ཞི་བའི་ངོ་རྒོལ་དང་དྲག་པོའི་ཡ་ལན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༦ཉིན། ཟླ་འདིའི་ཕྱི་ ཚེས་༡༥ཉིན། རྒྱ་དམར་གཞུང་གིས་གཞིས་ལུས་བོད་མི་ཚོར་མི་སྤྱོད་ལས་འདས་པའི་དྲག་གནོན་རབ་དང་རིམ་པ་སྤེལ་བཞིན་པར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་༼ཞི་བའི་ངོ་རྒོལ་ དང་དྲག་པོའི་ཡ་ལན༽་ཟེར་བའི་བསྒྲགས་ཡིག་ཅིག་སྤེལ་འདུག

ཞི་བའི་ངོ་རྒོལ་དང་། དྲག་པོའི་ཡ་ལན།

ཞི་བའི་མང་ཚོགས་ཀྱིས་འཛོག་མགོ་གནམ་ལ་འཕྱར་ཏེ་༼བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོི་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱ་མི་བོད་ནས་ཕར་རྒྱུག༽ཞེས་ཁྲིམས་མཐུན་ལུགས་མཐུན་གྱི་སྐད་འབོད་ཁྲོམ་སྐོར་ཙམ་བྱས་པར། རྒྱ་གཞུང་གིས་གོ་མཚོན་སྤྱད་ནས་ཉི་མ་ཁ་དཀར་ངོ་དཀར་ལ་མང་ཚོགས་དམར་གསོད་གཏོང་རྐྱང་བྱེད་ཀྱིན་ཡོད། ན་ཟུག་དེ་ནི་འགྲོ་བ་མིའི་བཟོད་སྒོམ་གྱི་རྒྱ་ལས་བརྒལ་བ་ཞིག་ཡིན་སྟབས། ཉེ་སྔོན་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་དམར་གཞུང་གི་ལོག་སྤྱོད་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་ཚ་རླབས་ད་དུང་འཇགས་མེད་པ་བཞིན། ལོ་འདི་གའི་ནང་བོད་ཀྱི་རྒྱལ་གཅེས་པ་ཁག་ཅིག་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་ལ་བསྲེག་པ། ཆུ་ལ་མཆོང་བ། གཡང་ལ་ལྕེབ་པ་སོགས་རང་སྲོག་རང་གིས་གཅོད་དགོས་པའི་སྐྱོ་གནས་བསྟུད་མར་བྱུང་ཡོད། དོན་དངོས་འདི་དག་གིས་ཁ་བརྒྱ་མིག་སྟོང་གི་མི་སྡེའི་སྤྱི་ཚོགས་འདི་ཧང་སངས་སུ་བཅུག་ཁར། བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལོ་༦༠འཁོར་བ་ཟེར་ནས་འུད་དཀྲོགས་བྱེད་མཁན་ཚོར་ཡང་གསལ་འདེབས་བྱས་ཡོད།

