དབྱངས་ལ་ཐིམ་པའི་བོད་ཅེས་པའི་གློག་བརྙན་ལེགས་གྲུབ་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༢༥ཉིན། ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོས་པའི་༼དབྱངས་ལ་ཐིམ་པའི་བོད་༽ཅེས་པའི། བོད་མི་རིགས་ཀྱི་གནའ་དེང་གཞས་དང་རོལ་དབྱངས་ཀྱི་འཕེལ་གྲིབ་མཚོན་པའི་གློག་བརྙན་དེ་ལེགས་གྲུབ་བྱུང་བ།

ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ཀྱིས་ལོ་ངོ་༧ལྷག་ཙམ་རིང་དཀའ་སྤྱད་འབད་བརྩོན་འོག་བཟོས་པའི་ Tibet In Song ༼དབྱངས་ལ་ཐིམ་པའི་བོད་༽ཅེས་པའི་གློག་བརྙན་དེ་ལེགས་གྲུབ་བྱུང་ནས། ཉེ་ཆར་ཁོང་ཉིད་ཆེད་དུ་དྷ་རམ་ས་ལར་ཕེབས་ནས་ཟླ་འདིའི་ཚེས་༢༡ཉིན་དྷ་ས་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་བོད་པའི་གསར་འགོད་པ་རྣམས་ལ་ངོ་སྤྲོད་དང༌། གློག་བརྙན་དེ་གཟིགས་འབུལ་ཞུས་ཡོད།

གློག་བརྙན་དེ་ནི་ཕྱི་ལོ་༡༩༩༥ལོར་ངག་དབང་ཆོས་འཕེལ་ལགས་ཁོང་ཉིད་ཆེད་དུ་བོད་ནང་དུ་ཕེབས་ནས། བོད་ནང་སྲོལ་རྒྱུན་གྱི་རོལ་དབྱངས་གནས་སྟངས་ཇི་འདྲ་ཡིན་མིན་དང༌། རྒྱ་མིའི་བཙན་འཛུལ་སླེབས་རྗེས་ཉམས་ཆག་ཇི་ཙམ་ཕྱིན་ཡོད་མེད་སྐོར་ལ་ཉམས་ཞིབ་བྱས་ནས་བཟོས་པ་ཞིག་རེད་འདུག ངག་དབང་ཆོས་འཕེལ་གྱིས་ཕྱི་ལོ་༡༩༩༥ ལོར་གློག་བརྙན་དེ་བཟོ་འགོ་བཙུགས་ཀྱང་རྗེས་སུ་རྒྱ་ནག་གཞུང་གིས་གསང་བའི་ཐོག་ཁ་བྲལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་དོགས་གཞི་འོག་ཁོང་ཉིད་འཛིན་བཟུང་བྱས་ནས་ལོ་༡༨ བཙོན་འཇུག་བྱ་རྒྱུ་ཁྲིམས་ཐག་བཅད་ཡོད་པ་རེད།

གློག་བརྙན་དེའི་ནང་བོད་ཀྱི་ས་ཁུལ་འདྲ་མིན་ནང་ཕེབས་ནས། གཞས་དང་ཞབས་བྲོ་འཁྲབ་སྟངས་ཞིབ་འཇུགས་དང༌། དེ་དག་གློག་བརྙན་བརྒྱབ་ཡོད་པས་མ་ཚད། བོད་མི་རྒན་གྲས་མང་དག་ཅིག་ལ་སྲོལ་རྒྱུན་གྱི་གླུ་གཞས་སྐོར་བཅར་འདྲི་བྱས་ནས། དབྱངས་ལ་ཐིམ་པའི་བོད་ཅེས་པའི་གློག་བརྙན་སྒྲིག་བཟོས་བྱས་པ་ཞིག་རེད་འདུག

ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ནི། བཙན་བྱོལ་ནང་འཚར་ལོངས་བྱུང་ཞིང་། དུས་ཡུན་རིང་པོ་དྷ་རམ་ས་ལར་ཡོད་པའི་བོད་གཞུང་ཟློས་གར་ནང་གཞས་སྣ་འཁྲབ་སྟོན་སོགས་ལ་སློབ་སྦྱོང་མི་དམན་པ་བྱས། ཕྱི་ལོ་༡༩༩༣ལོར་བོད་གཞུང་གི་སློབ་ཡོན་བརྒྱུད་ཨ་རིའི་གཙུག་ལག་སློབ་ཁང་མེ་ཌལ་བྷུ་རི་ (Middlebury) ལ་སློབ་སྦྱོང་བྱེད་པར་བསྐྱོད། འོན་ཀྱང་༡༩༩༥ལོར་བོད་ནང་ཆེད་མངགས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་གཞས་སྣའི་སྐོར་ཞིབ་འཇུག་གནང་བར་ཕེབས་ཡོད་ནའང༌། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་ལ་སོ་མྱུལ་གྱི་ཉེས་འཛུགས་བྱས་ནས། འཛིན་བཟུང་བྱས་པས་མ་ཚད། ལོ་༡༨རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ནས། སྤོ་བོ་སྤྲ་མོག་བཙོན་ཁང་དུ་བསྐྱལ། འོན་ཀྱང་ཁོང་གི་ཨ་མ་ལགས་དང་ཕྱི་ཕྱོགས་སུ་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་དང་ཨ་རིའི་གཙོས་པའི་བོད་དོན་རྒྱབ་སྐྱོབ་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་དང་གནོན་ཤུགས་ཇི་སྙེད་ཅིག་སྤྲད་རྗེས། ཕྱི་ལོ་༢༠༠༢ལོར་ཁོང་ཉིད་སྤོ་བོ་སྤྲ་མོག་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་རེད།

ཁོང་གིས། ཐེངས་འདིར་ལེགས་གྲུབ་བྱུང་བའི་དབྱངས་ལ་ཐིམ་པའི་བོད་ཅེས་པའི་གློག་བརྙན་འདི་ཁོང་གིས་བོད་ནང་དུ་གཏོང་ཐབས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་སོང༌། མ་ཚད་གློག་བརྙན་དེ་བོད་གཞུང་ཟློས་སྒར་ཚོགས་པ་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་པ་སོགས་ལའང་གཟིགས་འབུལ་ཞུས་ཡོད་འདུག http://www.tibetinsong.com/ དྲ་ཐག་འདིའི་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོས་པའི་༼དབྱངས་ལ་ཐིམ་པའི་བོད་༽ཅེས་གློག་བརྙན་དེའི་ཆ་ཤས་ཤིག་ཁྱེད་ཀྱིས་ལོངས་སུ་སྤྱོད་ཐུབ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།