དགོངས་ཚུལ།

༧གོང་ས་མཆོག་ར་ཇི་སི་ཐན་དུ་ཆིབས་བསྒྱུར་བསྐྱངས་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༡ཉིན། རྒྱ་གར་ནུབ་ཕྱོགས་ར་ཇི་སི་ཐན་མངའ་སྡེའི་གྲོང་ཁྱེར་ཇོ་ཌ་པུར་རྒྱལ་པོས་ཇི་ལྟར་གསོལ་འདེབས་ཞུས་བ་ལྟར། ཟླ་འདིའི་ཚེས་༨ ཉིན་༧གོང་ས་མཆོག་གྲོང་ཁྱེར་དེའི་ནང་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག

བོད་གཞུང་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཇོ་ཌ་པུར་གནམ་ཐང་དུ་ཞབས་སོར་བཀོད་མ་ཐག གྲོང་ཁྱེར་ཇོ་ཌ་པུར་རྒྱལ་པོའི་སྐུ་ཚབ་དང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་དང༌། ཇོ་ཌ་པུར་གྲོང་ཁྱེར་གྱི་ཧིན་བོད་མཇའ་འབྲེལ་ཚོགས་པའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་རེ་ཤམ་བྷ་ལ་ལགས་དང་རའི་ཤམ་བྷལ་ལཱ། ཇོ་ཌ་པུར་བོད་མི་སུད་ཚོང་བའི་ཚོགས་གཙོ་བཀྲིས་སྒྲོལ་མ་ལགས་བཅས་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

༧གོང་ས་མཆོག་གིས་དེར་འདུས་མི་མང་ལ་བཀའ་སློབ་བསྩལ་དོན། ངོས་ཀྱིས་དུས་རྒྱུན་དུ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ། བོད་ཀྱི་རྩ་དོན་བཅས་འགན་ཁུར་གསུམ་གྱི་ཐོག་འབད་བརྩོན་གནང་་བཞིན་ཡོད་ལ། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད་པ་དང༌། ཕྱི་དངོས་པོའི་ཡར་རྒྱས་ཇི་ཙམ་ཡོད་ཀྱང་སེམས་ལ་བདེ་སྐྱིད་ཡོང་རྒྱུར་ནང་བསམ་བློའི་རིན་ཐང་བྱམས་པ་དང་བརྩེ་བ། བསམ་ཤེས། བཟོད་བསྲན་བཅས་གོང་མཐོར་གཏོང་དགོས་ཀྱི་ཡོད་པ་རེད།  རྒྱ་གར་ནང་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་བར་མཐུན་སྒྲིལ་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་དག་ནི་ད་ཆ་འཛམ་གླིང་འདིའི་སྟེང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་དང༌། སྤྱིར་རྒྱ་གར་དང་བོད་ཀྱི་འབྲེལ་བ་དེ་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཡིན་ལ། ང་ཚོ་རྒྱ་གར་གྱི་དགེ་ཕྲུག་བློ་ཁེལ་ཆོག་པ་ཞིག་ཡིན།

གང་ཡིན་ཟེར་ན། རྒྱ་གར་ནང་སངས་རྒྱས་ཀྱི་བསྟན་པ་འཕེལ་འགྲིབ་སྣ་ཚོགས་བྱུང་སྐབས། ང་ཚོ་བོད་པ་ཚོས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ནས་དར་བའི་སངས་རྒྱས་ཀྱི་བསྟན་པ་དེ་ཡང་དག་པའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་མུས་ཡིན་ཞིང༌། ཉེ་ལམ་ངོས་རང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ནང་ཡོད་པའི་བོད་པའི་དགོན་པ་ཁག་ཏུ་ནང་ཆོས་སློབ་གཉེར་བྱེད་མཁན་ཚོས་རྟགས་གསལ་གཏོང་སྐབས་བློ་ཡིད་ཚིམ་པོ་བྱུང༌། རྒྱ་གར་ནང་བོད་པའི་དགེ་འདུན་པ་གྲངས་ ༡༠༠༠༠ ཙམ་དང་ཨ་ནེ་ ༡༠༠༠ ཙམ་ཡོད་ལ། ཁོང་ཚོས་ཉིན་མཚན་དབྱེར་མེད་ཀྱིས་དཔལ་ནཱ་ལེནྡྲའི་ལེགས་བཤད་ལ་སློབ་གཉེར་བྱེད་བཞིན་ཡོད་པའི་སྐོར་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་འདུག

