བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོར་དྲན་གསོ་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༣ཚེས་༡༢ཉིན། ཕྱི་ཚེས་༡༢ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་གཙུག་ལག་ཁང་དུ་ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་ཀྱི་བུད་མེད་ཚོས་རྒྱ་དམར་ལ་ཞི་བའི་ངོ་རྒོལ་བྱས་ཏེ་མི་ལོ་༥༢འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

སྐབས་དེར་རང་གཞུང་གི་བཀའ་ཟུར་དང་སྤྱི་འཐུས། སྤྱི་ཟུར་སོགས་མཛད་གཙོ་ཁག་ཅིག་དང་བཞུགས་སྒར་ཁུལ་གྱི་མི་མང་བཅས་འདུ་འཛོམས་གནང་ཏེ། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་བུད་མེད་སྒེར་ལངས་ཀྱི་གླུ་གཞས་མཉམ་ལེན་གནང་རྗེས། རང་རེའི་བསྟན་སྲིད་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱི་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས་པ་དང༌། བོད་ཀྱི་བུད་མེད་རྩོམ་པ་པོ་དང་གཞས་མ་འཇམ་དབྱངས་སྐྱིད་ཀྱིས་བརྩམས་པའི་༼མནར་གཅོད་ཀྱི་གོ་རིམ་༽ཞེས་པ་རྒྱ་ཡིག་དང་དབྱིན་ཡིག་ནང་དུ་བསྒྱུར་བའི་དེབ་གཉིས་དབུ་འབྱེད་གནང་ཡོད་པ་རེད།

ཚོགས་ཐོག་ཏུ་བཀའ་ཟུར་ལྕམ་རིན་ཆེན་མཁའ་འགྲོ་ལགས་ཀྱིས་གསུང་བཤད་གནང་དོན། རྒྱལ་ཁབ་གཅིག་གི་རྩ་བ་དེ་ཐོག་མར་ཁྱིམ་ཚང་སོ་སོ་ནས་མགོ་བརྩམ་དགོས་ཀྱི་ཡོད་ལ། ཁྱིམ་ཚང་ཚེགས་ཚུད་ཡོང་བ་ལ་ངེས་པར་དུ་བུད་མེད་ཚོར་རེག་ལས་ཡོད་པས། ཁྱིམ་ལས་ཁོ་ན་ཙམ་མ་ཡིན་པར་བོད་པའི་རྩ་དོན་དང་ཁོར་ཡུག ཡ་རབས་སྤྱོད་བཟང་གི་ཐད་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ལ། ང་ཚོ་བུད་མེད་ཚོས་སོ་སོའི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོན་ཐུབ་པའི་ནུས་ཤུགས་དེ་སྤོབས་པ་ཆེན་པོས་བེད་སྤྱོད་གཏོང་ཐུབ་པ་ཡིན་ན། རང་གི་རྒྱལ་ཁབ་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་པར་ང་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་ཅེས་སོགས་གསུངས་སོང༌།

དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་མི་ལོ་ང་གཉིས་འཁོར་བའི་དུས་དྲན་ཉིན་མོར་དྲན་གསོ་ཞུ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།

ཕྱི་ལོ་༡༩༥༩ལོར་རྒྱ་ནག་བཙན་འཛུལ་པས་ཁྲིམས་འགལ་ཐོག་ལོ་རྒྱུས་ལྡན་པའི་བོད་ཆོས་ལྡན་རྒྱལ་ཁབ་ལ་དྲག་གནོན་བཙན་བཟུང་བྱས་ཏེ་ཆགས་འཇིག་ཛ་དྲག་གི་གནས་སུ་གྱུར་བའི་སྐབས། བོད་ཀྱི་བཡད་མེད་རྣམས་ནས་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་༡༩༥༩ཟླ་༣ཚེས་༡༢ཉིན་རང་དབང་འཐབ་རྩོད་ཀྱི་ལས་འགུལ་འགོ་བཙུགས་ཏེ་བོད་ཆོལ་ཁ་གསུམ་དུ་གཏོགས་པའི་བུད་མེད་དཔའ་མོ་རྣམས་ནས་ཕོ་བྲང་པོ་ཏཱ་ལའི་ཞོལ་གྱི་འབྲས་བུ་གཡུལ་ཁའི་སྟེང་མ་གྲོས་བསམ་པ་གཅིག་མཐུད་གྱི་སྒོ་ནས་རྒྱ་ནག་བཙན་འཛུལ་པའི་དྲག་པོའི་དབང་སྒྱུར་དང་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བའི་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་གཟེངས་ཐོན་མཛད་རྗེས་ལ་དྲན་གསོ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

