བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང་ཆེན་མོ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢༠ཉིན། དེ་རིང་ཕྱི་དྲོ་ཆུ་ཚོད་༢པའི་ཐོག་དྷ་ས་ཉི་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་བོད་ཀྱི་སྒྲོན་མེ་རྩོམ་སྒྲིག་ཁང་གིས་༼བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་༽ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་འདུག

སྐབས་དེར་བགྲོ་གླེང་གནང་མཁན་ཁྲིམས་ལུགས་ཆེད་མཁས་པ་མཁས་དབང་བློ་བཟང་སེངྒེ་ལ་རྒྱབ་སྐྱོར་གནང་མཁན། ཆབ་སྲིད་བཙོན་པ་དང་བོད་དོན་ལས་འགུལ་བ་དགའ་ལྡན་གྲྭ་བག་དྲོ་ལགས་དང༌། བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་གནང་མཁན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཤར་གླིང་བསྟན་འཛིན་ཟླ་སྒྲོན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་གནང་མཁན། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་རྡོ་རྗེ་བཅས་གདན་འདྲེན་ཞུས་འདུག

སྤྱི་གསལ་བསྒྲགས་ནང་༼བརྗོད་གཞི་༽མཐའ་གཅིག་ཏུ་རང་རང་གི་བཀའ་ཁྲིའི་འོས་མི་དེ་བསྒྲུབ་ཐབས་དང་གཞན་གཉིས་དགག་བཞག་གི་ལམ་ནས་རྩོད་གླེང་བྱ་རྒྱུ་ཞེས་བཀོད་ཡོད་ན་ཡང༌། ཐེངས་འདིར་བགྲོ་གླེང་གཙོ་སྐྱོང་བ་ཨ་རིག་འགྱུར་མེད་ལགས་ཀྱིས་འབོད་སྐུལ་ལྟར། བགྲོ་གླེང་བ་གསུམ་པོས་རང་ཉིད་ཀྱི་རྒྱབ་སྐྱོར་ཞུ་ཡུལ་དེ་ལས་འོས་མི་གཞན་ལ་སྐྱོན་བརྗོད་དམའ་འབེབས་རིགས་མ་གནང་རོགས་ཞེས་ཞུས་དོན་ལྟར།  བགྲོ་གླེང་བ་གསུམ་པོས་དེ་བཞིན་དུ་རང་ཉིད་ཀྱི་རྒྱབ་སྐྱོར་ཞུ་ཡུལ་འོས་མི་དེའི། བྱས་རྗེས་དང༌། ཁྱད་ཆོས། ཡོན་ཏན། བཅས་གླེང་བ་ལས་དམིགས་བསལ་འོས་མི་གཞན་གཉིས་ལ་དགག་བཞག་སོགས་གནང་ཡོད་པ་མ་རེད།

ཐོག་མར་ས་གཞོན་ཚོགས་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས། ཁོང་གིས་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ལ་རྒྱབ་སྐྱོར་ཞུ་དགོས་པའི་དམིགས་ཡུལ་ནི། དེ་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་འོས་འདེམས་སྐབས་སུ་ནས་རང་ཉིད་ཀྱིས་བསམ་བློ་ལེགས་པར་བཏང་ནས། འོས་མི་ཁོང་ལས་ལྷག་པ་ཞིག་རྙེད་མེད་པ་དང༌། གཉིས་ནི་སྐུ་ངོ་མཆོག་གིས་ཁྱོན་དུས་ཡུན་ལོ་ངོ་༤༠ཙམ་ཞིག་བོད་མི་རིགས་ལ་ཞབས་འདེབས་ཞུས་པ་འི་ནང༌། ཕྱི་ལོ་༡༩༩༡ནང་༧གོང་ས་མཆོག་གིས་ཐད་བསྐོ་བཀའ་བློན་༣ནང་གི་གཅིག་ཁོང་ཉིད་ཡིན་པ་དང༌། དེ་ནས་བཟུང་ལོ་ངོ་༡༧རིང་བཙན་བྱོལ་བོད་གཞུང་གི་བཀའ་བློན་གནང་ཡོད་པ་རེད།

