མཁན་ཆེན་དམ་པ་ཨ་པད་རིན་པོ་མཆོག་གི་སྐུ་གདུང་ཞུགས་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༡ཉིན། སྤྱི་ལོ་༢༠༡༡ཟླ་༢་པའི་ཚེས་༧ ཉིན་བལ་ཡུལ་མཆོད་རྟེན་དང་ཉེ་བར་རྒྱལ་ཡོངས་ནང་པའི་གཙུག་ལག་སློབ་གཉེན་ཁང་གི་མདུན་ཐང་དུ་དཔལ་ས་སྐྱ་པའི་ཡོངས་འཛིན་དམ་པ་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད།

དེ་ཡང་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་པ་ཆེན་པོ་༧སྐྱབས་མགོན་གོང་མ་རིན་པོ་ཆེན་མཆོག་སྤྱི་ལོ༢༠༡༡ཟླ་༢་པའི་ཚེས་༥་ཉིན་རྒྱ་གར་ནས་བལ་ཡུལ་དུ་ཆེད་ཕེབས་ཀྱིས་བལ་ཡུལ་མཆོད་རྟེན་དང་ཉེ་བའི་ཏིང་ཆུ་ལིར་རྒྱལ་ཡོངས་གཙུག་ལག་སློབ་གཉེན་ཁང་དུ་ཞབས་སོར་བདེ་བར་འཁོད་ཅིང༌། སྤྱི་ཚེས་༧ཉིན་གྱི་ཞོགས་པར་སྐུ་གདུང་ཞུགས་འབུལ་གྱི་ཚོགས་མགོན་དུ་ཕེབས་ཡོད། ཉིན་དེར་ཐོག་མར་སེར་སྐྱ་ཕོ་མོ་ཡོངས་ཀྱིས་སེར་ཕྲེང་དང་བཅས་སྐུ་གདུང་རིན་པོ་ཆེན་གཟིམ་ཁང་ནས་རྒྱལ་ཡོངས་གཙུག་ལག་སློབ་གཉིན་ཁང་གི་མདུན་ཐང་དུ་མེ་ཏོག་དང་རྒྱན་སོགས་མཆོད་རྫས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་དཀྱིལ་འཁོར་གྱི་གདུང་ཁང་དུ་གདན་ཞུ་མཛད།

དེ་རྗེས་ཤར་ངོས་གྱི་ཁྲི་འཕང་སྟེང་༧སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་ཞབས་སོར་འཁོད། ལྷོ་ངོས་སུ་གདུང་སྲས་སྐུ་བགྲེས་རཏྣ་རིན་པོ་ཆེ་མཆོག་དང༌། ནུབ་ངོས་སུ་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་དང༌། བྱང་ངོས་སུ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་བཅས་གདན་བཞུགས་མཛད། དེ་བཞིན་གདུང་སྲས་ཨ་སངྒ་རིན་པོ་ཆེ། ཐར་རྩེ་མཁན་རིན་པོ་ཆེ། གར་ཞབས་དྲུང་རིན་པོ་ཆེ་སོགས་བླ་སྤྲུལ་དང་མཁན་པོ་རྣམ་པ་གཙོས་དགེ་འདུན་པ་ཞལ་གྲངས་ཉིས་བརྒྱ་ལྷག་གིས་ཞི་བའི་སྦྱིན་བསྲེགས་ཀྱི་ལམ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་ཡོད། ཉིན་དེར་དད་ལྡན་ཕོ་མོ་ཁྱོན་མི་གྲངས་སྟོང་ཚོར་ཉེ་བར་འདུ་འཛོམས་བྱུང་ཡོད་པ་རེད།

