བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༢༧ཉིན། དེ་རིང་ཞོགས་པ་ཆུ་ཚོད་༩པའི་ཐོག་དྷ་ས་གཙུག་ལག་ཁང་དུ། བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་སློབ་གཉེར་ཁང་གིས། གཙང་བྲིས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ཞིག་བྱས་སོང༌། ཐང་གའི་སྒྱུར་རྩལ་འགྲེམས་སྟོན་དེའི་ཐོག སྐུ་མགྲོན་གཙོ་བོ་སྒྲུབ་རྒྱུད་བསྟན་པའི་གཙུག་རྒྱན་དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཚབ་སྐུ་ངོ་ཚེ་རིང་ཕུན་ཚོགས་མཆོག་རྣམ་གཉིས་ཆེད་དུ་གདན་འདྲེན་ཞུས་འདུག་ལ། སྐབས་དེར་བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་སློབ་གཉེར་ཁང་གིས་བྲིས་པའི་སྟོན་པའི་གཙོ་འཁོར་གསུམ་དང༌། ༧རྒྱལ་མཆོག་སྐུ་ཕྲེང་རིན་བྱོན་གྱི་ཞལ་ཐང༌། ཙོང་ཁ་བརྒྱད་ཅུའི་ཞལ་ཐང་སོགས། ཁྱོན་ཞལ་ཐང་གྲངས་༣༧ཙམ་འགྲེམས་སྟོན་བྱས་འདུག

ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་གིས་ཐང་གའི་འགྲེམས་སྟོན་དབུ་འབྱེད་དང༌། ཐང་གའི་འགྲེམས་སྟོན་ལ་གཟིགས་ཞིབ་བསྐྱངས་རྗེས། བོད་ཀྱི་སྨན་ལུགས་གཙང་བྲིས་སྒྱུ་རྩལ་ཁང་གི་དགེ་རྒན་ནུབ་རྒྱ་བུ་ཆུང་ལགས་ནས། བོད་ཀྱི་སྨན་ལུགས་གཙང་བྲིས་སྒྱུ་རྩལ་ཁང་གི་བྱུང་རིམ་དང་འགྲེམས་སྟོན་གྱི་ངོ་སྤྲོད་དང༌། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། དཔལ་༧རྒྱལ་དབང་ཀརྨ་པ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཆེད་བཞེངས་པའི་ཚེ་ཡི་ལྷ་མོ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཞལ་ཐང་རེར་གུས་འབུལ་ཞུས་སོང༌།

དགེ་རྒན་བུ་ཆུང་ལགས་ཀྱིས། གུས་རང་༡༩༨༥ལོར་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་གདན་ས་བཀྲི་ཤིས་ལྷུན་པོར་ལྷ་བྲིས་སློབ་སྦྱོང་གསར་འཇུག་གནང༌། གྲགས་ཅན་གྱི་སྨན་ཐང་གསར་མའི་ལུགས་ཀྱི་ལྷ་བྲིས་༧པཎ་ཆེན་བཅུ་པ་ཆེན་པོའི་གམ་བཅར་ལྷ་བྲིས་དཀའ་ཆེན་བློ་བཟང་ཕུན་ཚོགས་དང༌། གཡང་པ་ཕུན་ཚོགས་རྡོ་རྗེ་རྣམ་གཉིས་ཀྱི་དྲུང་ནས་བོད་ཀྱི་སྨན་ཐང་གཙང་བྲིས་ལུགས་ཀྱི་སློབ་སྦྱོང་བྱེད་སྐབས། ༧པཎ་ཆེན་རིན་པོ་ཆེས། ད་ལྟ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྣམས་རྩ་བརླག་ཏུ་འགྲོ་བཞིན་འདུག ད་ལྟའི་ང་ཚོའི་ལས་འགན་གཙོ་བོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་བཟང་པོ་རྣམས་ཉམས་པ་སོ་ཆུད་དང༌། མི་ཉམས་གོང་འཕེལ། ལྷག་པར་མི་རབས་རྗེས་མ་རྣམས་བརྒྱུད་འཛིན་ཞིག་ཏུ་གསོ་སྐྱོང་བྱེད་རྒྱུ་དེ་རེད།

