བོད་ཕྲུག་༡༢༥ཙམ་སྤྱི་ཚོགས་ནང་འགྲོ་ཐུབ་པ་བཟོས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༨ཉིན། དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་༼ཀུན་ཕན་༽ཚོགས་པའི་འགན་འཛིན་བསྟན་འཛིན་ལེགས་འཕེལ་ལགས་ཀྱིས། ད་ལྟ་བར་བཙན་བྱོལ་ནང་སྨྱོ་རྫས་རིགས་བེད་སྤྱོད་བྱེད་མཁན་ཁྱོན་བོད་ཕྲུག་༡༢༥ཙམ་རང་འགོ་ཐོན་ནས་སྤྱི་ཚོགས་ནང་འགྲོ་ཐུབ་པ་བཟོས་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།

འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས། དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་༼ཀུན་ཕན་༽ཚོགས་པའི་འགན་འཛིན་བསྟན་འཛིན་ལེགས་འཕེལ་ལགས་སུ། ཚོགས་པ་དེའི་ངོ་བོ་དང༌། ལས་དོན་བྱེད་ཕྱོགས། ག་དུས་གསར་འཛུགས་བྱས་མིན། ལས་དོན་གྱི་གྲུབ་འབྲས་བཅས་ཀྱི་སྐོར་བཅར་འདྲི་ཞུས་པར། ཁོང་གིས། ཀུན་ཕན་ཚོགས་པ་འདི་གསར་འཛུགས་བྱས་ནས་ད་ལྟ་བར་ལོ་༡༡ཙན་འགྲོ་བཞིན་ཡོད་པ་རེད། ཕྱི་ལོ་༢༠༠༠ལོའི་ཟླ་༡༢པའི་ནང་ཚོགས་པ་འདི་དེབ་སྐྱེལ་དང་དབུ་འབྱེད་བྱས་པ་རེད། ཚོགས་པ་འདིའི་མིང་༼ཀུན་ཕན་༽ཀུན་ལ་ཕན་པ་ཟེར་གྱི་ཡོད་པ་རེད།

ང་ཚོའི་ལས་དོན་གཙོ་བོར་དེ་སྨྱོ་རྫས་ཉེས་འགོག་དང༌། གཉན་ནད་རེག་དུག་གི་སྐོར་ལས་འགུལ་སྤེལ་རྒྱུ་དེ་རེད། ང་ཚོས་བོད་པའི་སྤྱི་ཚོགས་ནང་ཆང་རག་བཏུང་མཁན་དང༌། སྨྱོ་རྫས་རིགས་བཟའ་མཁན་དེ་ཚོར་རོགས་པ་བྱེད་དུས། ལས་གཞི་དབྱེ་བ་མང་པོ་ཕྱེ་བཞིན་ཡོད། གཅིག་དེ་ཁོང་ཚོ་སྨན་ཁང་ནང་བཏང་ནས་འགྲོ་སོང་གཏོང་གིན་ཡོད། ནད་པ་ཁོང་ཚོར་རིན་མེད་ཐོགས་སྨན་བཅོས་བྱ་རྒྱུར་ཐབས་ཤེས་བྱེད་ཀྱིན་ཡོད།

སྨན་ཁང་ནང་ཁོང་ཚོ་ཟླ་བ་༥ནས་༦བར་སྨན་བཅོས་བྱེད་པ་དང༌། དེའི་རྗེས་སུ་ལས་འགུལ་གཉིས་པ་ཞིག་ཡོད་པ་རེད། སྨན་ཁང་ནང་སྨན་བཅོས་བྱས་ཚར་དུས། ལམ་ཁར་གཡུག་པ་ཡིན་ན། སྔོན་མའི་རོགས་པ་དེ་ཚོ་ཐུག་ནས་ལམ་སེང་ཕྱིར་རང་འཇགས་ཆགས་འགྲོ་གིན་འདུག ལས་འགུལ་གཉིས་པ་དེ་ག་རེ་རེད་ཟེར་ན། ང་ཚོའི་ལས་ཁུངས་འོག་ཏུ་དབྱིན་སྐད་ནང་ (Aftercare) ༼དེའི་རྗེས་སུ་ལྟ་སྐྱོང་༽ཟེར་བ་ཞིག་ཡོད་པ་རེད། དེ་ང་ཚོས་ཧ་ཅང་གལ་ཆེན་པོ་བརྩི་བཞིན་ཡོད། གང་ཡིན་ཟེར་ན་སྤྱིར་རྒྱ་གར་ནང་ལས་འགུལ་དེའི་ཆེད་བསྟི་གནས་ Center དེ་འདྲ་མང་པོ་ཡོད་པ་རེད། འོན་ཀྱང་ Aftercare དེ་འདྲ་མི་འདུག