ཕྱི་ལོ་༡༩༥༩ལོར་བོད་ནང་རྒྱལ་གཅེས་དཔའ་མོ་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་འགོ་བཙུགས་པ་ལྟར་བཙན་བྱོལ་དུ་འབྱོར་མ་ཐག་བོད་ཀྱི་བུད་མེད་ཡོངས་ནས་རྒྱ་གར་རྡོར་གླིང་ཀ་སྦུག་ཏུ་ཕྱི་ལོ་༡༩༦༠ཟླ་༣ཚེས་༡༢ཉིན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་བྱས་རྗེས་མུ་མཐུད་དེ་མཇུག་སྐྱོང་གནང་ཡོད་ཅིང༌། ཕྱི་ལོ་༡༩༨༤ལོར་རྒྱ་གར་ཧི་མ་ཅལ་མངའ་ཁོངས་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བུད་མེད་ལྡན་ཚོགས་སླར་གསོ་བྱུང་བ་ནས་བཟུང་སྟེ་ད་བར་རྒྱལ་སྤྱིའི་སྟེངས་བོད་ཀྱི་རྩ་དོན་དང་གཞིས་ལུས་བུད་མེད་ཡོངས་ཀྱི་ཐོབ་ཐང་ཞུ་རྩོད་བདེན་བདར་དང༌། བཙན་བྱོལ་ནང་བུད་མེད་ཡོངས་ཀྱི་ནུས་སྟོབས་སྤེལ་རྒྱུའི་ལས་འགུལ་སོགས་སྤེལ་དང་སྤེལ་བཞིན་པ་ཡིན།

ཕྱི་ལོ་༡༩༥༩ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དྲང་བདེན་མིན་པ་དང༌། ཁྲིམས་འགལ་གྱི་དྲག་སྤྱོད། གདུག་རྩུབ་བཙན་གནོན་དང་བཙོན་འཇུག་སྣ་ཚོགས་བྱས་དང་བྱེད་བཞིན་པ་ལ་བོད་ཀྱི་བུད་མེད་ཡོངས་ཀྱི་ངོས་ནས་མི་ལོ་༥༢རིང་འཚེ་མེད་ཞི་བའི་ལྟ་སྤྱོད་ཡང་དག་པའི་འོག་ལྷག་བསམ་རྣམ་དག་དང༌། དྲང་བདེན། ཁྲིམས་མཐུན་བཅས་ཀྱི་སྒོ་ནས་རྒྱུན་མཐུད་འཐབ་རྩོད་ལ་འབད་བརྩོན་ཞུ་བཞིན་པ་ཡིན།

༧གོང་ས་སྐྱབས་མགོན་ཆེན་པོས་གུ་ཡངས་དཀྱེལ་ཆེའི་རླབས་ཆེན་དགོངས་བཞེད་ཟབ་མོས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བར་སྐུ་ཚབ་ཚོགས་ཆུང་ཆེད་གཏོང་གིས་ཕན་ཚུན་དགོས་འདུན་གྲོས་མོལ་ལྷུག་པོ་གནང་ཡོད་ནའང་གཉིས་སྨན་ཆེད་ཐུགས་རེ་གནང་བ་ཇི་བཞིན་གྱི་བཟང་ཕྱོགས་ཀྱི་གྲུབ་འབྲས་མ་སོན་པ་ནི་བློ་ཕམ་རང་བཞིན་དང༌། རྒྱ་ནག་སྲིད་གཞུང་ནས་ངེས་པར་མཁྱེན་དགོས་པ་ཞིག་ལ་༧མགོན་པོ་གང་གི་དགོངས་གཞི་ལྟར་གཞིས་བྱེས་བོད་མིའི་དཀའ་ངལ་སེལ་དགོས་པ་ནི། བོད་མིའི་ཙམ་མིན་པར་རྒྱ་ནག་གཞུང་མང་ལ་ཁེ་ཕན་ཆེ་བ་ཡོད་པ་མངོན་གསལ་རེད།

