དུས་བཟང་གི་ལྷ་ས་ཞེས་པའི་དེབ་ཅིག་དབུ་འབྱེད་གནང་སོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༣ཚེས་༢༥ཉིན། བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྒྱ་ནག་ནས་ཡིན་པའི་རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རུས་ལགས་ཀྱིས་བརྩམས་པའི་༼དུས་བཟང་གི་ལྷ་ས་༽ཞེས་པའི་རྒྱ་ཡིག་དེབ་ཅིག ཕྱི་དྲིལ་བཀའ་བློན་མཆོག་ནས་དབུ་འབྱེད་གནང་སོང༌།

དུས་བཟང་གི་ལྷ་ས་ཞེས་པའི་དེབ་དེ་ད་ལྟ་དྷ་རམ་ས་ལར་བཞུགས་ཡོད་པའི་རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རུས་ལགས་ཀྱིས་ལོ་ངོ་༡༠ཙམ་རིང༌། དཀའ་སྤྱད་འབད་བརྩོན་བྱས་ནས་བྲིས་པ་ཞིག་དང་། དེབ་དེ་ནི་རྒྱ་ནག་གུང་ཁྲན་ཏང་གིས་ཕྱི་ལོ་༡༩༤༩ལོར་བོད་ལ་བཙན་འཛུལ་མ་བྱས་པའི་སྔ་ཕྱིའམ། སྔོན་མ་བོད་ཀྱི་སྐུ་དྲག་གི་ཁྱིམ་རྒྱུད་ལྷ་ཀླུའི་ལྕམ་གཡང་འཛོམས་ཚེ་རིང་༼ཁོང་ནི་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་མཁན་སྐུ་ཚབ་བཤད་སྒྲའི་སྲས་མོ་ཞིག་ཡིན་འདུག་༽ཁོང་མོའི་མི་ཚེའི་རྒྱུད་རིམ་སྟེ། ཕྱི་ལོ་༡༨༨༠ནས་༡༩༦༠བར་གྱི་སྐབས་དེའི་བོད་པའི་སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་ཇི་བཞིན་བྲིས་པ་ཞིག་རེད་འདུག

དཔེ་དེབ་དབུ་འབྱེད་ཐོག་རྩོམ་པ་པོ་ཀྲུའུ་རུས་ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༩ཡར་སྔོན་དུ་བོད་ཟེར་བ་དེ་ཆེས་མུན་ནག་དང༌། ཆེས་སྡུག་རྩུབ། ཆེས་རྗེས་ལུས། ཆེས་ཀླ་ཀློའི་སྤྱི་ཚོགས་ཤིག་རེད་ཅེས་པའི་ངོ་སྤྲོད་བྱེད་ཀྱིན་ཡོད་པ་དང༌། ང་རང་ཆུང་དུས་སུའང་གོ་ཐོས་བྱུང་བ་ནི། སྔར་བོད་ཀྱི་སྐུ་དྲག་གི་དུས་སྐབས་དེ་ཆེས་མུན་ནག་ནང་ཆེས་སྡུག་རྩུབ་ཆེ་བ་ཞིག་ཡིན་ཚུལ་དེ་རེད།

འོན་ཀྱང་རྗེས་སུ་ང་རང་དངོས་སུ་བོད་ལ་འབྱོར་དུས། ད་ལྟ་སྐུ་འཚོ་བཞུགས་བྱས་ཡོད་པའི་སྐུ་དྲག་མང་པོ་ཞིག་ལ་འབྲེལ་བ་དང་རྒྱུས་ལོན་བྱས་དུས། དོན་ངོ་མར་བོད་ཀྱི་སྐུ་དྲག་གི་རིམ་པ་དེ་ནི་བོད་ཀྱི་རིག་གཞུང་གི་མཚོན་བྱེད་ངོ་མ་དེ་རེད་འདུག དོན་ངོ་མར་སྔར་བོད་གཞུང་གི་གཞུང་ཞབས་དེ་ཚོ་ནི་བྱམས་བརྩེ་ལྡན་པ། ཤེས་རབ་དང་ལྡན་པ། ཧ་ཅང་གི་མཛངས་སྤྱོད་དང་ལྡན་པ་དེ་འདྲ་ཞིག་རེད་འདུག ཁོང་ཚོ་ནི་བོད་ཀྱི་རིག་གཞུང་དང༌། བོད་པའི་ཆོས་ལུགས་ལ་དད་པ་དང་ཡིད་ཆེས་ཡོད་པ་དེའི་རྒྱུད་ནས། བོད་པའི་ནང་ཆོས་དེ་དར་ཁྱབ་ཆེན་པོ་བྱུང་བའི་རྒྱུ་རྐྱེན་ཞིག་ཆགས་ཡོད་པ་རེད།