Aftercare དེའི་ནང་ནས་ང་ཚོས་ནད་པ་དེ་སྤྱི་ཚོགས་ནང་འགྲོ་ཐུབ་པའི་གདེང་ཚོད་དང་སྤོབས་པ་སླེབས་ཐབས་སུ། ཉིན་རེ་ཉིན་རེར་ང་ཚོས་སློབ་གསོ་རྒྱག་གིན་ཡོད། གང་ཡིན་ཟེར་ན། སྔོན་མ་ཁོང་ཚོ་མིའི་སྤྱི་ཚོགས་ནང་འགྲོ་ཐུབ་ཀྱི་ཡོད་པ་རེད། ཁོང་ཚོའི་སྡོད་ས་ཡང་ལོག་ག་རེད། གད་སྙིགས་གཡུག་ས་དང་ཁུག་ཀྱོག་དེ་ཚོའི་ནང་ཐ་མག་སོགས་འཐེན་ནས་སྡོད་ཀྱི་ཡོད་པ་རེད། ཁོང་ཚོར་གདེང་ཚོད་དང་བློ་ཁོག་ཡོད་པ་མ་རེད། ཁོང་ཚོར་གདེང་ཚོད་དང་བློ་ཁོག་སླེབས་པར་སློབ་གསོ་རྒྱག་དགོས་ཀྱི་འདུག

དེར་བརྟེན་མཚམས་རེ་ང་ཚོས་ཕྱི་རྒྱལ་ཁག་ནས་སེམས་ཁམས་རིག་པ་བ་དང༌། དཀའ་ངལ་དེའི་སྐོར་ཉམས་མྱོང་ཆེན་པོ་ཡོད་མཁན་དེ་འདྲ་ཆེད་དུ་གདན་འདྲེན་ཞུས་ནས་ཁོང་ཚོར་སློབ་གསོ་རྒྱག་བཅུག་གིན་ཡོད། དེ་དང་ཆབས་ཅིག་ང་ཚོས་ཁོང་ཚོར་ལས་ཀ་འཚོལ་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་ཁོང་ཚོར་ལས་ཀ་འཚོལ་རྒྱུ་དེ་ཧ་ཅང་ཁག་པོ་རེད་འདུག གང་ཡིན་ཟེར་ན། ཁོང་ཚོའི་ནང་ཁག་ཅིག་ཧ་ལས་ན་མཐོ་ཤོས་འཛིན་གྲྭ་༨པ་འགྲོ་མྱོང་མཁན་ཙམ་དང༌། དེ་མིན་མང་ཆེ་བ་འཛིན་གྲྭ་༣པ་དང༌། ༤པ། ༥པ་དེ་འདྲ་རེད།

དེར་བརྟེན་ཁོང་ཚོར་ལས་ཀ་དམིགས་བསལ་རག་རྒྱུ་ཁག་པོ་རེད་འདུག མ་ཚད་ལས་ཀ་འཚོལ་བར་འགྲོ་སྐབས་སུ་མི་ཚོས་སྔོན་མ་ག་རེ་བྱས་མྱོང་ཡོད་ཅེས་སྐད་ཆ་འདྲི་དུས། ང་སྔོན་མར་ཐ་མག་ནག་པོ་འཐེན་མཁན་ཡིན་ཞེས་ལབ་དུས། ཁོང་ཚོས་ལམ་སང་རྗེས་སུ་བསམ་བློ་གཏོང་ཆོག་ཅེས་ལན་རྒྱག་གིན་འདུག