འདི་འདྲའི་དུས་ཡུན་རིང་པོ་བཀའ་བློན་གནང་མཁན་ཁོང་ལྟ་བུ་བྱུང་མེད་པ་དང༌།  གཉིས་ནི་ཁོང་ཉིད་མི་དེ་ལྟ་བུའི་ལྷག་བསམ་དང་འཇོན་ཐང་ཅན་ཞིག་ཡིན་པའི་ཆ་ནས། གནད་འགག་ཆེ་བའི་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱིར་སྒྲིག་གཞི་ལྟར་དུས་ཡུན་ལོ་༤ལས་གནང་ཆོག་གི་མེད་ཀྱང༌། ཁོང་གིས་ལྡི་ལི་སྐུ་ཚབ་དོན་གཅོད་ལོ་༢༠ལྷག་ཙམ་རིང་གནང་ཡོད་པ་བཅས་ཀྱིས་ཐད་ནས་ཁོང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་སོང༌།

དགའ་ལྡན་གྲྭ་བག་དྲོ་ལགས་ཀྱིས། ང་ནི་དབུས་གཙང་བ་ཞིག་ཡིན། མི་སུ་ཞིག་བཀའ་བློན་ཁྲི་པར་འོས་པ་དེ་ལ་རྒྱབ་སྐྱོར་ཞུ་བ་ཞིག་ཡིན་པ་ལས། ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་དེ་འདྲ་གང་ཡང་མེད། བློ་བཟང་སེངྒེ་ལ་རྒྱབ་སྐྱོར་དང་གཞན་གཉིས་ལ་སྐྱོན་བརྗོད་དེ་འདྲ་གང་ཡང་མེད། ཁོང་གཉིས་པོ་ཡང་མི་བྱས་རྗེས་ཅན་ཡིན་པས་གུས་ཞབས་ཡོད། འོན་ཀྱང་ཁོང་གིས་མཁས་དབང་བློ་བཟང་སེངྒེ་མཆོག་ལ་རྒྱབ་སྐྱོར་ཞུ་དགོས་དོན་ནི། མ་འོངས་པར་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཁྲིམས་ལ་གཏུགས་ནས།  བོད་ནང་དུ་བཞུགས་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་གི་ཚེ་སྲོག་བསྐྱབ་ཆེད་ཡིན་ཞེས་གསུངས་སོང༌།

ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས། ཁོང་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་རྒྱབ་སྐྱོར་ཞུ་དགོས་དོན་ནི། སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། འདས་པའི་ལོ་རྒྱུས་ནང་ཁོང་ཉིད་ཆུང་དུས་ནས་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་སྤྲད་པ་དང༌། བཙན་བྱོལ་བོད་གཞུང་ལ་ཨ་རིས་ཤེས་ཡོན་དང་རིག་གཞུང་སྲུང་སྐྱོབ་ཀྱི་རྒྱབ་སྐྱོར་རག་ཐབས་བྱས་པ། བོད་མི་ཆིག་སྟོང་ཐམ་པ་ཞིག་ཨ་རིར་བཏང་བ། མ་ཚད་ཁོང་གི་རང་ཐག་རང་གཅོད་ཀྱི་ལམ་ཕྱོགས་དེའི་ཐོག་ནས་ཁོང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལུགས་བཅས་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (3)
མཁས་པས་བཤད་ན་ཅི་ཡང་བདེན། ལོག་བཤད་ནི་ནམ་ཡང་ལོག་བཤད་ཡིན་༸གོང་སསྐྱབས་མགོན་རིན་པོ་ཆེའི་དགོངས་པ་དང་མཐུན་ལུགས་སོགས་ཀྱི་འགྲེལ་བརྗོད་མི་དགོས་པར། རང་ཉིད་ཀྱི་མངོན་འདོད་དང་རང་ཉིད་ཀྱི་ཆོད་སེམས་དེ་མི་མང་གི་ཤེས་རྟོགས་ཐུབ་པ་བཟོ་དགོས། མི་རབས་གོང་མས་མི་རབས་གཞོན་པར་རྩིས་སྤྲོད་མིན་སོགས་ཀྱི་སྐད་ཆ་དེ་བཀའ་བློན་ཁྲི་པའི་རྐུབ་སྟེགས་ཁོ་ན་ག་ལ་ཡིན་སྲིད། མི་རབས་གོང་མས་བོད་ཀྱི་ཆོས་དང་རིག་གཞུང་མི་རབས་གཞོན་པར་རྩིས་སྤྲོད་པ་དེ་ལོ་རྒྱུས་ཀྱི་དཔངས་པོར་བྱེད་ཐུབ། རང་གི་ཕ་མེས་ཚོས་རང་ལ་རྩིས་སྤྲོད་བྱས་པའི་བཟང་སྤྱོད་དེ་རང་ཉིད་ཀྱི་རྩིས་ལེན་མི་ཐུབ་པའི་བློ་སེང་གིས་བཀའ་བློན་ཁྲི་པ་མི་འཇོན་ཐག་ཆོད་རེད། བཀའ་བློན་ཁྲི་པ་ནི་བོད་གཞི་བྱེས་གཉིས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གཅིག་པུ་དེ་ཡིན་སྟབས་ཧ་ཅང་གི་ལས་འགན་ཆེན་པོ་ལྗི་མོ་ཞིག་འཁུར་དགོས། དེའི་འཇོན་ཐང་དང་ཤེས་ཡོན་གང་ཅིའི་ཐད་ནས་བཀའ་བློན་འོས་ལངས་གཞན་ལས་ལྷག་པ་མེད་ཀྱང་གཅིག་མཚུངས་ཞིག་དགོས་ངེས་ཅན་རེད། མི་རབས་གསར་པས་རྩིས་ལེན་ཀྱང་ཆོག་བློ་བཟང་སེང་གེ་ནི་མི་རབས་གསར་པ་དང་རྙིང་པ་གཉིས་གང་གི་ཁུངས་སུ་རྟོག་མིན་ད་ཆ་དབྱེར་ཚོད་ཆོད་དཀའ། ཚད་ངེས་ཅན་ཞིག་མེད་སྟབས་མི་རབས་གསར་པ་དང་རྙིང་པའི་དབྱེ་འབྱེད་དཀའ་ཟེར་བའི་རྒྱུ་མཚན་ཡིན། སྟོང་ལོ་གསར་རྙིང་གི་འབྱེད་ཀྱི་ཡོད་དམ། བོད་ལ་སྐྱེས་མིན་གྱི་འབྱེད་ཀྱི་ཡོད་དམ། ཀྲུང་ཧ་མི་མང་གི་བོད་བཙན་ཟུང་འབྱེད་པ་ནས་རྩིས་ཀྱི་ཡོད་དམ། གང་ལྷར་མི་འོས་པ་དེ་བློ་བཟང་སེང་གེ་ཡིན་བདེན་པ་རེད།
2 ༠༣༢༠༡༡༡༤༠༠
སྤྱི་བཏང་འོས་མི་གསུམ་ཆར་ང་ཚོ་བོད་མི་ཚང་མའི་དགའ་སྤོབ་འོས་པ་རྐྱང་རྐྱང་རེད། འོན་ཀྱང་ང་ཚོའི་ཐབས་ཙོད་འདི་མུ་མཐུད་ཐུབ་མིན་དེ་གཞོན་སྐྱེས་ཚོས་འགན་ལེན་མིན་རག་ལས་ཡོད། འགན་ལེན་མིན་དེ་འགན་སྤྲད་མིན་ལ་རག་ལས་ཡོད། འགན་སྤྲོད་པའི་དུས་ཚོད་དེ་ཡང་སྐྱབས་མགོན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་འདིར་་ལམ་སློང་ཡོང་ཆེ་ཤོས་ཡིན་པའི་ཆ་ནས་མཁས་དབང་བློ་བཟང་སེང་གེ་ལ་འོས་ཤོས་མཐོང།
1 ༢༢༢༠༡༡༠༢༣༢
ད་དུང་རྒྱས་པ་ཡོད་ན་དྲ་ཐོག་སྐོད་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།