སྒྲོལ་མ་དཀར་མོ་ཚོགས་པས་གཞས་སྣ་གཟིགས་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༠ཉིན། ཁ་སང་ཕྱི་ཚེས་༩ཉིན་གྱི་དགོང་མོར་དྷ་ས་ཟློས་གར་ཚོགས་ཁང་དུ་སྒྲོལ་མ་དཀར་མོ་བྱམས་བརྩེ་ཚོགས་པས་གཞས་སྣ་གཟིགས་འབུལ་ཞིག་ཞུས་སོང་ལ། སྐབས་དེར་ཕྱི་གླིང་བ་དང་བོད་མི་བཅས་ཁྱོན་མི་གྲངས་༣༠༠ལྷག་ཙམ་ཚོགས་ཁང་དེའི་ནང་འཚང་ཁ་ཤིག་ཤིག་ངང་འདུ་འཛོམས་བྱས་འདུག

སྒྲོལ་མ་དཀར་མོ་བྱམས་བརྩེ་ཚོགས་པའི་སྦྱིན་བདག་ནི་ཐའེ་ཝན་ནས་ཡིན་པའི་དགེ་འདུན་པ་ཞིག་གིས་འགྲོ་སོང་གཏོང་གིན་ཡོད་པ་དང༌། དེའི་དགོས་དམིགས་ནི་བོད་ཕྲུག་ཁྱིམ་སྡེའི་ཁོངས་སུ་གཏོགས་པའི་སློབ་མ་སུ་ཞིག་རྒྱ་གར་ལུང་པའི་ནང་གཉེན་ཉེ་སོགས་ལྟ་རྟོགས་དང་གུང་སེང་ལེན་མཁན་མེད་པ་དེ་ཚོའི་ཆེད། དབྱར་དགུན་གུང་སེང་རིང་གཞས་དང་རོལ་དབྱངས་སོགས་སློབ་ཁྲིད་བྱེད་ནས་ཁོང་ཚོས། སློབ་གྲྭ་ཁག་ལ་སོགས་པའི་དྷ་སའི་ཉེ་འཁྲིས་བོད་མིའི་འདུག་སྡོད་ས་གནས་ཁག་ལ་གཞས་སྣ་གཟིགས་འབུལ་ཞུས་དང་ཞུ་བཞིན་པ་ཞིག་རེད།

འདས་པའི་ལོ་ངོ་ཁ་ཤས་རིང་སྒྲོལ་མ་དཀར་མོ་བྱམས་བརྩེ་ཚོགས་པས་ཁྱོན་སློབ་ཕྲུག་༢༠༠ཙམ་ལ་གཞས་སྣ་འཁྲབ་སྟོན་སློབ་ཁྲིད་སོགས་བྱས་ནས། ད་ལྟ་བར་སློབ་གྲྭ་ཁག་ཚུན་པའི་བོད་མིའི་འདུས་སྡོད་བསྟི་གནས་སོགས་སུ་ཁྱོན་གཞས་སྣ་༣༠ཙམ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད། ཚོགས་པ་དེའི་ནང་གཞས་སྣ་འཁྲབ་སྟོན་བྱེད་མཁན་སློབ་མ་རྣམས་ནི་ལོ་ན་༡༢ནས་༢༠བར་ཡིན་ཞིང༌། ཁོང་ཚོར་གཞས་སྣ་སློབ་ཁྲིད་བྱེད་མཁན་དགེ་རྒན་༢ཡོད་པ་རེད། གཅིག་གི་མིང་ལ་ལྷུན་འགྲུབ་དང་། གཞན་དེའི་མིང་ལ་བསོད་ནམ་ཚེ་རིང་ཟེར།

ཁ་སང་གི་གཞས་སྣ་གཟིགས་འབུལ་དེའི་ནང་། བོད་གཞས་དང་ཕྱི་ལུགས་ཀྱི་དེང་གཞས་ཅི་རིགས་གཟིགས་འབུལ་ཞུས་སོང་ལ། སྐབས་རེ་བོད་པའི་སྲོལ་རྒྱུན་གྱི་ཆས་གོས་དང༌། སྐབས་རེ་ནུབ་ཕྱོགས་པའི་ཆས་གོས་ཅི་རིགས་གྱོན་ནས། བུ་དང་བུ་མོ་རེས་མོས་དང༌། སྐབས་རེར་མཉམ་དུ་འཁྲབ་སྟོན་བཅས་བྱས་སོང༌།

