དགོངས་ཚུལ།

སྙིང་སྟོབས་གླིང་བཙུགས་ནས་ལོ་འཁོར་༡༢ལོན་པའི་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༢ཉིན། དེ་རིང་ཞོགས་པའི་ཆུ་ཚོད་༡༠་དང་ཕྱེད་ཀའི་ཐོག སྙིང་སྟོབས་གླིང་དབང་པོ་སྐྱོན་ཅན་གཅེས་སྐྱོང་ཁང་བཙུགས་ནས་ལོ་འཁོར་༡༢ལོན་པའི་མཛད་སྒོ་ཚོགས་ཡོད་པ་དང༌། རང་གཞུང་གི་མཛད་གཙོ་ཁག་ཅིག་དང་སྙིང་སྟོབས་གླིང་གི་དགེ་ལས་བཅས་ཁྱོན་མི་གྲངས་ཉིས་བརྒྱ་ཙམ་འདུ་འཛོམས་གནང་སོང༌།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་དང་སྤྱི་འཐུས་ཀརྨ་ཆོས་འཕེལ། སྤྱི་འཐུས་ཟླ་བ་ཚེ་རིང་སོགས་རང་གཞུང་གི་མཛད་གཙོ་ཁག་ཅིག་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བུད་མེད་ལྷན་ཚོགས་ཚོགས་ཞུགས་གནང་ཡོད་པ་དང༌། སྐབས་དེར་སྙིང་སྟོབས་གླིང་གི་དབུ་འཛིན་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་བརྩམས་པའི་༼སྙིང་སྟོབས་གླིང་གསར་འཛུགས་ཀྱིས་ལོ་ངོ་༡༢སོང་བ་དང༌། དེའི་འགན་འཛིན་གྱི་བཞུད་ལམ༽ཞེས་པའི་སྙིང་སྟོབས་གླིང་གི་ལོ་རྒྱུས་སྙིང་བསྡུས་ཀྱི་དེབ་ཆུང་ཞིག་ཀྱང་དབུ་འབྱེད་གནང་སོང།

དེ་རིང་གི་མཛད་རིམ་གྱི་ཐོག་མར། སྙིང་སྟོབས་གླིང་གི་དབུ་འཛིན་ངག་དབང་ལྷ་མོ་ལགས་ཀྱིས་གསུང་བཤད་གནང་དོན།  ང་ཚོས་ལོ་རྒྱུས་དེབ་དེ་མགྱོགས་མྱུར་ཏུ་བཏོན་མ་ཐུབ་པའི་རྐྱེན་གྱིས་ཉིན་གཉིས་གསུམ་ཙམ་གྱི་ནང་དུ་སྐུ་མགྲོན་ཚོར་མགྲོན་ཤོག་བཏང་ཐུབ་མ་སོང༌། ཡིན་ནའང༌། དུས་ཚོད་ཐུང་ཐུང་དེའི་ནང་དུ་སྐུ་མགྲོན་འདི་འདྲ་མང་པོ་ཞིག་འབྱོར་བ་ཡོད་པ་དེས། ང་ཚོའི་དབང་པོ་སྐྱོན་ཅན་རྣམས་ལ་བརྩེ་སེམས་དང་དགེ་ལས་ཡོངས་ལ་སེམས་ཤུགས་སྤེལ་བའི་ཆེད་དུ་ཕེབས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། རྣམ་པ་ཚོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་བ་དང༌།

ཡང་སྙིང་སྟོབས་གླིང་གི་ལོ་རྒྱུས་མདོར་བསྡུས་ཀྱི་དེབ་དེ་པར་སྐྲུན་བྱེད་དགོས་པའི་རྒྱུ་མཚན་དང་དེའི་ནང་དོན་གྱི་སྐོར་འགྲེལ་བརྗོད་བྱས་དོན། ༢༠༡༠ལོའི་བོད་ཁྱིམ་དུས་ཆེན་གྱི་སྐབས་སུ། ༧མགོན་པོ་གང་གིས་མང་པོ་བཤད་ན་ཡིག་རྙོག་ཆགས་རོགས་མ་གཏོགས་ཕན་ཐོགས་གང་ཡང་མི་འདུག་ཅེས་བཀའ་གསུངས་པ་དེ་ནི་བོད་མི་བསམ་ཡོད་ཚང་མ་སྙིང་ཁོང་རུས་པའི་གཏིང་ནས་འདར་སིག་རྒྱག་དགོས་པ་ཞིག་ཆགས་དང་ཆགས་བཞིན་པ་རེད།