ང་ཚོའི་ལས་འགུལ་གཞན་ཞིག་ནི། མཚམས་རེར་པུ་གུ་རེས་མོས་བྱས་ནས་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་དེ་ཚོའི་ནང་ཁྲིད་ནས་ཁོང་ཚོའི་ཉམས་མྱོང་ཐོག་སྨྱོ་རྫས་རིགས་འཐུང་ཚེ་གནོད་སྐྱོན་ག་རེ་ཡོད་མེད་གཞན་ལ་གོ་རྟོགས་སྤེལ་བཅུག་གིན་ཡོད། སྐབས་རེར་ཁོང་ཚོས་སྐད་ཆ་བཤད་མ་ཐུབ་པ་དེ་འདྲ་ཡང་ཡོང་གིན་འདུག གཙོ་བོ་དེ་ཁོང་ཚོ་དང་གཞན་དག་ལ་ཕན་ཐོགས་པའི་ཆེད་དུ་རེད་ཅེས་གསུངས་སོང་།

ཡང་ཁོང་ལ་ད་ལྟའི་ཆར་༼ཀུན་ཕན་༽ཚོགས་པ་དེའི་ནང་ལས་ཀ་དངོས་སུ་བྱེད་མཁན་མི་ག་ཚོད་ཅིག་ཡོད་མེད་སྐད་ཆ་དྲིས་དུས། ཁོང་གིས། འོ་དེ་དཀའ་ངལ་ཆེ་ཤོས་ཤིག་རེད། ད་ལྟ་ལས་ཀ་དངོས་སུ་བྱེད་མཁན་ལས་བྱེད་༢དང་༣ལས་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་ཚོའི་ཚོགས་པ་དེར་གླ་ཆ་ནི་མང་པོ་ཡོད་པ་མ་རེད། གླ་ཆ་མཐོ་པོ་མེད་དུས་སུ་ཡིན་རུང་ལས་ཀ་བྱ་རྒྱུར་འདོད་པ་ཡོད་པ་གང་ཞིག་ལ་གླ་ཆ་མཐོ་པོ་དགོས་མཁན་མང་པོ་འདུག

ད་ལྟ་ལས་ཀ་དངོས་སུ་བྱེད་མཁན་ང་དང་ལས་བྱེད་གཞན་པ་ཞིག་ཡོད། ཡིག་ཚང་ནང་རྒྱུན་དུ་སྡོད་མཁན་གཉིས་མ་གཏོགས་ཡོད་པ་མ་རེད། རོགས་པ་བྱེད་མཁན་ལས་བྱེད་པ་གཞན་པ་ཞིག་ཀྱང༌། ངས་ད་ལྟ་ལས་བྱེད་གཉིས་པ་དེར་རྒྱུན་དུ་བསྔགས་བརྗོད་བྱེད་ཀྱིན་ཡོད། ཁོང་རང་ Social -Work སྤྱི་ཚོགས་ལས་དོན་ཐོག་ Master ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་ཞིག་རེད། ཁོང་ལ་གླ་ཆ་ཆུང་ཆུང་ལས་མེད་ཀྱང་སེམས་ཤུགས་དང་ལྷག་བསམ་ཁོ་ནའི་ཐོག་ནས་ལས་ཀ་བྱེད་མཁན་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང༌།

ཀུན་ཕན་ཚོགས་པ་གསར་འཛུགས་བྱས་པ་ནས་བཟུང་ད་ལྟ་བར་ཁྱོན་བོད་ཕྲུག་ག་ཚོད་ཙམ་ཞིག་ལ་ཕན་ཐོགས་རོགས་རམ་གནང་ཐུབ་པ་བྱུང་ཡོད་མེད་དང༌། ད་ལྟའི་ཆར་ལྟ་རྟོགས་བྱེད་ས་གྲངས་ག་ཚོད་ཅིག་ཡོད་མེད་བཅས་བཀའ་འདྲི་ཞུས་དུས། ཁོང་གིས། ད་ལྟ་བར་དུ་ཁྱོན་བོད་ཕྲུག་༡༢༥ཙམ་ཞིག་ལ་ཕན་ཐོགས་ཐུབ་པ་བྱུང་ཡོད། དེ་ཚོ་ཚང་མ་ནི་སོ་སོ་རང་ངོས་ནས་ད་ལྟ་བར་དུ་ཐ་མག་དང་ཆང་རག་འཐུང་བ་ཡིན་དུས། ད་ནི་འུ་ཐུག་སོང་སྐུ་མཁྱེན་རོགས་རམ་བྱེད་རོགས། ད་ནས་བཟུང་དེ་ཚོ་སྤང་གི་ཡིན་ལབ་ནས་སོ་སོས་མཐའ་མའི་ཐག་གཅོད་བྱས་པ་དེ་ཚོར་ང་ཚོས་རོགས་པ་བྱས་པ་ཞིག་རེད། ད་ལྟའི་ཆར་ང་ཚོས་ལྟ་རྟོགས་བྱེད་བཞིན་པ་པུ་གུ་༣ཡོད་ཅེས་འགྲེལ་བརྗོད་གནང་སོང༌།

