འཛིན་སྐྱོང་གཉིས་ཀའི་ངོས་ནས་སྒྲིག་གཞི་ཅུང་དམ་ཙམ་ཞིག་དགོས་ཀྱི་ཡོད་པའི་ཚོར་སྣང་ཞིག་བྱུང་སོང་ཞེས་གསུངས་སོང༌།

འདི་ལོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་༡༡པར་སློབ་མཐར་དངོས་སུ་ཕྱིན་མཁན་སློབ་མ་༡༤འདུག་ལ། དེ་དང་ཆབས་ཅིག་སྐབས་༡༢པར་ཁྱོན་སློབ་མ་༡༩ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱས་འདུག་ལ། ཡིག་རྒྱུགས་ཀྱི་ལམ་ནས་བསྡུ་བའི་ནང་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་བཅས་ཁག་མི་འདྲ་བ་གསུམ་དུ་དབྱེ་ཡོད་པ་དང་། འབྲེལ་ཡོད་དང་འབྲེལ་ཆགས་ལས་ཆབ་སྲིད་བཙོན་ཟུར་རྣམས་ཡིག་རྒྱུགས་ལོངས་མིན་ཇི་ལྟར་ཡང་། ཁ་ཐུག་སློབ་ཁོངས་སུ་དམིགས་བསལ་འཇུག་གི་ཡོད་པ་རེད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་ནི་ཕྱི་ལོ་༡༩༩༡ཟླ་༩པའི་ཚེས་༢༧ཉིན་དངོས་སུ་འགོ་ཚུགས་པ་དང༌། ཕྱི་ལོ་༡༩༩༣ཟླ་༨ཚེས་༡༩ཉིན་དེ་སྔོན་གྱི་རང་གཞུང་གིས་ཁྲིམས་མཐུན་གྱི་ཚོགས་པར་ངོས་འཛིན་བྱས། ཕྱི་ལོ་༡༩༩༧ཟླ་༥ཚེས་༡༩ཉིན་གནས་ཡུལ་རྒྱ་གར་གཞུང་ལ་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས། ད་ལྟའི་ཆར་ཚོགས་པར་ཡིག་ཚང་དང༌། སློབ་གྲྭ། འཚེམ་ལས་སྦྱོང་བརྡར་ཁང་དང༌། རླུང་རྟ་ཟ་ཁང༌། འགྲེམས་སྟོན་ཁང༌། དཔེར་མཛོད་ཁང༌། སྤྱི་ཐབ་དང་ལས་ཤག་བཅས་ཁྱོན་འཛིན་སྐྱོང་འོག་སྡེ་ཚན་ཁག་བརྒྱད་ཙམ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཡ་མ་མཐོང་བའི་དྲ་གྲོགས་གྲགས་པའི་མཚན་ཅན་ལགས།
ཁྱེད་ཀྱང་དེང་སང་ང་ཚོའི་བོད་རིགས་དཀྱུས་མའི་ནང་བཞིན་ནག་ནག་ཉེས་ཉེས་ཡོད་ཚད་གང་ཟག་གཅིག་གི་ཐོག་ཏུ་སྤྭངས་ནས་མ་བརྟགས་གཡམ་རྒྱུག་གིས་རྙོག་དྲ་ཆུང་ཆུང་ཆེན་པོ་ལ་གཏོང་ནས་སྤྱི་ཚོགས་ནང་དུ་སོས་དུས་མེད་པའི་བརྡབ་གསིག་གཏོང་བ་ཁྱེད་ཀྱང་སྐད་ཆ་བཤད་སྟངས་ལ་ལྟས་ན་ཆུ་དེ་ལ་འཁོར་བའི་ཉ་སྲམ་ལས་མ་འདས།
འོན་ཀྱང་ངས་ཀླུ་མཁར་བྱམས་ནི་དྲ་ཚིགས་ནང་ནས་མིང་གོ་མྱོང་ཙམ་ལས་ཕན་ཚུན་འབྲེལ་འདྲིས་རྒྱུས་ཡོད་ཕར་ཞོག་ཐ་ན་དངོས་སུ་མཐོང་མ་མྱོང་། རྒྱུ་མཚན་དེས་ན་ངས་ཁོང་ལ་རྒྱབ་གཉེར་བྱེད་དགོས་དོན་གང་ཡང་མེད། ལར་ནི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས།། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། སེར་སྐྱ་སོགས་ལ་མི་སྡང་ཞིང་། གང་ཞིག་རིག་པར་ལྡན་པའི་ཚིག