དེ་མཚུངས་རྒྱ་ནག་གི་མཁས་དབང་མང་པོས་ཀྱང་རྩོམ་ཡིག་སྣ་ཚོགས་བྲིས་སྤེལ་བྱས་ཡོད་པའི་ནང་གསལ་ལྟར། ད་ལྟའི་དམར་ཤོག་གི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་སྲོལ་མེད་པ། དྲང་བདེན་གྱི་ཁྲིམས་གཞི་མེད་པ། ལྷག་པར་དུ་བོད་མི་རིགས་དང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ལ་འདྲ་མཉམ་དང་རང་དབང་གི་ཁྲིམས་གཞི་ལག་ལེན་ཇི་བཞིན་མེད་པ་བཅས་ཀྱིས་རྒྱ་ནག་རང་ཉིད་ལ་མཚན་ཤས་ཡོང་གི་ཡོད་པ་མ་ཟད། འཛམ་གླིང་ཕྱི་ཕྱོགས་ནས་རྒྱ་ནག་ལ་ལྟ་ཚུལ་ངན་པ་དང༌། དོགས་པ་རྣམ་རྟོག་བྱེད་པའི་རྐྱེན་རྩ་འབྱུང་བཞིན་ཡོད་ལ། རྒྱལ་ཁབ་ནང་ཁུལ་དུའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱ་ཁབ་ཀྱི་དབུ་ཁྲིད་རྣམ་པས་གལ་ཆེར་འཛིན་པའི་གཅིག་སྒྲིལ་དང༌། བརྟན་ལྷིང་གི་འགོག་རྐྱེན་དུ་གྱུར་ཡོད་པ་སོགས་གསལ་པོ་མཐོང་ཐུབ་པ་ན་རྒྱ་ནག་གཞུང་གིས་ངེས་པར་དུ་དང་ལེན་གནང་དགོས་པའི་བརྡ་ལན་ཞུ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༩ལོར་བོད་དངོས་སུ་ཧམ་ཟོས་བྱས་ནས་བཟུང་བོད་ནང་གི་གནས་སྟངས་ནི་ཉིན་རེ་ལས་ཉིན་རེ་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད། ཀརྨ་བསམ་གྲུབ་ལགས་ཁོང་ནི་ཡོངས་གྲངས་སུ་བོད་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཆེས་བསྔགས་བརྗོད་འོས་པའི་མི་སྣ་ཞིག་ཡིན་པ་ཁོང་ལ་གཞི་མེད་ཉེས་འཛུགས་ཀྱིས་ལོ་༡༥བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང༌། ཕྱི་ལོ་༢༠༠༨དང་༢༠༡༠ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་སྙན་ཐོའི་ནང་བོད་ནང་གི་བོད་མིས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བཞིན་པར་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་བོད་ནང་ཆེད་གཏོང་གིས་མནར་གཅོད་གཏོང་བཞིན་པ་མིག་མཐོང་ལག་ཟིན་བྱུང་ཡོད་ཚུལ་གསལ་ཡོད། མ་ཟད་བོད་མིའི་ཞི་བའི་ལས་འགུལ་སྤེལ་མཁན་མི་གྲངས་༨༠༠ལྷག་ཆབ་སྲིད་བཙོན་འཇུག་བྱས་ཡོད་པའི་ནག་ཉེས་ནི་བོད་མི་དེ་དག་གིས་སྨྲ་བརྗོད་ཀྱི་རང་དབང་བེད་སྤྱོད་བྱས་པའི་རྐྱེན་གྱིས་ཡིན་པ་རེད།

དེ་བཞིན་༧པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་སོང་སྟེ་མི་ལོ་༡༦སོང་བའི་རིང་བོད་མི་ཚོས་མཇལ་རྒྱུར་སྐོམ་པ་ཆུ་འདོད་བཞིན་གནས་ཡོད་པ་དང༌། དེ་བཞིན་བོད་མདོ་ཁམས་ཁུལ་གྱི་བླ་མ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ད་ལྟ་ཚེ་བཙོན་གྱི་གནས་སུ་ཡོད་ཅིང༌། རོང་རྒྱས་ཨ་གྲགས་ལགས་ནི་བོད་ཀྱི་འབྲོག་པ་ཞིག་ཡིན་ལ། ཁོང་གིས་༧གོང་ས་མཆོག་བོད་དུ་ཕེབས་དགོས་པའི་རེ་འབོད་ཞུས་པ་ལ་རྒྱ་གཞུང་གིས་ཉེས་འཛུགས་བྱས་ཏེ་ད་ལྟ་ལོ་བརྒྱུད་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