དེ་ཡང་བོད་ཟླ་༡༡་པ་ནི་ས་པཎ་ཀུན་དགའ་རྒྱལ་མཚན་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཨ་པད་རིན་པོ་ཆེའི་རྩ་བའི་བླ་མ་སྡེ་གཞུང་ཨ་འཇམ་རིན་པོ་ཆེ་སོགས་དཔལ་ས་སྐྱ་པའི་བླ་ཆེན་ཁག་གི་དགོངས་རྫོགས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པས་ཨ་པད་རིན་པོ་ཆེ་ཁོང་གིས་དུས་ཆེན་དེ་དག་ལ་མཆོད་འབུལ་རིམ་པས་བྱས་རྗེས་བོད་ཚེས་༢༢་ཉིན་དེར་ཉེ་གནས་རྣམས་ལ་དེ་རིང་གི་དུས་དེ་རྒྱུན་ལྡན་དང་མི་འདྲ་བའི་དུས་ཤིག་ཡིན་སྟབས་ཚང་མས་དོ་སྣང་བྱེད་དགོས་ཚུལ་དང༌། གནས་ཚུལ་འདྲ་བྱུང་ནས་ཐོག་མར་གོང་མ་རིན་པོ་ཆེ་ལ་ཞལ་པར་འབུལ་དགོས་ཚུལ་བཅས་གསུངས།

ཉིན་དེའི་དགོང་མོར་སླར་ཡང་དེ་རིང་གོང་མ་རིན་པོ་ཆེ་ཐུགས་བྲེལ་ཆེན་པོ་ཡིན་རྒྱུ་རེད་གསུངས་རྗེས། དེ་རིང་གི་གཉིད་དེ་ནམ་རྒྱུན་གྱི་གཉིད་ཁུག་པ་དང་ཁྱོན་ནས་འདྲ་བ་མིན་ཚུལ་དང༌། གཉིད་ཁུག་ན་མ་དཀྲོགས་པར་རིན་པོ་ཆེ་སྐུ་འཐུམས་ནས་མ་བཞུགས་ཤིག་ཅེས་བར་མཚམས་སུ་ལབ་ཤོག་གསུངས་འདུག དེའི་ཕྱི་ཉིན་ཚེས་༢༣་ཉིན་ང་མེད་པ་འདྲ་ཆགས་ན་ཉིན་གསུམ་གྱི་རིང་སུ་གང་ལ་ལབ་མི་ཉན་པ་དང༌། སྐུ་ལ་མ་ཐུག་པ་གཟིམ་ཆུང་སྒོ་བརྒྱགས་ནས་ཉིན་གསུམ་རིང་བཞག་དགོས་པའི་བཀའ་སློབ་གནས་རྗེས། བོདཟླ་༡༡་པ་སྔ་མའི་ཚེས༢༣་སྤྱི་ལོ་༡༠༡༠ཟླ་༡༢་ཚེས་༢༨ ཉིན་གྱི་ཞོགས་པ་བལ་ཡུལ་གྱི་ཆུ་ཚོད་༩པའི་ཐོག་སྐུ་ཞི་བར་གཤེགས་ཡོད་པ་རེད།

སྐུ་ཞི་བར་གཤེགས་པའི་དུས་དེར་བལ་ཡུལ་དུ་ས་མཐོ་ས་ལ་ཁ་བ་དང་རྒྱལ་ས་ཀ་ཐ་མན་གྲུ་ལ་ཆར་པ་བབ་པ་མ་ཟད། ད་ལོའི་དགུན་དུས་ཀྱི་གནམ་གཤིས་ཀྱང་སྔོན་དང་མི་འདྲ་བ་ཧ་ཅང་དྭངས་གསལ་ཞི་བ་བསྟན་ཡོད། ལྷག་པར་དུ་ཁོང་གིས་ཞལ་ཆེམས་ཕྱག་བྲིས་ཤིག་བཞག་ཡོད་པ་དེའི་ནང་བདུན་ཚིགས་རེ་རེ་བཞིན་དགོན་པ་ཁག་གང་གིས་ཞལ་འདོན་གསུང་དགོན་མིན་དང༌། སྐུ་ཡོན་ག་ཚད་ཕུལ་དགོས་མིན། གཟིམ་ཆུང་ནང་ཞེ་དགུའི་རིང་ཆོ་ག་གང་འདོན་དགོས་པ། ཞུགས་འབུལ་གང་ལ་བྱེད་དགོས་པ། གཟིམ་ཁང་སོགས་དངོས་པོ་རྣམས་དགོན་པ་གང་ལ་ཕུལ་དགོས་པ་སོགས་གསལ་བར་བཀོད་ཡོད་འདུག