ཕྱི་ཟླ་ ༢ ཚེས་ ༩་ཉིན་ཨ་ར་ཝ་ལི་སློབ་གྲྭས་གདན་འདྲེན་ཞུས་བ་ལྟར། ཇོ་ཌ་པུར་ཧ་རི་ཏཱ་ཇི་མགྲོན་ཁང་དུ་རྒྱལ་པོ་དང་ཨ་ར་ཝ་ལི་སློབ་ཕྲུག ལས་བྱེད། དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠༠ ཙམ་ལ་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་བསྩལ་དོན། ང་ཚོ་དུས་རབས་༢༠ པའི་མི་ཡིན་ལ། དུས་རབས་༢༠ པ་དེ་ཕྱིན་ཚར་བ་རེད། དུས་རབས་ ༢༠ པ་དེ་ཕྱོགས་གཅིག་ནས་ཚན་རིག་དང་འཕྲུལ་ཆས་ཧ་ཅང་ཡར་རྒྱས་ཕྱིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཧ་ཅང་གལ་གནད་ཅན་དུས་རབས་ཤིག་ཆགས་ཡོད་ཀྱང༌། དུས་རབས་དེའི་ནང་དམག་འཁྲུག་འོག་མི་གྲངས་ས་ཡ་ ༢༠༠ ཙམ་དམར་གསོད་བཏང་ཡོད་པ་རེད།

ཁྱེད་ཚོ་ནི་དུས་རབས ༢༡ པའི་མི་རབས་ཆགས་ཡོད་ལ། དུས་རབས་ ༢༡ པ་འདི་གྲོས་མོལ་གྱི་དུས་རབས་ཤིག་བཟོ་དགོས་པ་ངོས་ཀྱིས་དུས་རྒྱུན་དུ་བརྗོད་བཞིན་ཡོད་པ་དང༌། དཀའ་ངལ་དེ་དག་འགྲོ་བ་མིའི་རིགས་ཇི་སྲིད་ནམ་གནས་བར་བྱུང་རྒྱུ་ཡིན་པས། ད་ཆ་དཀའ་ངལ་དེ་དག་གྲོས་མོལ་དང་བསམ་ཤེས་ཀྱི་ཐོག་ནས་སེལ་བར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོར་འཛམ་གླིང་འདི་གཅིག་ལས་མེད་པ་དང༌། ཟླ་བའི་ཁང་བཟང་ཞེས་སྙན་ངག་ནང་མཛེས་པའི་དཔེ་མཚོན་ཙམ་དུ་བཀོད་རྒྱུ་ཡོད་ནའང་དེར་འཚོ་སྡོད་བྱེད་ཐུབ་ཀྱི་མེད། ད་ལྟ་ང་ཚོ་དང་ཁོང་ཚོ་ཞེས་རང་ཕྱོགས་ལ་རྒྱལ་ཁ་དང་གཞན་ཕྱོགས་ལ་ཕམ་ཉེས་གཏོང་རྒྱུ་ཡིན་ཟེར་བའི་དུས་ཚོད་དེ་ཡོལ་ཟིན་པ་རེད།

དེ་ལས་ལྡོག་སྟེ། འཛམ་གླིང་ཧྲིལ་པོ་འདིའི་ནང་སྡོད་མཁན་འགྲོ་བ་མིའི་རིགས་ཚང་མར་ང་ཚོ་ཞེས་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་དུས་དང་འཚམ་པ་ཞིག་ཆགས་ཡོད། དཔེར་ན། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ལྟ་བུར་མཚོན་ན། རྒྱལ་ཁབ་བྱེ་བྲག་པ་སོ་སོའི་ཁེ་དབང་སྒེར་བདག་བྱེད་པ་ལས་སྤྱི་མཐུན་མཉམ་གནས་ཀྱིས་གནས་ཐུབ་ན་དགེ་མཚན་ཆེ་བ་ཡོད་པ་ར་འཕྲོད་གསལ་པོ་ཆགས་ཡོད་པ་དང༌། དེ་བཞིན་ང་ཚོ་བོད་མི་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱས་ན་དཔལ་འབྱོར་སོགས་ཀྱི་དགེ་མཚན་ཆེ་བ་ཡོད་ལ། ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཐོག་ནས་བརྗོད་ན་བོད་དེ་རྗེས་ལུས་རེད་ཅེས་གསུང་བཤད་རྣམས་ལེགས་པར་གྲུབ་རྗེས། དགེ་ལས་སློབ་མ་དྲུག་ཙམ་གྱི་དྲི་བར་བཀའ་ལན་མཛད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕྱོགས་བསྡུས་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།