བདེ་སྡུག་ནི་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༢༨ཉིན། ཝེ་ཌི་ནམ་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་༩པའི་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁྱོན་དད་ལྡན་ཆོས་ཞུ་བ་༥༠༠༠ལྷག་ཙམ་ལ་གསུང་ཆོས་སྩལ་གནང་མཛད་ཡོད།

ཐེངས་འདིར་ཁྱོན་ཉིན་གྲངས་༢རིང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པ་དང༌། སྤྱན་རས་གཟིགས་ཀྱི་རྗེས་གནང་སྩལ་རྒྱུ་དང༌། དེ་རིང་གསུང་ཆོས་དབུ་འཛུགས་སྐབས། ཆེད་དུ་ཕེབས་པའི་ཝེ་ཊི་ནམ་གྱི་མི་མང་༥༠༠ཙམ་དང༌། ཕྱི་རྒྱལ་བ་༡༣༠༠ཙམ། དེ་བཞིན་བོད་མི་དང་རྒྱ་གར་བ་བཅས་ཁྱོན་མི་གྲངས་༥༠༠༠ཙམ་གསུང་ཆོས་ལ་བཅར་འདུག

སྐབས་དེར་༧གོང་ས་མཆོག་གིས། དྷརྨ་ཟེར་བ་དེ་འཛིན་པའི་དོན་དང་སྐྱོབ་པའི་དོན་ཅིག་ལ་ཟེར་གྱི་ཡོད་པ་རེད། སྐྱོབ་པ་ཟེར་བ་དེ་གང་ལས་སྐྱོབ་པ་རེད་ཟེར་ན། སྡུག་བསྔལ་ལས་སྐྱོབ་པ། སྡུག་བསྔལ་ཟེར་བ་དེ་ཚོར་བ་ཡོད་པའི་སེམས་ཅན་ཚོ་ལ་མ་གཏོགས། སེམས་མེད་བེམ་པོ་ལ་སྡུག་བསྔལ་གྱི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། སེམས་མེད་བེམ་པོ་ལ་ཚོར་བ་ཡོད་པ་མ་རེད། ཚོར་བ་སྡུག་བསྔལ་ཟེར་བ་དེ་འདུ་ཤེས་དང༌། ཚོར་བ་དེན་དག་གི་ཐོག་ནས་ཚོར་བ་སྡུག་བསྔལ་དེ་ཡོང་གི་ཡོད་པ་རེད།

ང་རང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་ཤ་སྟག་ཡིན་དུས། མི་འདོད་པའི་སྡུག་བསྔལ་དེ་སྒྲུབ་བྱེད་ཀྱི་རྒྱུ་དེར་བརྟག་པའི་སྒོ་ནས་འབྲས་བུ་སྡུག་བསྔལ་ལས་ཐར་བ་བྱེད་དགོས་པ་རེད། འབྲས་བུ་སྡུག་བསྔལ་ལས་སྐྱོབ་མཁན། འབྲས་བུ་སྡུག་བསྔལ་ལས་ཐར་བའི་གནས་ལུགས་དེ་དང་འབྲས་བུ་སྡུག་བསྔལ་ལས་ཐར་བ་བྱེད་པའི་ཐབས་གཉིས་པོ་དེར་ཆོས་ཞེས་གསུངས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་སོང༌།

ཡང་གང་ཉིད་ཀྱིས་སངས་རྒྱས་པའི་ཆོས་ནང་དུ་ངའོ་སྙམ་པའི་བློ་བདག་མེད་པ་བཟོ་བའི་དོན་དུ་བདག་མེད་པའི་ལྟ་བ་དེ་བཤད་ཡོང་གི་ཡོད་པ་རེད། འཇིག་རྟེན་བཀོད་པ་འདོད་མཁན་དེ་ཚོས་བདག་མེད་པ་བཤད་ཀྱི་ཡོད་པ་མ་རེད། འོན་ཀྱང་རང་ཟེར་ན་བདག་ཉིད་དེ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། བདག་ཉིད་དེ་དཀོན་མཆོག་གི་བྲན་ཡིན་འབངས་ཡིན་བསམས་པའི་མཐའ་གཅིག་ཏུ་རང་ཉིད་ཀྱི་སྐྱབས་གནས་ལ་བློ་གཏད་བྱས་དུས། ངའོ་སྙམ་པའི་མཆོག་འཛིན་དེ་ཏོག་ཙམ་ཤུགས་ཆུང་དུ་གཏོང་བའི་ཕན་ཐོགས་ཏན་ཏན་འདུག་ཨ།

འཇིགས་རྟེན་བཀོད་པ་པོ་མི་འདོད་མཁན་ཚོས། འཛམ་བུ་གླིང་འདི་དཀོན་མཆོག་གིས་བཀོད་པ་མ་རེད། འཛམ་བུ་གླིང་འདིའི་ཕྱི་སྣོད་ཀྱི་བཀོད་པ་ཡིན་ནའང་འདྲ། ནང་བཅུད་ཀྱི་སེམས་ཅན་ཡིན་ནའང་འདྲ། ནང་བཅུད་ཀྱི་སེམས་ཅན་གྱི་བདེ་བ་དང་སྡུག་བསྔལ་ཟེར་བ་དེ། རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད་ཟེར། ལྷག་པར་དུ་རང་གི་བདེ་སྡུག་དེ་རང་གི་ཤེས་རྒྱུད་ལ་བརྟེན་ནས་སྡུག་བསྔལ་གྱི་རྒྱུར་གྲུབ་ནས་དེ་ལ་བརྟེན་ནས་སྡུག་བསྔལ་ཡོང་གི་ཡོད་པ་རེད། ཤེས་རྒྱུད་ཀྱི་སྟེང་ནས་བདེ་བའི་རྒྱུ་སྒྲུབ་པ་དང་དེ་ལ་བརྟེན་ནས་བདེ་བ་ཡོང་བ་ཞིག་ཡིན་པ་རེད་ཅེས་གསུངས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།