ཁྲིམས་མཐུན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་བྱེད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༢༡ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་རོགས་དང་། ཡོ་རོབ་སྐུ་ཚབ་འབའ་པ་སྐལ་བཟང་རྒྱལ་མཚན་མཆོག་གིས། ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་བ་དང་། མ་ཚད་བཙན་བྱོལ་བོད་གཞུང་གི་མིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པར་མིང་སྒྱུར་གནང་བ་སོགས་ཆབ་སྲིད་ཀྱི་འཕོ་འགྱུར། དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་བཅས་ཀྱི་སྐོར་རྩོམ་ཡིག་ཅིག་སྤེལ་འདུག

རྩོམ་ཡིག་དེའི་ནང་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་པ་དང༌། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་དེ་བོད་ཡིག་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པར་མིང་སྒྱུར་གནང་སྐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འཕོ་འགྱུར་དེར་བོད་མི་ཚོས་སེམས་ཚོར་དྲག་པོས་ལབ་གླེང་སྣ་ཚོགས་ཤིག་བྱེད་བཞིན་པའི་རྣམ་པ་ཞིག་མངོན་གྱིན་ཡོད།

གང་ལྟར་བོད་མི་ཁག་ཅིག་གིས་འདོད་བློ་མ་ཁེངས་པའམ། སེམས་ཚོར་དྲག་པོས་རྩོད་པ་དང་ལབ་གླེང་སྣ་ཚོགས་འདི་དག་བརྒྱུད། གནས་ཚུལ་ཁག་ཁ་གསལ་དུ་གཏོང་བ་དང༌། གནད་དོན་ལེགས་པར་རྟོགས་རྒྱུར་ཕན་ཐོགས་ཀྱང་འབྱུང་བཞིན་ཡོད། མ་ཚད་བོད་མིའི་གཞི་རྩའི་བསྒྲུབ་བྱ་བོད་མིའི་རང་དབང་འཐབ་རྩོད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མུ་མཐུད་ནས་སྣེ་ཁྲིད་གནང་རྒྱུར་ངེས་ཤེས་སྦྱིན་ཡོད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་ཁ་ཐུག་འོས་འདེམས་བྱས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་རྒྱུད་སྤྲོད་གནང་བ་དེས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་ཡུན་གནས་དང༌། ལྷག་པར་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་གཞོན་སྐྱེས་རྣམས་ལ་རེ་བ་དང་ཡིད་ཆེས་གསར་པ་ཞིག་རྙེད་ཡོད་པའི་དངོས་དོན་ར་སྤྲོད་བྱས་ཡོད།

ངོས་ཀྱིས་བསམས་པར་ཐེངས་འདིའི་འཕོ་འགྱུར་འདིས་བོད་མི་དང་རྒྱ་ནག་གི་འགོ་ཁྲིད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་བརྡ་ལན་ཞིག་ཀྱང་སྤྲོད་ཀྱིན་ཡོད་པ་རེད་བསམས་ཀྱིན་འདུག་ལ། འདི་ནི་སྣེ་ཁྲིད་དང་གསར་གཏོད་རང་བཞིན་གྱི་མང་གཙོ་སྲ་བརྟན་དང༌། སོ་སོར་གདེང་སྤོབས་ཤིག་ཀྱང་སྦྱིན་གྱིན་ཡོད་པ་གསལ་པོ་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་ནང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་གངས་ཅན་གྱི་མགོན་སྐྱབས་དང་བོད་མི་ཡོངས་ཀྱི་སྐུ་ཚབ་ཡིན་ཞིང༌། ཕྱི་ལོ་གོང་གི་བརྒྱ་ཕྲག་གཉིས་པ་ནས་ཕྱི་ལོ་༡༩༥༡ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་དེ་བཙན་བཟུང་མ་བྱས་བར། བོད་དེ་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་གང་ཅིའི་ཐད་རང་བཙན་པ་ཞིག་གི་ངོ་བོ་ལྡན་ཡོད། དེ་རྗེས་ཕྱི་ལོ་༡༩༥༩ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་འབྱོར་རྗེས། མང་གཙོའི་ལམ་སྲོལ་གསར་གཏོད་དང་ངོ་སྤྲོད་གསལ་བསྒྲགས་བསྐྱངས་ཡོད།

ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཤིང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་སྐུ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་གཞུང་དེར་ཡོད་པར་གཞིས་བྱེས་བོད་མི་ཡོངས་ལ་གསལ་བཤད་གནང་ཡོད།

ཕྱི་ལོ་༡༩༥༩ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་འབྱོར་རྗེས། གང་ཉིད་ཀྱིས་གསར་འཛུགས་གནང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས། ཕྱོགས་གཅིག་ནས་བཙན་བྱོལ་དུ་འབྱོར་བཞིན་པའི་ཁྱོན་བོད་མི་༨༠༠༠༠ཙམ་ལ་ལྟ་རྟོགས་དང༌། ཕྱོགས་གཞན་ཞིག་ནས་བོད་དོན་འཐབ་རྩོད་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་རག་ཐབས་ཐད་འབད་བརྩོན་གནང་ཡོད།

ང་ཚོ་གཞུང་འབྲེལ་གྱི་ཡིག་ཆ་དེ་དག་གི་འགོ་བརྗོད་དུ། ༼ཏཱ་ལའི་བླ་མའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་༽ཞེས་པའི་མིང་ཚིག་འདི་བེད་སྤྱོད་གཏོང་གིན་ཡོད་པ་ལས་ཕྱི་འབྲེལ་གྱི་ལས་དོན་ཐོག་༼བཙན་བྱོལ་བོད་གཞུང་༽ཞེས་པའི་མིང་ཚིག་འདི་བེད་སྤྱོད་གཏོང་གིན་ཡོད་པ་མ་རེད། སྤོབས་པ་སྐྱེ་འོས་པ་ཞིག་ནི་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནི་ཁོང་ཚོའི་དོན་དམ་གྱི་གཞུང་ཞིག་དང༌། ཁོང་ཚོའི་སྐུ་ཚབ་ངོ་མ་དེ་ཡིན་པའི་ངོས་འཛིན་གནང་གིན་ཡོད་པ་རེད།

