དུས་འཁོར་དབང་ཆེན་ཐེངས་༣༡པའི་དུས་ཚོད་དང་མཛད་རིམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༣༠ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༡པ་དེ་འདི་ལོ་ཕྱི་ཟླ་༧པའི་ཚེས་༦གང་ཉིད་ཀྱི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་དབུ་འཛུགས་ཀྱིས། ཚེས་༡༦བར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཚུགས་རྒྱུ་ཡིན་པ་རེད།

དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པས་འཛམ་གླིང་ཞི་བདེ་དང༌། བོད་ཀྱི་བསྟན་སྲིད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བ། འཛམ་གླིང་ཁྱོན་ལ་རང་བཞིན་འབྱུང་བའི་གནོད་འཚེའི་རིགས་མི་ཡོང་བ་སོགས་ལེགས་ཚོགས་སྒོ་དུ་མར་དམིགས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐྱོང་བཀའ་དྲིན་ཆེ་བ་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་དོན་ལྟར། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༡པ་དེ་འདི་ལོ་ཕྱི་ཟླ་༧པའི་ཚེས་༦མགོན་པོ་གང་ཉིད་ཀྱི་སྐུའི་འཁྲུངས་སྐར་ཉིན་མོ་ནས་དབུ་འཛུགས་ཀྱིས། ཚེས་༡༦བར་ཉིན་གྲངས་༡༡རིང༌། ཟབ་མོ་ཆོས་ཀྱི་བདུད་རྩི་སྐལ་ལྡན་སྐྱེ་འགྲོ་རྣམས་ལ་བསྩལ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད།

ཕྱི་ལོ་༢༠༡༡ཟླ་༧པའི་ཚེས་ ༦ ནས་ཕྱི་ཚེས་ ༡༢ བར་ཉིན་བདུན་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གསུང་ཞབས་རྣམ་གྲ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་མཆོག་གྲྭ་རྣམས་ཀྱིས་གསུང་ཆོས་ར་བའི་ས་ཆོག་དང༌། རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུ། སྔ་དྲོ་གྲུབ་བཞག་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་གནང་རྒྱུ། ཕྱི་ཚེས་ ༡༢ ཉིན་དུས་འཁོར་དབང་ཆེན་གྱི་ཆོས་གར་དང༌། ཕྱི་ཚེས ༡༣ ནས་ཕྱི་ཚེས ༡༥ བར་སྟ་གོན་དང་དངོས་གཞིའི་དབང་བཅས་བསྩལ་གནང་མཛད་རྒྱུ།

གཞན་ཡང་དུས་འཁོར་ཆེན་ཚོགས་འཛོམས་ཀྱི་ཉིན་མཐའ་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་འདེགས་འབུལ་ཞུ་རྒྱུ་དང༌། ༧གོང་ས་མཆོག་དབུ་བཞུགས་ཀྱིས་གསུང་ཞབས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་མཆོག་གྲྭ་རྣམས་ཀྱིས་དཀྱིལ་འཁོར་བཤམས་རྒྱུ་ཡིན་འདུག གསུང་ཆོས་གནང་ཡུལ་ཚོགས་ཁང༌དང་ས་གནས་ལྟེ་བ། ཝ་ཤིང་ཊོན་གྲོང་ཁྱེར་གྱི་དབུས་སུ་Verizon Centerནི་ཝ་ཤིང་ཊོན་གྲོང་ཁྱེར་གྱི་དབུས་སུ་ཆགས་ཡོད་པ་དང༌། དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ལྟེ་གནས་དང་ཕོ་བྲང་དཀར་པོའི་བར་མཚམས་སུ་ཡོད་འདུག

ཚོགས་ཁང་དེ་ནི་གྲོང་ཁྱེར་གྱི་བཀྲམ་སྟོན་ཁང་ཆེ་ཁག་དང་གསོལ་མགྲོན་མང་བའི་དབུས་སུ་ཆགས་ཡོད་པ་མ་ཟད། ཨ་རིའི་འབྱུང་རབས་དང་འབྲེལ་བའི་འགྲེམས་སྟོན་ཁང༌། རྒྱལ་ཡོངས་ཐང་ཆེན་དང་སིམིཐ་སོ་ནྻིན་ལྟེ་གནས་ཁང་སོགས་ལམ་ཐག་ཉེ་བས་ཕེབས་སྟབས་བདེ་པོ་ཡིན་ཞིང༌། ཝ་རེ་ཛོན་ཚོགས་ཁང་དེ་དཔལ་དུས་འཁོར་ལོའི་དབང་ཆེན་གྱི་གསུང་ཆོས་ར་བར་འགྱུར་རྒྱུ་ཡིན། ཝ་རེ་ཛོན་ཚོགས་ཁང་འདི་དེང་དུས་ཀྱི་འཕྲུལ་འཁོར་ལག་རྩལ་གྱི་ཕྱུག་ཅིང༌། རྒྱ་ཁྱོན་ཆེ་ལ་སྐུ་མགྲོན་རྣམས་ལ་མཛའ་བརྩེའི་བསུ་ལེན་བཟང་བས་ཡིད་དབང་འཕྲོག་པ་དང༌། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམས་འགྲུལ་མཐུན་རྐྱེན་འཛོམས་པ་སོགས་འགྲོ་སྟབས་བདེ་ལ་འགྲོ་གྲོན་ཆུང་བ་སོགས་ཕྱིའི་མཐུན་རྐྱེན་སྣེ་འཛོམས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