དེ་ཡང་ཧ་ལམ་ལོ་ངོ་༣ཙམ་གྱི་གོང་དུ་ཐའེ་ཝན་ནས་མིང་ལ་ཝིད་ཚའེ་ཟེར་བའི་གྲྭ་པ་ཞིག་རོགས་པ་བུད་མེད་ཚའེ་ཡུང་ཁྲན་ཟེར་བ་ཞིག་དང་མཉམ་དུ་རྒྱ་གར་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་ནས་དྷ་རམ་ས་ལར་འབྱོར། སྐབས་དེར་ཝིད་ཚའེ་ཡིས་རེ་འདུན་ལྟར་ཁོང་གི་ལམ་ཁྲིད་སྣེ་ཤན་པས་ཁོང་ཉིད་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་ཁྲིད། སྐབས་དེར་སློབ་གྲྭ་གུང་སེང་དང་བོད་པའི་ལོ་གསར་གྱི་དུས་ཚིགས་གཉིས་ལ་སྟབས་ཁེལ་ཡོད་ནའང༌། སློབ་མ་མང་པོ་ཞིག་གུང་སེང་ལེན་མཁན་མེད་པར་སློབ་གྲྭའི་ནང་ལྷག་ཡོད་པ་ཁོང་གི་ཤེས་རྟོགས་བྱུང༌། དེར་བརྟེན་ཁོང་གིས་ཕ་མ་དང་ནང་མིར་ཁ་བྲལ་ཁར། ས་མཐའ་རུ་གཉེན་ཉེ་མེད་པའི་བུ་ཕྲུག་དེ་དག་གུང་སེང་རིང༌། སློབ་ཕྲུག་གཞན་ལྟར་སློབ་གྲྭའི་ཕྱི་ལོགས་སུ་གུང་སེང་འགྲོ་རྒྱུའི་གོ་སྐབས་ཞིག་རེག་ཆེད། ལས་འཆར་གསར་པ་ཞིག་འཛུགས་རྒྱུའི་སེམས་ཐག་བཅད།

དེ་རྗེས་ཁོང་གིས་བོད་པའི་ཕོ་གསར་ཕུར་བུ་ཟེར་བ་དེའི་རོགས་རམ་དང་ལྷན་དུ། སྒྲོལ་མ་དཀར་མོ་བྱམས་བརྩེ་ཚོགས་པ་ཞེས་པ་དེ་གསར་འཛུགས་བྱས། སྐུ་ཞབས་ཝིད་ཚའེ་ཡི་རོགས་པ་ཚའེ་ཡུང་ཁྲན་རྗེས་སུ་སྒྲོལ་མ་དཀར་མོ་ཚོགས་པའི་གཞས་དགེ་ལྷུན་འགྲུབ་ལགས་དང་འཆང་ས་བརྒྱབ་ནས། ད་ཆ་ཁོང་གཉིས་ལ་ལོ་གཅིག་ཅན་གྱི་བྱིས་པ་ཞིག་ཀྱང་ཡོད།

གཞས་དགེ་བསོད་ནམ་ཚེ་རིང་ལགས་ཀྱིས། ཚོགས་པའི་ཡོང་ཁུངས་ནི་གཞས་སྣ་འཁྲབ་སྟོན་སྐབས་འཛིན་བྱང་གཙོང་བ་དང༌། སྐབས་དེར་གཞན་གྱིས་ཞལ་འདེབས་བརྒྱབ་པ་ཁོང་ན་ཙམ་ཡིན་ཡང༌། ཡོང་སྒོ་དེ་དག་ཚང་མ་ཕྱིར་སློབ་མ་ཚོར་སྤྲོད་པའམ་སྐབས་རེར་མི་སྐྱོ་པོ་དག་ལ་རོགས་རམ་སྦྱིན་གཏོང་སོགས་བྱེད་ཀྱིན་ཡོད། དེ་རིང་གི་དགོང་ཚོགས་དེའི་ཐོག་ཡོང་འབབ་ཧིན་སྒོར་སྟོང་ཕྲག་འགའ་ཤས་ཡིན་ཡང་། ང་ཚོས་གཞས་སྣ་འཁྲབ་སྟོན་གྱི་དགོང་ཚོགས་དེ་ཧ་ཅང་ཚགས་ཚུད་པོ་ཞིག་བྱུང་བར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།