དེ་འདྲ་སོང་ཙང། རང་ཉིད་ཀྱང་མཛད་སྒོའི་རྐུབ་སྟེགས་སྟེང་ཡོད་དུས། འགྱོད་སེམས་དང་གནོང་ངོས་ལེན་གྱིས་གཞན་ལ་མཛུབ་མོ་བཙུགས་ནས་འདི་དང་དེ་བྱས་མི་འདུག་ཅེས་ལབ་པའི་ཚབ་ཏུ་རང་གིས་རང་ལ་མཛུབ་མོ་བཙུགས་སྟེ། རང་ཉིད་གཅིག་ནས་སྤྱི་འཐུས་ཤིག་ཡིན་པ་དང༌། གཉིས་ནས་ང་རང་བོད་མི་སྒེར་བ་ཅིག་ཡིན་པ། གསུམ་ནས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གསར་འཛུགས་གནང་མཁན་ཞིག་ཡིན་པའི་ཆ་ནས་མང་མོས་དང་སྤྱི་མོས་ལ་མ་ལྟོས་པར། སོ་སོས་གང་ཐུབ་ཐུབ་ཅིག་བྱེད་དགོས་བསམ་པ་ཞིག་རང་ཉིད་ཀྱི་སེམས་གཏིང་ནས་ཁས་ལེན་བྱས་པ་ཡིན།

ཡིན་ནའང༌། དེབ་འདི་པར་སྐྲུན་བྱས་ནས་སྙིང་སྟོབས་གླིང་ལ་བསྟོད་པ་བྱེད་པའི་ཆེད་དུ་མིན་ལ། དཔལ་འབྱོར་མཁོ་སྒྲུབ་བྱེད་པའི་ཆེད་དུ་དེ་བས་ཀྱང་མིན། འོ་ན་གང་གི་ཆེད་དུ་ཡིན་ཟེར་ན། དང་པོ་དེ་རང་རེའི་སྤྱི་ཚོགས་ཐོག་སྙིང་སྟོབས་གླིང་འདི་བཙུགས་དགོས་པའི་དམིགས་ཡུལ་དང་དགོས་པ་ངོ་སྤྲོད་གསལ་བོ་ཞིག་ཡོང་ཐུབ་པ་བྱ་རྒྱུ་དང༌། གཉིས་ནས་རྒྱ་གཞུང་གིས་བོད་པ་ཚོ་ཤེས་བྱ་ཡོན་ཏན་གང་ཡང་མེད་པའི་ཀླ་ཀློ་ཞིག་ཡིན་པ་སོགས་འགྲེལ་བརྗོད་མང་པོ་ཞིག་བྱེད་ཀྱི་ཡོད་དུས། བོད་ནང་གི་ཤེས་ཡོན་དང་རང་དབང་སོགས་རྒྱ་གཞུང་གིས་བཤད་པ་ལྟ་བུ་ཞིག་མིན་པ་ར་སྤྲོད་བྱེད་ཀྱི་ཡོད།

གསུམ་ནས་འཛམ་གླིང་འདིའི་ནང་དུ་སྤྱི་ཚོགས་ཞབས་ཞུའི་ལས་ཀ་རབ་དང་རིམ་པར་སྤེལ་གྱི་ཡོད་དུས། དེབ་འདིས་དེ་ཚོའི་ཕྱག་ལས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད་པའི་རྣམ་པ་མཚོན་ཡོད། བཞི་པ་དེ་༧གོང་ས་མཆོག་གིས་བོད་པའི་སྤྱི་ཚོགས་ཐོག་བུད་མེད་དེབ་འདོན་མཁན་ཉུང་ཉུང་ཡིན་པས། ང་ཚོ་བོད་པའི་བུད་མེད་ཚོས་དེའི་ཐོག་ལ་ཤུགས་བརྒྱབ་ན་ཡག་པོ་འདུག རྩོམ་འབྲི་བ་ལ་ངེས་པར་དུ་ཚིག་སྙན་མོ་དང་དོན་ཟབ་མོ་དེ་འདྲ་དགོས་པ་མ་རེད། སོ་སོའི་ཉིན་རེའི་འཚོ་བའི་ནང་ལས་ཀ་ག་རེ་བྱས་པ་རྣམས་བྲིས་པ་ཡིན་ནའང་འགྲིག་གི་རེད་ཅེས་བཀའ་གནང་བ་ལྟར། དེ་རིང་གི་དེབ་འདིའི་ནང་དུ། སྙིང་སྟོབས་གླིང་འདི་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་པའི་ཐོག་ནས་༡༩༩༩ལོར་གསར་དུ་བཙུགས་པ་དང༌།  གསར་འཛུགས་བྱས་པ་ནས་ད་ལྟའི་བར་གྱི་རྩིས་ཁྲ་ལོ་རེ་རེ་བཞིན་ཧ་ཅང་ཞིབ་ཅིང་ཕྲ་བའི་སྒོས་ནས་བཀོད་ཡོད་པ་དང༌། དེ་བཞིན་དབང་པོ་སྐྱོན་ཅན་རྣམས་ལ་བདག་ཉར་དང་་ཁོང་ཚོའི་ལུས་སེམས་ལ་སྦྱོང་བརྡར་སྤྲད་སྟངས་སོགས་མདོར་བསྡུས་བྱས་ནས་བཀོད་ཡོད་ཅེས་དང༌། དེ་བཞིན་ཁོ་མོས་ལྷག་བསམ་རྣམ་དག་གིས་བོད་ཁྱིམ་སློབ་གྲྭ་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་མི་མང་སྤྱི་འཐུས་སོགས་སུ་བསྟུད་མར་ལོ་ངོ་༣༡རིང་ལ་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་བསྒྲུབ་དང་སྒྲུབ་བཞིན་པའི་སྐོར་སོགས་ངོ་སྤྲོད་གནང་སོང༌།