དོན་གྲུབ་དབང་ཆེན་ལགས་ནི་བོད་ཀྱི་གློག་བརྙན་བཟོ་བསྐྲུན་པ་ཞིག་ཡིན་པ་དང༌། ཁོང་གི་གློག་བརྙན་ནང་གཞིས་ལུས་བོད་མིས་༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་པའི་སྨོན་ལམ་དང་རེ་སྒུག་བྱེད་བཞིན་པ་རྣམས་མཇལ་རྒྱུ་ཡོད་པ་དེ་ནག་ཉེས་སུ་བརྩིས་ཏེ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཆད་བཀའ་ཏེ་ད་ལྟ་མྱོང་བཞིན་པ་རེད། དེས་ན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་དགོས་དོན། ཆབ་སྲིད་རང་དབང༌། སྨྲ་བརྗོད་རང་དབང་གང་ཅིའི་ཐོག་རྕིས་མེད་རྡོག་རོལ་བཏང་ཡོད་པ་དང༌། རྒྱ་ནག་མི་མང་དང་བོད་མི་མང་པོས་སྲོག་ཚུན་ཆད་བློས་གཏོང་བྱེད་དགོས་པའི་གནས་སྟངས་ཡ་ང་བའི་ཐོག་ད་ལྟའང་གནས་བཞིན་པ་འདི་ལ་རྒྱ་གཞུང་ནས་དམིགས་བསལ་གྱིས་འགན་འཁུར་དང་སྲུང་སྐྱོབ་དགོས་པའི་བརྡ་ལམ་ཞུ་རྒྱུ་ཡིན།

ཕྱི་ལོ་༢༠༠༨ལོའི་བོད་ནང་ལངས་པའི་ཞི་རྒོལ་དེ་ནས་བཟུང་བོད་རིགས་རྩོམ་པ་པོ་དང་མཁས་དབང༌། རིག་གནས་ཅན། རི་མོ་བ་སོགས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དང་ལ་རྒྱ་དག་རིག་གཞུང་གི་གསར་བརྗེའི་འཕེལ་རིམ་མི་འདྲ་བའི་སྟེང་ནས་རྒྱལ་སྤྱིའི་སྟེང་མངོན་རྟགས་ཐུབ་ཡོད༌། སྐབས་དེར་བོད་ནང་ཡོད་པའི་བུད་མེད་རྣམས་ཀྱིས་ཀྱང་ནུས་པ་གཅིག་སྒྲིལ་དགོས་འོག་རང་གི་མི་རིགས་རིག་གཞུང་བསྐྱར་དར་གྱི་དུས་སྐབས་ཤིག་བྱུང་ཡོད་ཅིང༌། རྒྱ་ནག་གཞུང་གི་འཇིགས་སྐུལ་ཇི་ལྟར་ཆེ་ཡང་བུད་མེད་མཁས་དབང་དང༌། རྩོམ་པ་པོ། སྙན་ངག་མཁན་མང་པོས་རང་གི་མི་རིགས་ཀྱི་ཆེད་དུ་རྩོམ་ཡིག་གང་མང་གསར་རྩོམ་རྒྱུད་ཆད་མེད་པར་གནང་གི་ཡོད་པ་དཔེ་མཚོན་ཙམ་ཞུས་ན། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་འཇམ་དབྱངས་སྐྱིད་རྣམ་གཉིས་ནས་རྒྱ་ནག་གཞུང་གི་འཇིགས་སྐུལ་མནར་གཅོད་ཇི་ཙམ་ཡོད་རུང་འཇུགས་ཞུམ་མེད་པའི་ཐོག་ནས་རྩོམ་ཡིག་སྤེལ་རྒྱུ་མཚམས་འཇོག་གནང་མེད་པར་མ་ཟད་ད་ལྟའང་རྩོམ་ཡིག་སྤེལ་གནང་བཞིན་པ་ཡོངས་གྲགས་རེད།