ཕྱི་ལོ་ ༢༠༡༡ ལོའི་ཝ་ཤིན་ཊོན་དུས་དབང་གོ་སྒྲིག་ཚོགས་ཆུང་གིས། ༢༠༡༡ ཕྱི་ཟླ་ ༧ ཚེས་ ༦ སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་མོ་ནས་འགོ་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྲོང་ཁྱེར་ནང་འཛམ་གླིང་ཞི་བདེའི་ཆེད་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ཞུ་སྒོ་དབུ་འཛུགས་བྱ་རྒྱུ་ཡིན་ཞིང༌། ཉིན་མོ་དེ་ནས་བཟུང་ཉིན་བཅུ་གཅིག་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་དང་དངོས་གཞིའི་དབང་ཆེན་བཅས་སྩོལ་གནང་མཛད་རྒྱུ་རེད།

ཨ་རིའི་རྒྱལ་ས་མངའ་ཁུལ་བོད་མིའི་སྤྱི་མཐུན་ཚོགས་པས་ཁུལ་འདིར་གནས་འཁོད་བོད་རིགས་སྤྱི་དང༌། བྱང་ཨ་རིའི་བོད་མི་རྣམས། དེ་བཞིན་སོག་རིགས་དང་ཁལ་མུག ཧི་མ་ལི་རི་བརྒྱུད་མི་མང་བཅས་ལག་བཏང་མཉམ་འབྲེལ་གྱིས་བྱང་ཨ་རི་དང་འཛམ་གླིང་ཁྱོན་ཡོངས་ལས་གནས་པའི་ནང་པའི་སློབ་མ་ཡོངས་ཀྱི་ཚབ་ཞུས་ཏེ་ལས་དོན་འདི་གཉེར་གྱི་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་འགྲོ་ཡོངས་ཀྱི་འཕྲལ་ཕུགས་ཕན་བདེའི་སླད་བྱམས་བརྩེའི་རིན་ཐང་དང་རིས་མེད་ཆོས་ལུགས་གྱི་འབྲེལ་ལམ་གོང་འཕེལ་ཡོང་ཐབས་ལ་ཟབ་ཡངས་དཀྱེལ་ཆེའི་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་ཆ་ཤས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་གོ་སྒྲིག་ཞུ་རྒྱུ་དེ་དུས་དང་གནས་སྐབས་གང་གི་ཆ་ནས་རིན་ཐང་ཅན་ཞིག་ཡིན་པར་ང་ཚོར་ཡིད་ཆེས་བྱུང༌།

དེ་དང་ཕྱོགས་མཚུངས་ང་ཚོ་གནས་ཡུལ་རྒྱལ་ཁབ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་དང་མི་མང་རྣམས་ཀྱིས་འདས་པའི་ལོ་མང་རིང་བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་བཅས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ཐོག་གང་ཅིའི་ཐད་མཐུན་འགྱུར་ལ་བརྟེན་ནས་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་གནས་ཐུབ་པ་བྱུང་བ་ལ་སྙིང་ནས་བཀྲིན་ཆེ་ཞུ་རྒྱུ་དང་། ད་ལམ་རྩ་ཆེའི་ཆོས་ཕྱོགས་ཀྱི་ཚོགས་འཛོམས་ཆེ་མོ་འདི་གོ་སྒྲིག་ཞུས་པ་ཡིན། ད་བར་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་རིག་གསོན་པར་གནས་ཐུབ་པ་མ་ཟད། འཛམ་གླིང་ཕྱོགས་ཀུན་ལ་ཁྱབ་ཐུབ་པ་བྱུང་བ་དེ་ཁྱེད་རྣམས་ཀྱི་བཀའ་དྲིན་དང་ཆོད་སེམས་ལ་བརྟེན་ནས་བྱུང་བར་ང་ཚོས་ཡིད་རངས་བསྔགས་བརྗོད་བྱེད་ཀྱི་ཡོད།

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་བྱུང་བའི་འགྱུར་བའི་གནས་ཚུལ་མང་པོས་རྒྱལ་ཁབ་འདི་དང་འཛམ་གླིང་ཡོངས་ལ་གནས་པའི་མི་དུང་ཕྱུར་མང་པོའི་མི་ཚེའི་འགྲོ་འདུག་ལ་ཕན་གནོད་ཡོང་གི་ཡོད་པ་དང༌། ཕྱི་ལོ་ ༢༠༡༡ ལོའི་འཛམ་གླིང་ཞི་བདེ་ཆེད་དུས་འཁོར་དབང་ཆེན་དེ་གལ་ཆེའི་གྲོང་ཁྱེར་འདིར་གོ་སྒྲིག་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག ཡང་ཁོང་ཚོས། དེས་ད་ལྟའི་དུས་སྐབས་འདིར་འཛམ་གླིང་འདིར་ཤིན་ཏུ་མཁོ་བའི་ཞི་བདེའི་དཔལ་ཡོན་དར་འཕེལ་ལ་སྨན་པའི་ལས་དོན་གཉེར་མཁན་སྤྱི་སྒེར་ཚོགས་སྡེ་སོགས་ལ་གལ་ཆེའི་ནུས་པ་གཏེར་ཐུབ་རྒྱུ་ཡིན།