དཀའ་ཆེན་ཁྱེད་ཀྱིས་དགེ་ཕྲུག་གང་མང་གསོ་སྐྱོང་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་ཞལ་ཐང་མི་ཉམས་རྒྱུད་འཛིན་བྱེད་པའི་ལས་འགན་དེ་བཀའ་ཆེན་ཁྱེད་ལ་སྤྲད་ཡོད་ཅེས་བཀའ་ཕེབས་པ་བཞིན། རྒན་ལགས་རྣམ་གཉིས་ཀྱིས་ཀྱང༌། གུས་སློབ་ཕྲུག་ཚོར་ཁྱེད་ཚོས་ད་ལྟ་སློབ་སྦྱོང་ཡག་པོ་བྱས་ཏེ་རྗེས་སུ་བོད་ཀྱི་སྲོལ་རྒྱུན་ཞལ་ཐང་འབྲི་མཁན་གྱི་མི་སྣ་སྐྱེད་སྲིང་བྱ་དགོས་པའི་བཀའ་སློབ་མང་པོ་གནང་བ་བཅས་ལ་བརྟེན། ལས་དོན་དེ་འདྲ་ཞིག་གུས་པས་སྒྲུབ་མི་ཐུབ་བཞིན་དུ་འགན་འཁུར་བཞིན་པའི་སེམས་ཤུགས་ཤིག་ཡིན་ཞེས་གསུངས་སོང༌།

དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས། བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་༨ལ་ལག་འཁྱེར་གནར་རྗེས། ང་རང་ཚོ་བོད་པར་རི་མོའི་ལམ་སྲོལ་མང་པོ་ཞིག་ཡོད་པའི་ནང༌། གཙང་གི་རི་མོ་འདི་ཧ་ཅང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་ཅན་ཞིག་ཡིན་གྱི་རེད་བསམས་ཀྱི་འདུག གང་ཡིན་ཟེར་ན། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ནང༌། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ནི་བོད་པའི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་ལྟ་བུ་ཞིག་ཆགས་ཡོད་པ་རེད།

དེར་བརྟེན་དེང་སང་གཙང་གི་གྲུམ་རྩེ་དེ་ཚོ་ལའང་ཐུན་མོང་མ་ཡིན་པའི་སྤུས་ཚད་དང༌། ཡིད་ཆེས་བཅས་ཡོད་དུས། ཏན་ཏན་འདིར་རྒྱུ་མཚན་ཆེན་པོ་ཞིག་ཡོད་ཀྱི་རེད་བསམས་ཀྱི་འདུག་ཅེས་དང༌། ཐང་གའི་རི་མོ་འདི་འདྲ་ཞིག་བྲིས་ཚར་དུས། ད་ལྟའི་ང་ཚོའི་ལྷ་དང་བཅས་པའི་སྐྱབས་གནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་ཞལ་བཞུགས་པའི་སྐབས་སུ། དེ་དག་གི་དྲུང་ནས་བྱིན་རླབས་ཞུ་ཐུབ་པ་ཡིན་ན། སོ་སོས་ཆོས་ཤེས་ཀྱི་ཡོད་ཀྱང་རུང་མེད་ཀྱང་རུང༌། མི་སུ་འདྲ་ཞིག་གིས་མི་ཚང་གང་ཞིག་ཏུ་ཐང་ཀ་དེ་བཞག་པ་ཡིན་ན། དེར་མཇལ་ནས་གསོལ་བ་འདེབས་པ་ཙམ་གྱིས་དེར་བྱིན་རླབས་ཆེན་པོ་ཞིག་འབྱུང་ངེས་ཅན་རེད་ཅེས་གསུངས་སོང༌།