ལྷག་པར་བོད་པའི་སྤྱི་ཚོགས་རྙིང་པའི་སྐབས་སུ་སྐུ་དྲག་གི་ཁྱིམ་རྒྱུད་འདི་ནི་མི་གཅིག་དང༌། མི་གཉིས། ཡང་ན། མི་རབས་གཅིག་དང་མི་རབས་གཉིས་ནས་ཡོང་རྒྱུ་ཞིག་མ་ཡིན་པ། ཁོང་ཚོ་ནི་མི་རབས་བཅུ་ཕྲག་མང་པོ་རྒྱུད་ནས་བྱུང་བ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་སྐུ་དྲག་ཟེར་བའི་རྒྱུད་རིམ་ཞིག་ཡོད་པ་དེས་ག་རེ་མཚོན་གྱི་རེད་ཟེར་ན། སྔོན་མ་བོད་པའི་སྤྱི་ཚོགས་དེ་ཧ་ཅང་བདེ་འཇགས་ཞིག་ཡིན་པ་མཚོན་ཐུབ། རྒྱ་ནག་སྤྱི་ཚོགས་ལ་མཚོན་ན། སྐུ་དྲག་ཟེར་བ་དེ་ཡོད་པ་མ་རེད། རྒྱ་ནག་གི་སྤྱི་ཚོགས་དེ་ལོ་ངོ་སྟོང་ཕྲག་མང་པོའི་རྒྱུད་རིམ་ནང༌། རྟག་ཏུ་མི་མང་དང་གཞུང་འཛིན་མི་སྣ་དབར་འཐབ་འཁྲུག་ཁོ་ན་བྱས་ནས་འཕོ་འགྱུར་ཕྱིན་པ་ཞིག་རེད།

དེར་བརྟེན་ད་ལྟ་ཉམས་ཞིབ་བྱེད་མཁན་དེ་ཚོས་གསུངས་པ་ལྟར་ན། འཛམ་གླིང་ནང་རྒྱ་ནག་ནི་ལོ་རྒྱུས་ནང་མི་མང་གི་ངོ་ལོག་བྱེད་ཚད་མཐོ་ཤོས་དེ་ཆགས་ཡོད། ངས་དེབ་འདིའི་ནང་༼གཡང་འཛོམས་ཚེ་རིང་༽ཞེས་པའི་བོད་པའི་སྐྱེས་དམན་ཞིག་གི་མི་ཚེའི་འཚོ་བའི་ལོ་རྒྱུས་གཞིར་བཞག་ཐོག་བྲིས་ནས། སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པར་བྱས་ཡོད་ལ། དེབ་འདི་ནི་ཕྱི་ལོ་༡༨༨༠ཐམ་པ་ནས། ༡༩༦༠ཐམ་པ་བར་གྱི་བོད་ཀྱི་སྤྱི་ཚོགས་ཀྱི་རིམ་པ་མི་འདྲའི་ནང༌། སྐབས་དེའི་ཞིང་པ་དང་འབྲོག་པ། སྐུ་དྲག གཞུང༌། མི་མང་སོགས་ཚང་མའི་སྐབས་དེའི་འཚོ་བའི་གནས་སྟངས་དེ་བྲིས་ཡོད། ལོ་རྒྱུས་དེའི་ནང་ག་རེ་མངོན་ཐུབ་ཀྱི་ཡོད་པ་རེད་ཟེར་ན། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནི་ཧ་ཅང་གི་བདེ་འཇགས་ཡིན་པ་དང༌། ཟས་གོས་ཐད་ལ་དཀའ་ངལ་གང་ཡང་མེད་པའི་ནང་པའི་ཆོས་ཧ་ཅང་དར་སའི་རྒྱལ་ཁབ་ཅིག་ཆགས་ཡོད་གསལ་པོ་རེད།