ཨ་པད་རིན་པོ་ཆེ་ནི་ལོ་གཉིས་ཙམ་གྱི་གོང་ནས་སྙུང་གཞི་ཞིག་བྱུང་ནས་སློབ་མ་ཚོའི་རེ་འདོད་བཞིན་ཕྱི་རྒྱལ་དུ་སྨན་བཅོས་ལ་ཕེབས་ནས་རིམ་པས་སློབ་མ་རྣམས་ལ་ཁོང་ཡུན་རིང་མི་བཞུགས་པའི་བཀའ་སློབ་གནང་ཡོད།

ཨ་པད་རིན་པོ་ཆེ་ནི་སྤྱི་ལོ་༡༩༢༧ལོར་ཁམས་སྡེ་དགེའི་ཁོངས་གཏོགས་ཀུ་སེ་ཞེས་པར་སྐུ་འཁྲུངས། དགུང་ལོ་བརྒྱད་ཙམ་ནས་ཆོས་སྒོར་ཞུགས་ཤིང༌། ཆུང་དུས་ནས་རིག་སྟོབས་ཧ་ཅང་ཆེ་བས་གང་བསླབས་ཀྱང་འཚེད་མེད་དུ་མཁྱེན། རྫོང་སར་བཤད་གྲྭར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་བཤེས་གཉེན་དུ་མར་བསྟེན་ཏེ་གཙོ་བོར་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྗེས་དེར་མཁན་པོ་གནང༌། དེ་ནས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་ལྟར་ལི་ཐང་སྡེ་གཞུང་དུ་ཕེབས་ནས་ཨ་འཇམ་རིན་པོ་ཆེའི་སྐུ་དྲུང་ནས་དཔལ་ས་སྐྱ་པའི་སྔགས་ཕྱོགས་ཀྱི་ཆོས་སྐོར་ཡོངས་སུ་རྫོགས་པར་གསན་བསམ་གནང༌།

ཕྱིས་སུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དབུས་སུ་ཕེབས་སྐབས་ཨ་པད་རིན་པོ་ཆེ་ཡང་ཕེབས་ནས་ངོར་དགོན་ཆེན་ལ་བཤད་གྲྭའི་མཁན་པོ་ཡུན་རིང་ཙམ་གནང་ཡོད། སྐབས་དེའི་དུས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་དགོངས་བཞིན་ལྷ་སར་རྟེན་འབྲེལ་གྱི་ཆེད་དུ་སྡེ་དགེ་རྫོང་སར་བཤད་གྲྭའི་ཁྲི་པར་ཁྲི་འདོན་གནང༌། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་འབྲས་ལྗོངས་སུ་སྐུ་ཞི་བར་གཤེགས་སྐབས་ཨ་པད་རིན་པོ་ཆེ་དེར་ཆེད་དུ་ཕེབས་མཛད།