ཡང་ཁོང་གིས་སྤྱིར་ལས་དོན་གང་འདྲ་ཞིག་བསྒྲུབས་པ་ཡིན་ནའང༌། དོན་དག་ཡག་པོ་དེའི་མཉམ་དུ་སྐྱོན་ཆ་ཞིག་ཀྱང་ཡོང་གི་ཡོད་པ་རེད། ཡང་དངུལ་དང་དངོས་པོ་དེ་འདྲ་ཡོང་བའི་ཆེད་དུ་སྔོན་མའི་གཙང་བྲིས་ཀྱི་སྒྱུ་རྩལ་དང་རྒྱུ་ཆ་མར་ཞན་དུ་ཕྱིན་ནས། དངུལ་རག་པའི་ཆེད་དུ་མགྱོག་ལས་བྱེད་པ་ཡིན་ན་འགྲིག་གི་མ་རེད། ག་ཚོད་ཅིག་སྤུས་དག་པོ་ཞིག་བཟོས་པ་ཡིན་ན། དེ་ཙམ་གྱིས་དོན་དག་འགྲུབ་ཀྱི་རེད། གལ་སྲིད་སླད་ཞུགས་པ་ཡིན་ན་རྗེས་མར་རིན་ཐང་རྩ་བ་ནས་མེད་པ་ཆགས་འགྲོ་རྒྱུ་རེད།

དེར་བརྟེན་ཁྱེད་རང་ཚོས་སེམས་ཤུགས་མ་ཆགས་པ་བྱས་ནས། སྔོན་མའི་ལུགས་སྲོལ་ག་རེ་ཡོད་པ་དེའི་ཐོག་མ་ཆུགས་པ་བྱས་ནས་ཧུར་བརྩོན་བྱས་པ་ཡིན་ན། ཉིན་ཞིག་མི་ཚོས་གཙང་བྲིས་ཀྱི་ཐང་ཀ་གང་ནས་རག་གི་རེད་ཟེར་ནས། དྷ་རམ་ས་ལར་ཁུག་ཀྱོག་ཏུའང་ཚུར་ཉོ་བར་སླེབས་ཀྱི་རེད། ཕར་གཙོང་བར་འགྲོ་དགོས་ཀྱི་མ་རེད། དེ་བཞིན་གལ་སྲིད་རྒྱུ་ཆ་སྤུས་ཞན་དུ་ཕྱིན་པ་ཡིན་ན། ཉིན་ཞིག་མི་གཞན་ལ་ཕར་འབུལ་བ་ཡིན་ནའང་ཁོང་ཚོས་འདི་དགོས་ཀྱི་མེད་ང་ཚོས་ཤེས་ཡོད་ཟེར་གྱི་རེད། དེར་བརྟེན་དགེ་རྒན་དང་སློབ་ཕྲུག་རྣམ་པ་ཚོས་དེ་སྔོན་ནང་བཞིན་ད་དུང་མུ་མཐུད་ནས་ཕྱག་ལས་གནང་རོགས་ཞེས་གསུངས་སོང༌།

ཡང་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས། དེང་སང་རི་མོ་འབྲི་མཁན་ཁ་ཤས་ཀྱིས། རི་མོ་དེ་ཚོ་གང་བྱུང་དུ་འབྲི་བཞིན་འདུག ཐང་ཀ་དེ་ཚོ་གང་བྱུང་མང་བྱུང་རེད་འདུག དྷ་རམ་ས་ལར་ཡིན་ནའང་འདྲ་བལ་ཡུལ་དེ་ཚོར་གཙོང་གིན་ཡོད་ནའང་འདྲ། དཀྱིལ་འཁོར་རེད་ཟེར། དེ་ཚོའི་སྒང་ལ་བོད་ཡིག་འདྲ་པོ་བྲིས་འདུག ཀ་ཁ་ག་ང༌། ལྟར་བུ། སྔགས་ཡིན་པའི་སྐད་ཆ་རེད་འདུག འོན་ཀྱང་ཕྱི་རྒྱལ་བ་ཚོས་བོད་ཡིག་ཀློག་ཤེས་ཀྱི་མེད་དུས་ཁོང་ཚོས་གང་བྱུང་བྲིས་པ་རེད།