ཐོག་མར་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས། ང་ཚོའི་གཞི་རྩའི་འཐབ་རྩོད་ནི། བོད་ཀྱི་བདེན་པའི་འཐབ་རྩོད་ཅིག་དང༌། བོད་མི་རྣམས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་ཞིག་ལས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་སྒེར་གྱི་སྐུ་དབང་དང༌། ཐོབ་ཐང་སོགས་ལ་འཐབ་རྩོད་བྱེད་བཞིན་པ་ཞིག་རྩ་བ་ནས་མིན་ལུགས་འགྲེལ་བརྗོད་གསལ་པོ་གནང་ཡོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་དང་ཐུགས་རྗེའི་བཀའ་དྲིན་འོག་གསར་འཛུགས་གནང་བ་ཞིག་ཡིན་དུས། ཉེ་ཆར་གྱི་འཕོ་འགྱུར་དེའི་རྐྱེན་པས་དོན་དངོས་ཐོག་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་རྣམས་ལ་གུས་ཞབས་མེད་པ་དང༌། ཁོང་ཚོའི་དབུ་ཁྲིད་ཡིན་མིན་ཐད་རྩོད་རྙོག་དེ་འདྲ་གང་ཡང་འབྱུང་མི་སྲིད། སྒྲིག་འཛུགས་འདི་ནི་བོད་མི་རྣམས་ཀྱིས་ངོས་ལེན་དང་སྐུ་ཚབ་ངོ་མ་མཚོན་ཐུབ་མཁན་གཅིག་པུ་དེ་ཆགས་ཡོད།

སྤྱིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་འདེམས་སྐབས་སུ། བོད་ནང་དུ་ཡོད་པའི་བོད་མི་ཚོས་ཁ་ཐུག་འོས་ཤོག་བླུག་ཐུབ་ཀྱི་མེད་ཀྱང༌། ཐབས་ལམ་སྣ་ཚོགས་རྒྱུད་ཡིད་ཆེས་དང་རྒྱབ་སྐྱོར་གྱི་ལས་འགུལ་འདྲ་མིན་ཞིག་སྤེལ་གྱིན་ཡོད་པ་རེད། ཡང་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་འགའ་ཤས་ཀྱིས་ཉེ་ཆར་ཆབ་སྲིད་ཀྱི་འཕོ་འགྱུར་དེ་ལ་བརྟེན་ནས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཤིག་གམ། སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་གནང་མཁན་ཡང་ཡོད། དེ་ནི་མི་སྒེར་གྱི་རང་དབང་གི་བདམས་ཀ་ཞིག་དང༌། མི་སྒེར་གྱི་ཐག་གཅོད་ཅིག་རེད།

འདས་པའི་དུས་ཡུན་ལོ་ངོ་བཅུ་ཕྲག་འགའ་ཤས་རིང༌། བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དང་ལམ་སྟོན་འོག་རང་དབང་འཐབ་རྩོད་བྱས་ཀྱང༌། ཆབ་སྲིད་ལ་འགན་འཁུར་དང་དོ་སྣང་ཡོད་མཁན་བོད་མི་ཚང་མས་ཤེས་གསལ་ལྟར། རྒྱུན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ལུགས་བཀའ་སློབ་རིམ་པར་གནང་ཡོད་ཅེས་དང༌། ཡང་ཁོང་གིས། རྒྱ་ནག་གཞུང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གྱི་གྲོས་མོལ་གྱི་རྒྱུད་རིམ་དང༌། གྲུབ་འབྲས་བཅས་འགྲེལ་བརྗོད་ཞིབ་ཕྲ་གནང་འདུག

མཐའ་དོན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིས། བོད་མི་རྣམས་ཀྱིས་ང་ཚོའི་ཕ་ཡུལ་གངས་ལྗོངས་ལུང་པའི་ནང༌། སོ་སོའི་ལས་དོན་རང་དབང་ཐོག་སོ་སོས་ཐག་གཅོད་བྱ་རྒྱུ་དང༌། མ་ཚད་ལུང་པ་དེའི་ནངརང་དབང་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུར་འཐབ་རྩོད་བྱེད་ཀྱིན་ཡོད་པ་ལས། གཞན་དེ་ལས་རྒྱ་ཆེ་བ་ཞིག་དང་དེ་ལས་རྒྱ་ཆུང་བ་ཞིག་འཐབ་རྩོད་གང་ཡང་བྱེད་ཀྱིན་ཡོད་པ་མ་རེད་ཅེས་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མིང་བརྗེ་བསྒྱུར་གནང་ལུགས་བསྐྱར་དུ་ནན་བརྗོད་འདིས། བོད་མིའི་སྒྲིག་འཛུགས་འདི་གཞི་རྩ་ཁྲིམས་མཐུན་གྱི་བོད་མི་རིགས་ཀྱི་སྐུ་ཚབ་དང༌། བོད་མིའི་མངོན་འདོད་ཀྱི་འབོད་སྒྲ་སྒྲོག་མཁན་ཞིག་ཡིན་པར་འགྱུར་བ་གང་ཡང་འགྲོ་གི་ཡོད་པ་མ་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།