དེབ་འདིའི་ནང་ཡོད་པའི་སྒྲུང་ཚང་མ་ནི། ང་རང་གི་འཆར་སྣང་གི་ཐོག་ནས་བྲིས་པ་ཞིག་མ་ཡིན་པ། འདིའི་ནང་སྒྲུང་ཚང་མ་ནི་དངོས་ཡོད་གནས་ཚུལ་རང་ཡིན་པ་དང༌། དེབ་འདིའི་ནང་ཡོད་པའི་མི་སྣ་གཙོ་བོ་དེ་ཚོའི་དངོས་མིང་ཁོ་ན་ཡིན་དུས། འདི་ནི་ལོ་རྒྱུས་ཀྱི་སྒྲུང་ཞིག་ཆགས་ཡོད། དེབ་འདིའི་ནང་གཙོ་བོར་གཅིག་ག་རེ་བཤད་ཡོད་པ་རེད་ཟེར་ན། སོ་སོ་ཡིན་ཟེར་མཁན་གྱི་སྟོབས་ཆེན་ཁྱིམ་མཚེས་རྒྱ་ནག་རྒྱལ་ཁབ་དེས། མཐོ་སྒང་ལ་གནས་ཡོད་པའི་བོད་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ལ། ཆགས་འཇིགས་ག་རེ་བཟོས་ཡོད་མེད་དེ་མངོན་ཡོད་ཅེས་གསུངས་སོང༌།

བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས། ལོ་རྒྱུས་ཀྱི་དེབ་འདིའི་ནང་ང་རང་ཚོ་བོད་པའི་བུད་མེད་ཚོར་ཆགས་བཞག་ན། དཔེར་ན། ལྷ་ཀླུའི་ལྕམ་ཁོ་ཉིད་སྐུ་དྲག་གི་རིགས་རྒྱུད་ཅིག་ཡིན་པ་དང༌། སྔོན་མར་ལྕམ་བྱས་ནས་བཞུགས་མཁན་ཞིག་དང༌། རིམ་པར་རྒྱ་མིའི་བཙན་དབང་འོག་ཚུད་དུས། མི་ཚེའི་ནང་སྐྱིད་སྡུག་གི་དཀའ་ངལ་མང་པོ་ཞིག་འཕྲད་པའི་གནས་ཚུལ་ཞིག་ཡོད་པ་འདྲ། ལྷ་ཀླུའི་ལྕམ་རང་གི་ལོ་རྒྱུས་ཐོག་གཟིགས་པ་ཡིན་ན། མིའི་མི་ཚེའི་ནང་སོ་སོའི་རྒྱལ་ཁབ་ནང་ཕྱི་ལོག་ནས་བཙན་འཛུལ་བྱེད་མཁན་ཞིག་ཡོང་བའི་ཉེ་ལེན་ལ་བརྟེན་ནས། མི་ཚེའི་མདུན་ལམ་དེ་འགྱུར་བ་ག་རེ་ག་རེ་ཕྱིན་པ་དང༌། འཚོ་བ་ག་རེ་དང་ག་རེ་མྱངས་པ། མ་ཚད་གཡས་གཡོན་གྱི་ཁོར་ཡུག་ལ་བརྡབ་སིག་ག་རེ་ཕྱིན་པ་སོགས་རིམ་པ་དེབ་འདིའི་ནང་ཤེས་རྟོགས་ཡོང་ངེས་རེད།

ང་ཚོའི་ལོ་རྒྱུས་ཀྱི་དེབ་འདི་ནི་བོད་པ་རང་ཉིད་ཀྱིས་བྲིས་པ་ཞིག་མ་ཡིན་པ། རྒྱ་རིགས་ཤིག་གིས་བྲིས་པ་དང༌། དེ་ཡང་དངོས་ཡོད་གནས་ཚུལ་ག་རེ་བྱུང་བ་དེ་དེབ་ཐོག་ཏུ་བཀོད་པ་དེ་ཧ་ཅང་གི་རྩ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད་བསམས་ཀྱི་འདུག དེར་བརྟེན་ཁོང་ཉིད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དེབ་འདི་ཙམ་མ་ཟད་སྔོན་མའང་ཁོང་ཉིད་ཀྱིས་བོད་སྐོར་དེབ་༣བརྩམས་གནང་ཡོད་པ་རེད། རྒྱུན་དུ་ཁོང་ཉིད་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་དུས། སླར་ཡང་ང་ཚོ་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༦༢༠༡༡༡༦༡༢
རིགས་རུས་རྒྱ་ཡི་རིགས་སུ་སྐྱེས་ཀྱང་། སེམས་པ་བོད་ལ་ཕྱོགས་ཤིང་། དྲང་བདེན་གཟུར་གནས་ཀྱི་རྩོམ་པ་པོ་ཀྲུའུ་རུས་ལགས་ནས་ལོ་ངོ་བཅུ་ཕྲག་རིང་འབད་པས་བསྒྲུབས་པའི་དུས་བཟང་གི་ལྷ་ས་ཞེས་པའི་དཔེ་དེབ་འདི་འདྲ་ཞིག་རྩོམ་བྲིས་དཔར་བསྐྲུན་གནང་ཐུབ་པར་བཅོས་མིན་ལེགས་སོ་བསྔགས་བརྗོད་གྲངས་མེད་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།