ད་ལམ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དགའ་ཞིང་མཛའ་བོའི་ཐོག་ནས་འཇམ་དབྱངས་སྐྱིད་ལགས་ཀྱིས་བརྩམས་པའི་༼མནར་གཅོད་ཀྱི་གོ་རིམ༽ཞེས་པ་སྐད་ཡིག་གསུམ་ནང་ཡོད་པ་དཔར་བསྐྲུན་ཞུས་ཏེ་དེ་རིང་གི་ཉིན་མོར་དབུ་འབྱེད་གནང་གི་ཡོད་པས་གོ་སྐབས་འདི་བརྒྱུད་རྒྱལ་གཅེས་དཔའ་མོ་རྣམས་ལ་གུས་འདུད་དང་བཅས་བསྔགས་བརྗོད་ཡི་རངས་ཞུ་རྒྱུ་ཡིན། མ་ཟད་ཁོང་རྣམ་པའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་བོད་པའི་འཐབ་རྩོད་ཀྱི་གནས་ཚད་མཐོ་རུ་བཏང་ཡོད།

འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་བཞིན་ཕྱགོས་ཡོངས་ནས་ཆེས་གལ་གནད་ཅན་གྱི་དོ་སྣང་དང་སྲུང་སྐྱོབ་བྱ་ཡུལ་ཆགས་ཡོད། བོད་འདི་བཞིན་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་གནང་གི་ཡོད་ཅིང༌། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་འཛུགས་སྐྲུན་དང་ནུབ་ཕྱོགས་ཡར་རྒྱས་ཆེན་མོ་སོགས་ལ་ཁ་གཡར་ཏེ་བོད་ཀྱི་གདོད་མའི་གཏེར་ཁ་གང་བྱུང་སྔོག་འདོན་དང་ཤིང་ནགས་གང་བྱུང་གཅོད་བྲེག་བྱེད་པ། རྩ་ཆེའི་རི་དྭགས་རྩ་མེད་གཏོང་བ། དེ་བཞིན་བོད་ཀྱི་རྩྭ་ཐང་བཅོས་བསྒྱུར་གཏོང་རྒྱུར་ཁ་གཡར་ཏེ་འབྲོག་པ་རྣམས་བཙན་དབང་ཐོག་གནས་སྤོས་གཏོང་བཞིན་པར་མ་ཟད། ཕྱི་ལོ་༡༩༩༩ལོར་འགོ་བརྩམས་ཏེ་བོད་ཀྱི་འབྲོག་པ་རྣམས་འབྲོག་ས་ནས་བཙན་དབང་གིས་གནས་སྤོས་བཅུག་སྟེ་ཆེས་ཛ་དྲག་ཆགས་ཡོད།

དེ་ནི་ཉེ་བའི་ཆར་རྒྱ་གཞུང་གི་མི་འབོར་གྲངས་བཤེར་གྱི་ལས་འཆར་ནང་འབྲོག་པ་འབུམ་གཅིག་དང་གྲངས་ཆུང་ཞེ་གསུམ་ཙམ་གནས་སྤོས་ཟིན་ཡོད་ཚུལ་གསལ་ཡོད་ཅིང༌། དེས་ན་འབྲོག་པ་རྣམས་ཀྱི་འཚོ་བའི་མདུན་ལམ་མེད་པར་ཆགས་རྒྱུ་དང༌། ཉམ་ཐག་དབུལ་ཕོངས་ཆགས་རྒྱུ། ཁོར་ཡུག་སྲུང་སྐྱོབ་མེད་པར་སྤྱི་ཚོགས་ཉམས་རྒུད་འགྲོ་རྒྱུ་བཅས་ཀྱི་གནས་ཚུལ་དངོས་འབྲེལ་ཡིན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ཐོབ་ཐང་སྡེ་ཚན་གྱི་སྐུ་ཚབ་སྐུ་ཞབས་ཨོ་ལི་ཝར་ཌི་ཤ་ཀྲར་མཆོག་ནས་ཀྱང་གསུངས་ཡོད།

མ་ཟད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་ནས་འབྲོག་པའི་གནས་སྟངས་ཤིག་གཟུགས་མཐོང་བརྙན་པར་ཐོག་བཟོ་བསྐྲུན་སྙིང་བསྡུས་ཞུས་པའི་ནང་འབྲོག་པའི་བུད་མེད་རྣམས་རང་གི་ལུང་པའི་ནང་རང་དབང་དུ་གནས་ཆོག་གི་མེད་པའི་སེམས་ངལ་གྱི་སྐྱོ་གླུའི་བརྡ་ཞིག་ཡོད་པ་དང་དྲ་རྒྱའི་ཐོག་ནས་ཀྱང་ཐད་ཀར་ཀློག་ཐུབ་པའི་བོད་ཀྱི་ཆུའི་སྐོར་དེབ་ཅིག་བཏོན་ཡོད་པ་དང༌། ད་ལྟ་མྱོང་བཞིན་པའི་འབྲོག་པའི་ཁྱིམ་ཚང་ཨ་མ་བུ་ཕྲུག་རྣམས་ཀྱི་དཀའ་ངལ་སེལ་ཐབས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འཆར་འགོ་འཛུགས་ཞུ་རྒྱུ་ཡིན།