ཚོགས་པ་དེའི་འགྲོ་སོང་གི་ཡོང་སྒོ་ཐད་བཀའ་འདྲི་ཞུས་སྐབས། ད་ལྟ་བར་དུ་འགྲོ་སོང་མང་ཆེ་བ་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་ནས་ཡོང་བ་དེ་འདྲ་རེད། ང་ཚོས་ལས་འཆར་དེ་ཚོ་ཁོང་ཚོར་བཏང་ནས་ཁོང་ཚོས་མཚམས་རེར་སྤྲད་པ་དང་མཚམས་རེར་མ་སྤྲད་པ་དེ་འདྲ་སྣ་ཚོགས་ཡོང་གི་འདུག ང་ཚོའི་འགྲོ་སོང་བརྒྱ་ཆ་འགའ་ཤས་འཕྲོད་བསྟེན་ལས་ཁུངས་ཀྱིས་གནང་གིན་ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་པ་དེ་ཕན་ཐོགས་ཆེན་པོ་འདུག

ཐོག་མར་ང་ཚོས་ཚོགས་པ་འདི་འགོ་བཙུགས་དུས་༧རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་ཡིག་ཚང་ནས་ཧིན་སྒོར་འབུམ་༢༥ཞིག་གནང་སོང༌། འབུམ་༢༥དེ་ག་རེའི་ཆེད་དུ་རེད་ཟེར་ན། ང་ཚོའི་ཚོགས་པ་རང་གི་སྨན་ཁག་ཞིག་དང་ས་ཆ་ཞིག་ཉོ་རྒྱུའི་ཆེད་དུ་རེད། ད་ལྟ་ཁྱེད་རང་གིས་གཅིག་བྱས་ན་མཐོང་ཡོད་ཀྱི་རེད། ཐ་མག་འཐེན་ནས་ནང་ལ་འགྲོ་ས་མེད་པ་དང༌། ཕ་མས་ཕྱིར་ཕུད་པ་དེ་འདྲ་མང་པོ་ཞིག་ལམ་གྱི་གཡས་གཡོན་དང་ཁང་པའི་ཕྱི་ལོགས་སོགས་སུ་ཉལ་མཁན་མང་པོ་ཡོད་པ་རེད། ཕ་མས་ཕྱིར་འབུད་བཏང་བ་དེ་ཚོ་དགའ་དྲག་ནས་མ་རེད། འུ་ཐུག་ནས་ཕུད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

ལས་ཀ་འདི་འདྲ་ཞིག་གཉེར་དུས། མཚམས་རེ་དམིགས་བསལ་དཀའ་ངལ་དེ་འདྲ་འཕྲད་མྱོང་ཡོད་མེད་ཅེས་བཀའ་འདྲི་ཞུས་དུས། སྤྱིར་ཡིན་ན་ང་ཚོའི་སྤྱི་ཚོགས་འདི་ནང་པ་ཞིག་ཡིན་པའི་ཆ་ནས་མི་མང་པོ་ཞིག་གིས་ངོས་ལ་ཁྱེད་རང་གིས་ལས་ཀ་འདི་འདྲ་ཞིག་བྱེད་བཞིན་པ་ནི་ཧ་ཅང་ཡག་པོ་རེད། དགེ་བ་བསགས་ཡོད་པ་རེད་ཅེས་བསྟོད་བསྔགས་གཏོང་མཁན་མང་པོ་འདུག