དེ་ཉིད་ལ་ནི་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་ལས་ངོ་སྲུང་དང་གཡམ་རྒྱུག་གི་གཅམ་བུའི་ཟོལ་བསྟོད་ཁོ་བོའི་རང་གཤིས་ལ་མེད། ཁྱེད་ཀྱི་གསུང་པ་ལྟར་དུ་བྱས་ན་ཀླུ་མཁར་བྱམས་གང་ཟག་བྱེ་བྲག་བ་ཞིག་ལ་མི་དགའ་བའི་རྒྱུ་མཚན་གྱིས་དེང་སང་ཚང་མས་མཁྱེན་གསལ་ལྟར་དུ་རྡ་སའི་ཆབ་སྲིད་ཀྱི་ཚོགས་པ་ཡོད་ན་དེས་ཆོག་མེད་ན་ཐབས་མེད་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདིར་སྤྱི་འཐུས་ཚོགས་གཞོན་ཆེན་མོ་ཕེབས་པ་མ་འགྲིགས་པ་རེད་གསུང་ནས་དགགས་པ་སྐྱོན་གཏང་ལ་ལྟས་ན་ཁ་དང་ཁ་སྤུ་དང་ཞོ་དང་དར་ར་དབྱེ་འབྱེད་མ་བྱས་པའི་སྐྱོན་ཆ་རེད། ཀླུ་མཁར་བྱམས་ལ་ནོར་འཁྲུལ་ཡོད་ན་ཁོ་རང་གི་སྐྱོན་ཆ་ལས་དགུ་བཅུ་གསུམ་ཚོགས་པའི་ནོར་འཁྲུལ་གཏན་ནས་མ་རེད།
དེང་སང་བོད་པ་ཚང་གི་སྤྱི་ཚོགས་ལག་མཐིལ་ཙམ་འདི་ལ་རྙོག་དྲ་གཞོང་པ་གང་ཙམ་ཡོད་པ་འདི་རྣམས་ཀྱང་ལེགས་པར་བརྟགས་དཔྱད་མ་བྱས་ན་བཤད་སྟངས་དང་ལས་སྟངས་འདི་འདྲ་བ་བྱུང་བ་ཡིན་ནམ་སྙམ།
དགུ་བཅུ་གསུམ་གྱི་སློབ་ཐོན་མཛད་སྒོ་ཚོགས་དང་། སློབ་མ་གསོ་སྐྱོང་གནང་བར་རྗེས་སུ་ཡི་རང་ཡོད། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཤ་སྟག་ཡིན་སྲིད། དེས་ཁོང་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲད་པ་འདི་ཧ་ཅང་གི་དགའ་སྤོབས་བྱེད་འོས་པ་ཞིག་རེད། འོན་ཀྱང་སྤྱི་འཐུས་ཚོགས་གཞོན་ཕེབས་པ་དེ་ལ་དགའ་སྤྲོའི་ཐལ་མོ་རྡེབ་འདོད་མ་བྱང་། གང་ཡིན་ཞེ་ན་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་བོད་མིའི་སྒྲིག་འཛུགས་དང་རང་གཞུང་གི་མཛད་གཙོ་རྣམ་པར་མཚན་སྨད་ཇི་ཙམ་ཞུས་པ་ཀུན་གྱིས་མཁྱེན་གསལ་རེད། ད་དུང་དེ་ལས་ཚབ་ཆེན་ཞིག་ལ་ཀླུ་བྱམས་ཀྱིས་༧གོང་ས་མཆོག་ལའང་ཁོམ་ལོང་དང་སྟབས་བདེ་ཚད་ལ་མཚན་སྨད་ཅི་ཙམ་ཞུས་པའང་ཀུན་ལ་རླུང་ལྟར་གྲགས། དེས་ན་བོད་མའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ཀྱང་གདན་འདྲེན་ཞུས་ཚད་ལ་ཕེབས་རྐྱང་གནང་ན་དེ་མི་ལེགས་པར་སེམས། དེ་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་མ་གནང་བ་ནང་བཞིན་རང་ཚུགས་བཟུང་ན་དགེ་མཚན་ཆེ་བར་སེམས།
1 ༠༡༢༠༡༡༡༣༣༡
གངས་དཀར་སེམས།
ང་ཧང་སང་བ་ཞིག་ལ་ཤམ་བྷ་ལའི་གསར་འགོད་པ་སངས་རྒྱས་ལགས་ཀྱིས་བྲིས་པའི་གསར་འགྱུར་གྱི་སྤུས་ཚད་དང་མྱུར་ཚད་འདི་རེད། ངེད་ཚོགས་པའི་ངོས་ནས་མཛད་སྒོ་མཇུག་བསྒྲིལ་ནས་ཧ་ལམ་སྐར་མ་བཅུ་གྲངས་ཤིག་ནང་འདིར་གནས་ཚུལ་བཀོད་ཚར་འདུག དངོས་གནས་ཡིན་ཁྱེད་འདྲ་བའི་ལས་གནས་སུ་ཚད་ལྡན་མི་སྣ་མང་པོ་ཡོད་ན་གསར་འགོད་ལས་རིགས་འདིའང་གཞན་གྱི་རྗེས་ཟིན་ཐུབ་པའི་རེ་བ་ཡོད། ངས་ཁྱེད་གསར་ཁང་གིས་ཉིན་གཅིག་དུས་མཉམ་འཁེལ་བའི་བཀའ་ཤག་གི་གསར་འགྱུར་དེའང་འདིར་འཁོད་ངེས་པར་ཡིད་ཆེས་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།