སྤྱི་ལོ་༢༠༠༨ལོར་བོད་ས་ཡོངས་ནས་དགྲ་བོ་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་པའི་གནས་སྟངས་མང་པོའི་ནང་ནས། ལོ་དེར་མདོ་ཁམས་དཀར་མཛེས་ཁུལ་གཅིག་པུ་ནས་མི་གྲངས་༧༠ལྷག་ཞིོག་ཞི་རྒོལ་ནང་ཞུགས་རྐྱེན་རྒྱ་དམར་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། སྐབས་དེར་དམ་ཚིག་མཁའ་འགྲོ་དང་། ཤེས་རབ་དབྱངས་མཚོ། གྲྭ་པདྨ་རྒྱལ་མཚན། བཙུན་མ་དབྱངས་སྐྱིད་སྒྲོལ་མ་བཅས་ཀྱི་སྐུ་སྲོག་ཤོར་བའི་ཁར།  ཉིན་འདི་དག་གི་ནང་སླར་ཡང་དཀར་མཛེས་ཁུལ་ནས་མི་གྲངས་༡༧ཙམ་ཞིག་འཛིན་བཟུང་བྱས་འདུག་ལ། ལོ་དེར་བཙུན་མ་བདེ་དགའ་ཡིས་དཀར་མཛེས་ཁྲོམ་གཞུང་དུ་སྐད་འབོད་བྱས་མཐར་ལུས་ལ་མེ་མདའ་ཕོག་སྟེ་ལོ་གསུམ་གྱི་ཁྲིམས་ཆད་བཏང་རྗེས་སྨན་ཁང་ནང་ཉིན་གཉིས་ཀྱི་རྗེས་སླར་ཡང་འཛིན་བཟུང་གིས་ཁྲིམས་ཐག་ལོ་བཞི་ནས་ལྔའི་བར་བཅད་འདུག ལོ་དེའི་ཟླ་༣ཚེས་༡༨ཉིན་དཀར་མཛེས་རྫོང་དུ་ཞིང་པ་དོན་ལྡན་ལ་དམག་མིས་རྡུག་རྡེག་དྲག་པོ་བཏང་ཡང་ཡུན་ཐུང་ནང་ཉེན་གཡོལ་དུ་ཐར་ཙམ་བྱུང་འདུག ད་ཆ་ཁུངས་ལྡན་གྱི་གནས་ཚུལ་ལྟར་ན་སྤྱི་ལོ་༢༠༡༡ཟླ་༣ཚེས་༣ཉིན་ཞིང་པ་དོན་ལྡན་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་འདུག ད་ལམ་ཏྲེ་ཧོར་སྐྱིད་སྡུག་ཚོགས་པ་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་གཤམ་གསལ།

༡ བེ་རི་དགོན་གྱི་དགེ་སྐོས་ཟུར་པ་གྲྭ་པདྨ་ཚེ་རིང་། རང་ལོ་༣༢། ཡབ་བློ་བཟང་བསྟན་པ། ཡུམ་གཡུ་སྒྲོན་ཟླ་༦ཚེས་༡༡ཉིན་འཇུ་བཟུང་བྱས།

༢ བེ་རི་དགོན་གྱི་གྲྭ་འོད་ཟེར་ཕུན་ཚོགས། ཡབ་བློ་བཟང་རྒྱ་མཚོ་དང་ཡུམ་རྟ་མགྲིན་ལྷ་མོ། རང་ལོ་༣༡། སྤྱི་ལོ་༢༠༡༡ཟླ་༦ཚེས་༧ཉིན་འཛིན་བཟུང་བྱས།

༣ བེ་རིའི་ལམ་གྲགས་དགོན་གྱི་བཙུན་མ་ཚེ་དབྱངས་ཕལ་ཆེར་རང་ལོ་༢༠ནས་༢༥ཡིན། ཡབ་བཀྲིས་དབང་ཕྱུག  ཡུམ་མེ་ཏོག་ལྷ་མོ། སྤྱི་ལོ་༢༠༡༡ཟླ་༦ཚེས་༩ཉིན་འཛིན་བཟུང་བྱས།

༤ དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་མགོ་དབྱངས། ཡབ་ཡུམ་གྱི་མཚན་གསལ་རྟོགས་མ་བྱུང་། ཟླ་༦ཚེས་༡༠ཉིན་འཇུ་བཟུང་བྱས།

༥ ལམ་གྲགས་དགོན་གྱི་བཙུན་མ་རིག་དགའ། རང་ལོ་༢༠། ཟླ་༦པའི་ཚེས་༡༠ཉིན་གྱི་ཕྱི་དྲོ་འཇུ་བཟུང་བྱས།

༦ ལམ་གྲགས་དགོན་གྱི་བཙུན་མ་བུ་མོ་བྱམས་དགའ། ཟླ་༦ཚེས་༡༠ཉིན་ཆུ་ཚོད་ལྔ་པའི་ཐོག་འཇུ་བཟུང་བྱས།