དེ་རྗེས་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་སྙིང་སྟོབས་གླིང་འདི་གང་ལ་གང་འཚམ་གྱིས་གྲ་རྒྱས་པོ་དང་ཚགས་ཚུད་པོ་ཆགས་ཡོད་པ་དང༌། ང་རང་ཚོའི་གནས་བབ་ལ་བལྟས་ནས་བཤད་པ་ཡིན་ན་ཧ་ཅང་ཕུན་སུམ་ཚོགས་པོ་ཆགས་འདུག དེ་ཚོ་ཚང་མ་སྙིང་སྟོབས་གླིང་གི་དགེ་ལས་རྣམ་པས་བོད་སྤྱི་བའི་དོན་ལ་ལྷག་བསམ་རྣམ་དག་དང་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པས་གོ་སྐབས་འདི་བརྒྱུད་ནས་དབུ་འཛིན་དང་ཕྱག་ལས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འདི་འདྲ་ཞིག་བཙུགས་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། དེ་ལས་ཀྱང་གལ་ཆེ་ཤོས་དེ་གང་རེད་ཟེར་ན། སྤྱི་ཚོགས་ཐོག་རང་ཉིད་ཀྱི་ལུས་སེམས་ལ་རང་གིས་བདག་སྐྱོང་བྱེད་མི་ཐུབ་པའི་དབང་པོ་སྐྱོན་ཅན་དེ་ཚོ་ལ་གཅེས་སྐྱོང་ཡག་པོ་བྱ་རྒྱུ་དེ་ཆོས་འཇིག་རྟེན་གཉིས་ཀའི་ཐོག་ནས་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ཡང་ད་ལྟ་གོང་དུ་གསུངས་བ་ལྟར། སྤྱི་ཚོགས་ཐོག་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་བྱུང་གི་རེད་དེ། སྐྱོན་བརྗོད་ཟེར་བ་དེ་ལས་ཀ་དེ་ཚགས་ཚུད་པོ་དང་ཡར་རྒྱས་ཡོང་བའི་གཞི་རྩ་ཞིག་ཡིན་པས། གཅིག་མིན་གཉིས་སོ་སོས་རིག་པ་སྒྲིམ་དགོས་པའི་སྐུལ་མ་གཏོང་གི་ཡོད་པ་རེད་ཅེས་གསུངས་སོང༌།

མཛད་སྒོའི་གསུང་བཤད་རྣམས་ལེགས་པར་གྲུབ་རྗེས། དབུ་འཛིན་ངག་དབང་ལྷ་མོ་ལགས་ཀྱིས་སྐུ་མགྲོན་དང་ཚོགས་ཞུགས་པ་རྣམས་ཀྱི་སྣེ་ཁྲིད་དེ་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཚོའི་ཉལ་ཁང་དང་ཚེམ་ཁང༌། རི་མོ་ཁང༌། བོད་རང་གི་ཐུན་མོང་མ་ཡིན་པའི་གདུག་སྤོས་བཟོ་སྐྲུན་ཁང་སོགས་སུ་ངོ་སྤྲོད་དང་འབྲེལ་ནས་གཟིགས་སྐོར་གནང་བ་དང༌། དེ་ནས་ཆུ་ཚོད་༡༢དང་ཕྱེད་ཀ་ཙམ་ལ། དེ་རིང་གི་སྐུ་མགྲོན་ཚང་མ་ལ་ཞལ་ལག་གྲ་རྒྱས་པོ་ཞིག་ཕུལ་རྗེས་ཚོགས་འདུ་ཡོངས་སུ་གྲོལ་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༦༢༠༡༡༡༢༤༠
ཧ་ལས་ཡག་པོ་འདུག སེམས་ཤུགས་འཕར་སོང་།



བརྗོད་གཞི་གཞན་ཁག་ལ་གཟིགས།