སྔ་ལོའི་ཟླ་བ་༤ཚེས་༡༤ཉིན་བོད་ནང་སྐྱེ་དགུ་མདོར་ས་ཡོམ་བྱུང་བའི་རྐྱེན་ངན་འོག་བོད་མི་༢༠༠༠ལྷག་འདས་གྲོངས་སུ་སོང་བ་དང༌། ༡༠༠༠༠ལྷག་རྨས་པ། སྟོང་ཕྲག་མང་པོར་སྡོད་གནས་མེད་པ་ཆགས་པར་གདུང་སེམས་མཉམ་བསྐྱེད་སླད་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་དཔལ་འབྱོར་འདུ་འགོད་ཞུས་ཏེ་ཧིན་སྒོར་འབུམ་བཅུ་ཐམ་པ་རྐྱེན་ངན་དེའི་ནང་མྱོང་བཞིན་པའི་བོད་མི་དང་དམིགས་བསལ་མ་བྱིས་པའི་འཐུང་ཆུ་གཙང་མ་དང་ཟས་བཅུད་ལྡན་ཆེད་འབུལ་ཐུབ་པ་བྱུང་ཡོད།

ད་ལྟའི་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་ཕྱོགས་ཡོངས་ནས་བྱེད་བཟིན་པའི་ཐོག་བློ་ཚབས་ཆེན་པོ་ཡོད་ལ། ཤེས་ཡོན་ནི་འགྲོ་བ་ཀུན་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཞིག་ཡིན་ནའང་འདས་ལོའི་ནང་ན་གཞོན་སློབ་ཕྲུག་མང་པོས་བོད་ནང་སྐད་ཡིག་གི་རང་དབང་དགོས་པའི་ཞི་བའི་ངོ་རྒོལ་གནང་ཡོད་པ་དེ་ལས། བོད་ཀྱི་སྐད་ཡིག་གི་གནས་སྟངས་ནི་ཤིན་ཏུ་ཛ་དྲག་ཆགས་ཡོད་པ་འཛམ་གླིང་ཀུན་གསལ་ཆགས་ཡོད་པས་རྒྱ་གཞུང་ནས་བོད་ནང་སྐད་ཡིག་གི་ཐོབ་ཐང་སྤྱི་མཚུངས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་ནས་སྔ་ལོའི་གསུམ་པའི་བཅུ་གཉིས་ཉིན་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་ཆེས་མཐོའི་སློབ་ཡོན་འབུལ་རྒྱུ་ཡིན་པའི་གསལ་བསྒྲགས་ཞུས་ཡོད། འདི་ལོ་རྒྱ་གར་མཐོ་སློབ་ནང་ཆེས་མཐོའི་སློབ་ཡོན་དེ་བཞིན་ཁྱོན་བསྡོམས་སློབ་ཕྲུག་བུ་མོ་བདུན་ལ་འབུལ་རྒྱུ་ཡིན་པ་དང༌། དེ་ལྟར་མཐོ་སློབ་ནང་སློབ་ཡོན་འབུལ་རྒྱུ་སྡེ་ཚན་ཁག་གསུམ་དུ་དབྱེ་ཡོད་ཅིང༌། ༡ རབ་འབྱམས་པའི་སྡེ་ཚན་ནང་བུ་མོ་གཉིས། ༢ ཞིབ་འཇུག་སློབ་མ་གསུམ། ༣ འབུམ་རམས་པ་བུ་མོ་གཉིས་བཅས་ཡིན། འབུམ་རམས་པའི་སྡེ་ཚན་ནང་དུ། ༡ བུད་མེད་ཐོག་དམིགས་བསལ་སློབ་སྦྱོང། ༢ འགྲོ་བ་མིའི་ཐོབ་ཐང༌། ༣ གསར་འགྱུར་དང་འབྲེལ་མཐད་སྡེ་ཚན། ༤ ཁོར་ཡུག་ཐོག་སློབ་སྦྱོང༌། ༥ གློག་བརྙན་སློབ་སྦྱོང༌། ༦ གཞུང་གི་སྲིད་བྱུས་དང་འབྲེལ་བའི་སློབ་སྦྱོང༌། ༧ བུད་མེད་ནད་རིགས་སྨན་པའི་དམིགས་བསལ་སློབ་སྦྱོང་གནང་མཁན་བཅས་ལ་འབུལ་རྒྱུའི་གསལ་བསྒྲགས་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་དང་རྒྱ་བསྐྱེད་བྱུང་བའི་ཐོག་རང་རིགས་བོད་མི་ཡོངས་ཀྱི་དང་ལེན་རྒྱབ་སྐྱོར་དང་སྒོས་སུ་བུད་མེད་ཡོངས་ཀྱིས་རང་དོན་རང་གཅེས་ཀྱི་འགན་འཁུར་ཆེ་བཞེས་གནང་བར་འདི་ལོ་འབྲུག་ཡུལ་དང༌། བལ་ཡུལ་སྤོག་ར་བྱམས་པ་གླིང་དང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་དང་ཁེན་སྦེ་ར་བཅས་ཡུལ་ལུང་བཞིར་ཡན་ལག་གསར་འཛུགས་བྱས་ཡོད་པར་ས་གནས་ཡན་ལག་བསྡོམས་ལྔ་བཅུ་ང་དྲུག་དང་ཚོགས་མི་ཆིག་ཁྲི་ལྔ་སྟོང་ལྷག་ཡོད་པར་ས་གནས་སུ་ལས་སྣེ་རྣམ་པའི་རྒྱབ་སྐྱོབ་དང་བོད་ཀྱི་བུད་མེད་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འབོད་ཚིག་དེ་བཞིན་བོད་ཀྱི་རྩ་དོན་ཆེད་ཞུ་རྩོད་བདེན་བདར་དང་བཙན་བྱོལ་ནང་ལག་ལེན་ཡིན་པ་ན། བོད་ཀྱི་རྩ་དོན་དང་རང་དབང་སླར་གསོ་བྱུང་དགོས་པ་ནི་སྤྱིར་འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་ཞི་བའི་བསྐྲུན་ཐབས་སུ་འཛམ་གླིང་འདིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་བཅས་ལ་བརྩི་བཀུར་དང་བོད་ཀྱི་གནད་དོན་དེ་བཞིན་མགྱོགས་མྱུར་སེལ་ཐབས་བཅས་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་ཆེས་རེ་སྐུལ་ཞུ་རྒྱུ་ཡིན།

༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་གྲིབ་བསིལ་འོག་འཚོ་བའི་བཙན་བྱོལ་བོད་རིགས་རྣམས་ཀྱིས་མགོན་པོ་གང་གི་དབུ་འོག་དཔུང་འདེགས་ཀྱིས་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པའི་ཐོག་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་བོད་དོན་བདེན་མཐའ་གསལ་ཕྱིར་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་འབད་བརྩོན་སྔར་ལྷག་གནང་རོགས་ཞེས་སྙིང་ནས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་བཅས་དང༌།

མཐའ་དོན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང༌། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་དབང་གི་ཉི་མ་མྱུར་ཏུ་ཤར་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག ང་ཚོ་བཙན་བྱོལ་བོད་མི་ཚོས་གཞིས་ལུས་སྤུན་ཟླ་རྣམས་ཀྱི་གཡོ་བ་མེད་པའི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་རྗེས་སུ་བསྙེགས་སྟེ། གཞོམ་གཞིག་བྲལ་བའི་ཆིག་སྒྲིལ་གྱི་ནུས་པ་དང་དྲང་བདེན་གྱི་སྟོབས་ཤུགས་ལ་བརྟེན་ཏེ་རང་དབང་འཐབ་རྩོད་ཀྱི་མེ་ལྕེ་དེ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཀོད་འདུག ཚོགས་འདུ་གྲོལ་རྗེས་མི་མང་ཚང་མས་བོད་རང་བཙན་གྱི་འབོད་སྒྲ་ལྷང་ལྷིང་སྒྲོག་གིན་དྷ་ཤོད་ཀ་ཅ་རའི་བར་དུ་གོམ་བགྲོད་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྒྱལ་ཁབ་ཅི་འདྲ་ཞིག་ཡིན་ཀྱང་བུད་མེད་ཚོགས་པ་ནི་རྒྱལ་ཁབ་དེ་དེའི་ཨ་མ་ཞིག་གམ་འབྱུང་འགྱུར་གྱི་ཨ་མ་ཞིག་ཡིན་པ་བཤད་མི་དགོས་པ་ཡིན། འོན་ཀྱང་ཨ་མ་རང་གི་བུ་དང་བོུ་གཉིས་ལ་དབྱེན་འབྱེད་ཀྱིས་བུ་ལས་བུ་མོར་ལྟ་རྟོགས་ལྷག་པ་བྱས་པ་ཡིན་ན་རྙོག་ཕྲའི་སྒོ་ཕྱེ་འགན་དེ་ཨ་མ་ཡིན། དེ་ན་བོད་ཀྱི་བུད་མེད་ཚོགས་པས་སློབ་ཡོན་གནང་ཕྱོགས་ནི་ཕྱོགས་རིགས་ཅན་ཞིག་ཏུ་མཐོང་བས་དེ་ནི་ཤིན་ཏུ་ནས་མ་འོས་པ་ཞིག་ཡིན། རང་མི་རིགས་དང་རྒྱལ་ཁབ་ལ་ཤ་གཞེན་ཡོད་པའི་ཚོགས་ཅི་འདྲ་ཞིག་ཡིན་ཀྱང་ཕྱོགས་རིགས་ཀྱི་ལྟ་བ་བཟུང་ནས་ལས་དོན་གཉེར་བ་ཡིན་ན་དེ་ནི་དགོས་མེད་ཞིག་ལས་དེ་ལ་རྒྱབ་བསྐྱོར་ནམ་ཡང་ཞུ་ཐབས་མེད། ད་ལྟ་ང་ཚོར་དཀའ་ངལ་ཆེ་ཤེས་ནི་རང་གི་རྒྱལ་ཁབ་གཞན་དབང་དུ་ཤོར་ཏེ་རང་རིགས་ལ་རང་དབང་མེད་པ་འདི་ཡིན་བཞིན་དེ་ལ་གདོང་ལེན་བྱ་རྒྱུ་ནི་ལོ་གཅིག་དང་ལོ་གཉིས་ཙམ་གྱི་སྒྲུབ་ཐབས་མེད་པས་མི་རབས་ནས་མི་རབས་ཐབས་རྩོད་བྱ་དགོས་པས་རང་མི་རིགས་ཀྱི་མི་འབོར་ལོ་རེ་ནས་ལོ་རེ་ཇེ་ཉུང་དུ་འགྲོ་བ་འདི་ཡིན་པས་དེའི་འཐད་བུད་མེད་ཚོགས་པས་འགན་རྐང་བཞེས་ཀྱིས་མི་འབོར་འཕེལ་ཐབས་ཀྱི་ལེགས་འཆར་ཞིག་གཏན་འབེབས་གནང་ཐུབ་པ་ཡིན་ན་དེ་དངོས་ཀྱི་བོད་དོན་ངོ་མ་ཞིག་ཡིན་སྙམ།
དཔེར་ན་ཕས་ནང་ལས་བྱ་ཀྱི་ཡོད་ན་མས་ཕྱིའི་དོན་བྱ་དགོས་ཤིང་། ཕ་གཡག་རྫི་ལ་བསྐྱོད་ན་མ་ལུག་རྫི་ལ་འགྲོ་དགོས་པ་ཆོས་ཉིད་ལས། ཕས་གང་བྱས་པ་མས་ཀྱང་བྱ་ཀྱི་ཡིན་ཟེར་ན་དེ་ནི་གནས་ལུགས་དང་མི་མཐུན་པ་ཞིག་དང་ཁྱིམ་ཚང་ཁ་མཐོར་ཏུ་འགྲོའི་སྔར་བལྟས་ཞིག་ལས་བཟང་པོ་ཞིག་མིན་པར་འདོད། དེ་སྔོན་དབུས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་མི་གཉིས་འདི་ག་ས་གནས་སུ་ཟབ་སྦྱོང་སྤྲོད་དུ་འཕེབས་སྐབས་སུ་བསམ་འཆར་ད་ག་རང་ཞུས་པ་ཡིན་པས་དབུས་བུད་མེད་ཚོགས་པས་གསན་ཡོད་པའི་ཡིད་ཆེས་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།