༧ དཀར་མཛེས་ལམ་གྲགས་དགོན་གྱི་བཙུན་མ་བྱམས་པ་ལྷ་མཚོ། རང་ལོ་༢༥། ཟླ་༦ཚེས་༥ཉིན་འཇུ་བཟུང་བྱས།

༨ དཀར་མཛེས་ལྷ་སྐྱེ་ནས་ཡིན་པའི་ཞིང་པ་བསྟན་འཛིན་ལྷ་མཚོ། རང་ལོ་༢༧ཡབ་མིང་རྡོ་རྗེ་བསྟན་དར་དང་། ཡུམ་འོ་མང། ཟླ་༦ཚེས་༡༢ཉིན་ཆུ་ཚོད་༤དང་སྐར་མ་༤༠ཐོག་འཇུ་བཟུང་བྱས།

༩ དཀར་མཛེས་དགོན་བསྐོར་མའི་ཞབས་གྲོང་གྲྭ་མགོན་པོ། ཟླ་༦ཚེས་༡༢ཉིན་འཇུ་བཟུང་བྱས།

༡༠ དཀར་མཛེས་བེ་རི་གྲོང་གི་ལྷུན་གྲུབ། རང་ལོ་༢༦ཡིན་ཞིང་། ཟླ་༦ཚེས་༡༢ཉིན་གྱི་ཆུ་ཚོད་༡༢ཐོག་འཇུ་བཟུང་བྱས། དེ་ཉིན་ཁོང་དང་མཉམ་དུ་མི་དགུ་ཡོད།

༡༡ དཀར་མཛེས་བེན་དེ་དགོན་གྲྭ་ཚེ་དབང་བཀྲིས། རང་ལོ་༡༧ཡབ་སིག་སིག ཡུམ་གྱི་མཚན་ལ་སྒྲོལ་དཀར། ཕལ་ཆེར་ཟླ་༦ཚེས་༡༠ཉིན་འཇུ་བཟུང་བྱས།

རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས། མི་སེར་སྤེལ་བའི་རིང་ལུགས་ཀྱི་སྤྱོད་ངན་སྤྱི་དང་། བྱེ་བྲག་རིགས་རྒྱུད་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་སྟེ་མི་ལོ་༦༠འཁོར་ཡོད་ལ། དུས་ཡུན་དེའི་ནང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་སོང་ཡང་། རང་ཕྱོགས་ནས་བཤད་ནའང་།  བོད་ཕྱི་ནང་གཉིས་ནས་བཙན་རྒོལ་རྒྱལ་སྐྱོབས་དང་དགྲ་རྒོལ་རང་སྲུང་གི་ལས་འགུལ་འཇགས་མྱོང་མེད་པ་གཞིར་བྱས། ཕྱི་ལོ་༢༠༠༨ལོ་ནས་བཟུང་དུས་རབས་ཉེར་གཅིག་པའི་འཕྲུལ་རིག་ལག་རྩལ་ཏེ། དྲ་རྒྱ་དང་། ལག་འཁྱེར་ཁ་པར། བརྙན་འཕྲིན་བརྒྱུད་སྤྲོད་སོགས་ཀྱི་མཐུན་རྐྱེན་འོག བོད་ས་སྟོད་སྨད་ཡོངས་དང་བོད་གཞིས་བྱེས་གཉིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་རྒོལ་འཐབ་རྩོད་ཀྱི་ཡོལ་བ་གསར་བ་ཞིག་སྒོ་ཕྱེ་ཡོད་ལ། མང་ཚོགས་རང་བཞིན་གྱི་ལས་འགུལ་འདི་ནི་རང་ཕྱོགས་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཀྱི་དན་རྟགས་ཡིན་པ་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད། བོད་རྒྱལ་ལོ།།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས།

སྤྱི་ལོ་༢༠༡༡ཟླ་༦ཚེས་༡༥ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།