སྟོན་པ་ཤཀྱ་ཐུབ་པས་ཐོག་མར་རྒྱ་གར་དུ་དུས་འཁོར་གསུངས་པ་ནས་བཟུང་རིས་སུ་མ་ཕྱེད་པའི་སྐྱེས་ཆེན་མང་པོས་གསང་སྔགས་ཀྱི་ཆོས་ཚུལ་དེར་ཉམས་ལེན་གནང་ཡོད་ཅིང༌། འཛམ་གླིང་ཞི་བདེ་འབྱུང་ཐབས་ཀྱི་ལས་ལ་བརྩོན་མཁན་ཚོ་ཐོུང་གི་དམིགས་ཡུལ་དེ་བསྒྲུབ་རྒྱུར་ད་ལམ་གྱི་རྩ་ཆེའི་གོ་སྐབས་འདིར་མཉམ་ཞུགས་གནང་ཆོག་པ་ཡིན།

ཤིན་ཏུ་ཡང་ཞིང་རྒྱ་ཆེ་བའི་གསུང་ཆོས་ར་བ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཉིན་རེའི་བཀའ་ཆོས་གཟབ་མོ་བསྩལ་གནང་བརྒྱུད་དད་ལྡན་ཆོས་ཞུ་བ་ཚོའི་སེམས་ནང་བྱམས་བརྩེ་དང་གཞན་ཕན་གྱི་བསམ་པ་གོང་ནས་གོང་དུ་འཕེལ་བའི་རྒྱུར་འགྱུར་ངེས་ཡིན་པ་དང༌། ད་ལམ་ཁྱེད་རྣམས་ཆོས་ཕྱོགས་ཀྱི་གལ་ཆེའི་བྱེད་སྒོ་འདིར་མཉམ་ཞུགས་ཐུབ་པ་དེས་འཛམ་གླིང་ནང་ཞི་བདེ་གོང་འཕེལ་ལ་སྨན་པའི་ལེགས་སྐྱེས་ཆེན་པོ་ཞིག་ཡོང་རྒྱུར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག

དུས་དབང་གོ་སྒྲིག་ཚོགས་ཆུང་གིས། ཕྱག་འཁྱེར་ཐད། དགུང་ལོ་བགྲེས་པ་དང་ཕྲུ་གུ་སོགས་ལ་ཕྱག་འཁྱེར་ཐོག་ཆག་ཡང་འབུལ་ཕྱོགས་ Ticketmaster དྲ་རྒྱར་གསལ་པོ་་འཁོད་ཡོད་པས་དེར་གཟིགས་ཞིབ་གནང་དགོས་པ་དང༌། ཝ་རེ་ཛོན་ཚོགས་ཁང་གི་སྒྲིག་སྲོལ་ལ་ཕྲུ་གུ་ལོ་གསུམ་མན་རིན་མེད་མཉམ་ཁྲིད་གནང་ཆོག་ཀྱང༌། སོ་སོའི་དཔང་དུ་འཇོག་དགོས་པ་ལས་ལོགས་སུ་ཞབས་སྟེགས་ཐོབ་ཀྱི་མེད།

གསུང་ཆོས་སྦྱིན་བདག་གནང་མཁན་ཚོའི་མཐུན་འགྱུར་ལ་བརྟེན་ཉིན་གྲངས་བཅུ་གཅིག་གི་མཛད་རིམ་ཆ་ཚང་ལ་བཅར་མཁན་ཚོར་རིན་བབས་ཌོ་ལར་༤༧༥ལ་འབུལ་ཐུབ་པ་བྱུང་ཞིང༌། ཉིན་གཅིག་ལ་ཆ་བགོས་བྱས་ཚེ་ཉིན་རེར་ཌོ་ལར་༤༣ལས་གནས་མེད་པས་དེ་ནི་འདས་པའི་དུས་སུ་ནུབ་ཕྱོགས་རྒྱལ་ཁབ་ནང་དུས་དབང ་ཐེངས་དྲུག་གནང་ཟིན་པའི་ཕྱག་འཁྱེར་རིན་པ་དང་བསྡུར་ཚེ་ཧ་ཅང་དམའ་བོ་ཡིན། དེ་ལྟར་མངོན་དུ་འགྱུར་ཐུབ་པར་སྦྱིན་བདག་རྣམས་པའི་གཏོང་ཕོད་ཀྱི་ནུས་པ་ལས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག གནས་ཚུལ་ཞིབ་ཕྲ་ www.kalachakra2011.com ཞེས་པའི་དྲ་ཚིགས་འདི་ནས་གཟིགས་རོགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།