ཡི་གེ་དང་རི་མོ་དེ་ཚོར་བལྟ་རྒྱུ་གང་ཡང་མི་འདུག དཀྱིལ་འཁོར་ལབ་དུས་ཡི་དམ་གྱི་ལྷ་དང་ཡང་ན་ཆོས་སྐྱོང་སྲུང་མ་ལྟ་བུ་གང་རུང་ཞིག་ཡིན་དགོས་ཀྱི་རེད། དེ་མ་ཡིན་པ། སུའི་དཀྱིལ་འཁོར་ཡིན། སུའི་དཀྱིལ་འཁོར་མིན་མི་ཤེས་པ། ལྷ་ཡོད་པའི་བཟོ་འདྲ་དང་འདྲེ་ཡོད་པའི་བཟོ་འདྲ་ཡིན་དུས། དཔེར་ན་ང་ལྟ་བུ་ཐང་ག་ཉར་མཁན་ཞིག་ཡིན་ན། ཡར་མཆོད་ཤོམ་ཐོག་སྒྲིག་དགོས་སམ་ཡང་ན། མར་གད་སྙིགས་ནང་གཡུག་དགོས་རྩ་བ་ནས་ཤེས་ཀྱི་མི་འདུག སྟོན་པ་ཡོད་པའི་བཟོ་འདྲ་དང༌། དེའི་བར་ན་བྱ་བྱིའུ་ལྟ་བུའང་བྲིས་འདུག སྤྱིར་རི་མོའི་ཤེས་བྱ་དང་རི་མོའི་སྒྱུ་རྩལ་ལ་རི་མོའི་མཐའ་ལ་རི་མོ་མཁན་སོ་སོའི་སྒྱུལ་རྩལ་གྱི་ཉམས་འགྱུར་སྟོན་ཆོག་གི་ཡོད་པ་རེད་ཅེས་གསུངས་སོང༌།

ཡང་གང་ཉིད་ཀྱིས། རྒྱུན་དུ་ངོས་ཀྱི་བསམས་པར་ང་ཚོས་དུས་རྒྱུན་བོད་པའི་རི་མོ་མང་ཆེ་བ་སངས་རྒྱས་དང་བྱམས་ཆུབ་སེམས་པ། སློབ་བུ་དང་ཆོས་སྐྱོང་སྲུང་མ་ཁོ་ན་འབྲི་བཞིན་ཡོད་པ་རེད། འོན་ཀྱང་མཚམས་མཚམས་སུ་ཆོས་ལུགས་ཀྱི་བརྩམ་བྱ་ཙམ་དུ་མ་ཟད་པའི་སྤྱི་སྟངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ནས་བརྩམ་བྱ་མང་ཙམ་བྱུང་བ་ཡིན་ན་ཡག་པོ་ཡོད་ཀྱི་རེད་བསམས་ཀྱི་འདུག་ཅེས་བཀའ་གནང་སོང༌།

བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་སློབ་གཉེར་ཁང་གི་དགེ་རྒན་ནུབ་རྒྱ་བུ་ཆུང་ལགས་ནི། ཕྱི་ལོ་༡༩༧༩ལོར་གཞིས་རྩེ་གྲོང་ཁྱེར་ཁ་རག་ནུབ་རྒྱ་ཞེས་པར་ཕ་རྡོ་རྗེ་དང་མ་མཚམས་གཅོད་གཉིས་ཀྱི་བུར་སྐྱེས། ཕྱི་ལོ་༡༩༨༥ལོར་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བཀྲ་ཤིས་ལྷུན་པོ་ལྷ་བྲིས་སློབ་སྦྱོང་དུ་འཇུག་གནང་མཛད། བཀྲས་ལྷུན་དགོན་གྱི་སྨན་ལུགས་གཙང་བྲིས་མཁས་དབང་ལྷ་བྲིས་དཀའ་ཆེན་བློ་བཟང་ཕུན་ཚོགས་དང་རྒན་ཕན་ཚོགས་རྡོ་རྗེ་རྣམ་གཉིས་ཀྱི་དྲུང་དུ་ལོ་ངོ་བདུན་རིང་བོད་ཀྱི་སྲོལ་རྒྱུན་སྨན་ལུགས་ལྷ་བྲིས་སྦྱོང་བརྡར་མཐར་ཕྱིན་པ་སྦྱངས། དཀའ་ཆེན་བློ་བཟང་ཕུན་ཚོགས་དང་རྒན་ཕུན་ཚོགས་རྡོ་རྗེ་རྣམ་གཉིས་ནི་སྨན་ཐང་པའི་གཙང་བྲིས་འགྲན་ཟླ་བྲལ་ཞིང༌། དེང་སྐབས་གཙང་ཁུལ་གྱི་ལྷ་བྲིས་པའི་གཙུག་རྒྱན་ལྟ་བུ་ཡིན་འདུག

ཁོང་ཉིད་སློབ་མཐར་སོན་རྗེས་ཕྱི་ལོ་༡༩༩༤བར་བཀྲས་ལྷུན་དགོན་དུ་རྒན་ཕུན་ཚོགས་རྡོ་རྗེ་དང་དཀའ་ཆེན་བློ་བཟང་ཕུན་ཚོགས་རྣམ་གཉིས་ལྷན་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་༥པ་ནས་༩པ་བར་གྱི་གདུང་རྟེན་མཆོད་ཁང་བཀྲིས་རྣམ་རྒྱལ་དང༌། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༠པའི་གདུང་རྟེན་སྲིད་གསུམ་རྣམ་རྒྱལ་སོགས་ཐང་ག་བཞེངས་བསྐྲུན་གྱི་ཞབས་ཞུའི་ལས་འཁུར་ཞུས། ཕྱི་ལོ་༡༩༩༤ནས་༡༩༩༦བར་ལྷ་ལྡན་གཙུག་ལག་ཁང་དང༌། གདན་ས་སེར་འབྲས་དགའ་གསུམ། ཡར་འབྲོག་བསམ་ལྡིང་དགོན་སོགས་སུ་ལྡེབས་རིས་དང༌། ཐང་ག་བཞེངས་བསྐྲུན་གྱི་ཞབས་ཞུ་བསྒྲུབས།

ཕྱི་ལོ་༡༩༩༧ལོར་བཙན་བྱོལ་དུ་འབྱོར་རྗེས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་དང༌། དཔལ་ལྡན་སྐུ་སྒེར་ཡིག་ཚང༌། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཐང་ག་བཞེངས་བསྐྲུན། ཞོར་དུ་བོད་ཀྱི་དགོན་སྡེ་ཁག སྤྱིར་སྒེར་མང་པོ་ཞིག་གི་སྐུ་ཐང་བཞེངས་རྒྱུའི་ཞབས་ཞུའི་ཁར། བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་སློབ་གཉེར་ཁང་གི་ལྷ་བྲིས་དགེ་རྒན་གྱི་ཕྱག་ལས་གནང་ནས། ༡༩༩༨ནས་བཟུང་བོད་ཀྱི་ལྷ་བྲིས་རིག་གཞུང་རྒྱུད་སྤེལ་ཆེད་རང་རིགས་ལྷ་བྲིས་ལས་ཀར་དོན་གཉེར་ཅན་གྱི་གཞོན་སྐྱེས་དང༌། ཕྱི་རྒྱལ་བ་བོད་ཀྱི་ལྷ་བྲིས་ལ་དོན་གཉེར་བྱེད་མཁན་དག་ལ་ལྷ་བྲིས་བཞེངས་ཀྱི་སློབ་སྦྱོང་སྤྲད་དང་སྤྲོད་བཞིན་པ་ཞིག་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།