འོན་ཀྱང་མཚམས་རེར་ཁོང་ཚོར་པུ་གུ་ནང་ཁུལ་དུ་འཁྲུག་པ་ཤོར་བ་དང༌། མ་ཚད་སྐབས་རེར་ང་ཚོ་ལའང་ལག་པ་མ་བཀྱག་ཙམ་མ་བཀྱག་ཙམ་དེ་འདྲའི་གནས་ཚུལ་ཡང་ཐོན་གྱི་འདུག རྙོག་དྲ་ཆེ་ཤོས་གཅིག་ནི་མཚམས་རེར་པུ་གུ་དེ་ཚོ་རག་བཟི་ནས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ནས། སྐབས་རེར་མཚན་མོ་ཆུ་ཚོད་༡༢ཙམ་ལའང་ངོས་རང་ཉེན་རྟོག་ལས་ཁུངས་ནས་ཁོང་ཚོ་མར་གཏོན་པར་མང་པོ་འགྲོ་མྱོང་ཡོད། ཁོང་ཚོ་མང་པོ་ཞིག་ལ་ RC སྐྱབས་བཅོལ་ལག་ཁྱེར་མེད་དུས་ངོས་ཀྱི་ RC སྐྱབས་བཅོལ་ལག་ཁྱེར་པར་སློག་རྒྱག་ནས་སྤྲད་དགོས་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

ཚོགས་པ་འདི་བཙུགས་ནས་དུས་ཡུན་ལོ་ངོ་༡༡ཙམ་གྱི་རིང་ཉམས་མྱོང་ལས། བོད་པའི་སྤྱི་ཚོགས་ནང་སྨྱོ་རྫས་ལ་སོགས་པ་འཐུང་མཁན་གྱི་གྲངས་ཀ་དེ་ལོ་རེ་ནས་ལོ་རེར་མར་ཆགས་འགྲོ་གིན་འདུག ཡང་ན་ཡར་འཕར་འགྲོ་གིན་འདུག་ཅེས་བཀའ་འདྲི་ཞུས་སྐབས། ཁོང་གིས་ཚོད་དཔག་བྱས་པ་ཡིན་ན་གྲངས་ཀ་མང་ཉུང་གི་ཆ་ན་དམིགས་བསལ་ཁྱད་པ་དེ་འདྲ་གང་ཡང་འགྲོ་གིན་མི་འདུག འོན་ཀྱང་ཛ་དྲག་ཏུ་དང་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་ཞིག་མཐོང་སོང༌།

གང་ཡིན་ཟེར་ན། སྔོན་མ་དེ་ཚོ་མང་ཆེ་བ་ལོ་ན་༣༠ཡན་ཆད་དེ་འདྲ་རེད་འདུག འོན་ཀྱང་ད་ལྟ་ལོ་ན་༡༥དང་༢༠དེ་བཞིན་༢༥ཡས་མས་ཀྱི་བོད་པའི་གཞོན་སྐྱེས་མང་པོ་ཞིག་དེའི་ནང་ཚུད་འདུག ཁོང་ཚོ་ཆུང་དུས་ནས་གཅུན་མ་ཐུབ་ན་ལོ་ཚོད་དེའི་སྒང་ལ་སླེབས་པ་ཡིན་ན་ཧ་ཅང་ཁག་པོ་ཆགས་ཀྱི་འདུག ལོ་ན་ཆུང་ཆུང་དེ་འདྲ་མང་པོ་ཞིག་གནས་ཚུལ་དེ་འདྲ་ཞིག་ཐོན་ཡོང་དུས་སྤྱི་ཚོགས་དེ་བརྡབ་གསིག་ཆེན་པོ་ཞིག་དང་ཉག་ཕྲ་པོ་ཞིག་ཆགས་བཞིན་པ་མཐོང་གིན་འདུག་ཅེས་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཀུན་ཕན་ཚོགས་པའི་འགན་འཛིན་བསྟན་འཛིན་ལེགས་འཕེལ་ལགས་དང་ཕྱག་རོགས་ལྷན་རྒྱས་ལ་བསྔགས་བརྗོད་དང་། ཁྱེད་རྣམས་པའི་ཆོས་ཕྱོགས་ནས་བཤད་ན་དགེ་རྩ་བསགས་པ་ཙམ་མ་ཟད་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཉམས་ལེན་ཁ་ཡོད་ལག་ཡོད་སྒྲུབ་པ་དང། འཇིག་རྟེན་པའི་བཤད་ཚུལ་བྱས་ན་བོད་རིགས་སྤྱི་ལ་ཕན་པའི་བྱ་བཞག་ཆེན་པོ་ཞིག་སྒྲུབ་པ་ཡིན་པས་གོ་སྐབས་འདིའི་རྒྱུད་ཐུགས་རྗེ་ཆེ་ཞེས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།