དེ་ནས་འབྲས་ལྗོངས་རྒྱལ་མོའི་རེ་སྐུལ་བཞིན་འབྲས་ལྗོངས་དཔེ་མཛོད་ཁང་གི་བཀའ་ཆག་མཛད་པ་སོགས་ཕྱག་ལས་གནང་ནས་བཞུགས། རིམ་པས་རྒྱ་གར་རྡེ་ར་རྡུང་དུ་དཔལ་ས་སྐྱ་གོང་མ་རིན་པོ་ཆེའི་ཡོངས་འཛིན་ལ་ཕེབས་ནས་དཔལ་ས་སྐྱ་པའི་སྔགས་ཕྱོགས་ཀྱི་ཕྱག་དཔེ་ཡོངས་རྫོགས་གོང་མ་རིན་པོ་ཆེར་འབུལ། སྐབས་དེའི་དུས་ས་སྐྱ་པར་གཞུང་ལུགས་སློབ་གཉེར་གནང་སའི་བཤད་གྲྭ་ཞིག་མེད་སྟབས། ཐོག་མར་རྡེ་ར་རྡུང་ས་སྐྱ་མཐོ་སློབ་ཕྱག་བཏབ་སྟེ་དེར་དཔེ་ཁྲིད་དགེ་རྒན་དང་འཛིན་སྐྱོང་ཅི་ལྕོག་ལོ་བཅུ་ཙམ་གནང་ནས་སློབ་ཚོགས་མང་དུ་བསྐྱངས།

དེ་ནས་བལ་ཡུལ་ཡང་ལེད་ཤོད་དུ་སྐུ་མཚམས་ལོ་ལྔའི་རིང་བཞུགས་རྗེས་སློབ་མ་མང་པོ་ཞིག་གིས་རེ་བསྐུལ་ཞུས་པ་བཞིན་གཙོ་བོར་ཕྱི་རྒྱལ་མི་རིགས་རྣམས་ལ་སློབ་གཉེར་གྱི་གྲྭ་རྒྱལ་ཡོངས་ནང་པའི་གཙུག་ལག་སློབ་གཉེར་ཁང་གསར་བརྒྱགས་དང་སྤྱི་ལོ་༢༠༠༡ནས་དཔེ་ཁྲིད་བྱེད་འགོ་ཚུགས་ཏེ་དགེ་རྒན་རིམ་པས་སློབ་ཁྲིད་གནང་བཞིན་ཡོད། ཨ་པད་རིན་པོ་ཆེ་མཆོག་ནི་སྐུ་ཚེ་གང་པོ་བསྟན་པ་དང་འགྲོ་བའི་དོན་ཁོ་ན་ལ་ཐུགས་ཁུར་ཆེས་བཞེངས་ཀྱིས་སྐུ་ལས་རྒྱ་ཆེན་མཛད་རྗེས་དགོང་ལོ་༨༤་ཐོག་སྐུ་ཞི་བར་གཤེགས་ཡོད་པ་རེད། གནས་ཚུལ་འདི་དག་ནི་དམ་པ་དེ་ཉིད་ཀྱི་སློབ་མའི་གྲས་ཀྱི་ཁྱུ་མཆོག་མཁན་པོ་འབྱོར་ལྡན་མཆོག་གིས་གང་གསུངས་བ་ལྟར་བབ་ནས་བྲིས་པ་ཡིན། །

བལ་ཡུལ་ནས་རྒྱ་སྟུག་འཇམ་དབྱངས་ཀྱིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
མི་ལུས་བླང་པའི་དོན་གོ་ཆོད་འདུག་ལ།།
མི་ཞིག་ཡིན་པའི་གྲུབ་རྟགས་ཐོན་འདུག་ལགས།།
བྱ་བཞག་སྣ་གཅིག་མེད་པའི་མི་ངན་ངས།།
མཁན་པོ་ཁྱེད་ནི་མི་ཞིག་ཡིན་པར་ཤེས།།
1 ༡༩༢༠༡༡༡༡༥༣
རྒྱལ་བསྟན་སྤྱི་དང་ཁྱད་པར་ས་སྐྱ་བའི།།
བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བ་ལ།།
སྨྲ་བ་ཟླ་མེད་འདྲེན་མཆོག་ཨ་པད་མཆོག།
བསྟན་འགྲོའི་མགོན་དུ་སླར་ཡང་བྱོན་པར་མཛོད།།



བརྗོད་གཞི་གཞན་ཁག་ལ་གཟིགས།